ལོ་ངོ་༡༨༠༠གོང་ནས་མངའ་རིས་སུ་ཟས་རིགས་སྣ་མང་གི་ཡོངས་ཁུངས་ཡོད་པ་ཞིབ་འཇུག་ལས་མངོན།
[ཟླ་ཚེས། 2020-06-01 20:06:32][རྩོམ་པ་པོ། མི་དམངས་དྲ་བའི་རྩོམ་སྒྲིག་པ།][རྩོམ་ཁུངས། མི་དམངས་དྲ་བའི་འཕྲིན།][ཀློག་གྲངས། ]
མི་དམངས་དྲ་བའི་འཕྲིན། ཞིན་ཧྭ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་གསལ། རང་རྒྱལ་གྱི་གནའ་རྫས་རྟོག་ཞིབ་ཞིབ་འཇུག་མི་སྣའི་ཞིབ་འཇུག་གྲུབ་འབྲས་གསར་ཤོས་ཤིག་ལས་མངོན་པར་གཞིགས་ན། ལོ་ངོ་1800ཡི་གོང་དུ“འཛམ་གླིང་ཡང་རྩེ”རུ་གྲགས་པའི་བོད་ལྗོངས་མངའ་རིས་ས་ཁུལ་གྱི་མེས་པོ་ཚོར་ཟས་རིགས་སྣ་མང་གི་ཡོང་ཁུངས་ཡོད་པ་རེད།
2012ལོ་ནས་2015ལོའི་བར། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་དང་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་ཁང་གིས་མཉམ་ལས་བྱས་ཏེ་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་གི་ཧན་ཅིན་དུས་སྐབས་ཀྱི་ཆུ་ཐར་བང་སོ་དང་སྒར་རྫོང་གི་རྒྱ་དཀར་རྩེ་བང་སོའི་གནའ་ཤུལ་ལ་གནའ་རྫས་རྟོག་ཞིབ་དང་སྔོག་འདོན་བྱས་པ་རེད། ཀྲུང་གོ་ཚན་རིག་ཁང་སློབ་ཆེན་གནའ་རྫས་རྟོག་ཞིབ་རིག་པ་དང་མིའི་རིགས་རིག་པའི་དགེ་རྒན་ཆེ་མོ་བ་དབྱང་དབྱི་མིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ལས་གཞི་ཚོགས་ཆུང་གིས་དུས་ཡུན་ལོ་གཅིག་ཙམ་རིང་ས་བབ་མཐོ་ཚད་སྨི་3700དང་སྨི་4500ཟིན་པའི་གནའ་ཤུལ་གྱི་ས་འོག་ནས་ཐོན་པའི་རྩྭ་བསླས་ཡོ་ཆས་དང་བང་སོའི་རྩིག་ཡོལ་སོགས་ཚུད་པའི་མཐོང་རྒྱུ་ཡོད་པའི་དངོས་རྫས་ལ་ཕྱོགས་བསྡུས་ཀྱི་ཚན་རྩལ་དབྱེ་ཞིབ་བྱས་རྗེས་གོང་གསལ་བསྡོམས་ཚིག་འཐོབ་པ་རེད་ཅེས་བརྗོད།
ཤེས་རྟོགས་བྱུང་བར་གཞིགས་ན། གནའ་རྫས་རྟོག་ཞིབ་ཞིབ་འཇུག་མི་སྣས་གནའ་ཤུལ་གྱི་ཤུལ་ལུས་དངོས་རྫས་ཀྱི་མ་དཔེ་ལ་དམར་ཕྱིའི་འོད་ཤལ་དང་། ཕྲ་མཐོང་CT ཐཱན་ཏན་བརྟན་བརླིང་གནས་མཐུན་རྒྱུ་སོགས་ཕྱོགས་བསྡུས་དབྱེ་ཞིབ་བྱས་རྗེས་སྡོམ་ཚིག་ཐོབ་པ་སྟེ། ཆུ་ཐར་བང་སོའི་སྐྱེ་དངོས་ཆག་བྲུལ་གྱི་མ་དཔེ་ནི་སོ་བའི་སོག་མ་དང་ཕུབ་མ་སོགས་ཡིན་པ་མ་ཟད་ནས་ཡིན་ཤས་ཆེ་བ་རེད། རྒྱ་དཀར་རྩེའི་བང་སོའི་ཤུལ་ལུས་ཟས་རིགས་ནི་འབྲས་དང་གྲོ་རིགས་ལོ་ཏོག་(གཙོ་བོ་ནས་ཡིན)ཕྱེ་མར་འཐག་རྗེས་བཟོས་པ་ཞིག་ཡིན་པ་དང་། དེའི་ནང་སོ་བ་དང་། གྲོ། འབྲས། ཁྲེ་སོགས་འབྲུ་རིགས་ལོ་ཏོག་གི་ས་བོན་འདྲེས་ཡོད།
འབྲེལ་ཡོད་ཞིབ་འཇུག་གི་གྲུབ་འབྲས་དེ་2020ལོར་སྤེལ་བའི《གནའ་རྫས་རྟོག་ཞིབ་དང་རིག་དངོས》ཞེས་པའི་དུས་དེབ་ཐེངས་དང་པོར་སྤེལ་བ་རེད། རྩོམ་ཡིག་ནང་རྒྱ་དཀར་རྩེ་བང་སོ་ནས་ཐོན་པའི་མཐོང་དཀོན་ཞིང་ཉར་ཚགས་ལེགས་ཙམ་ཡོད་པའི་སོལ་འགྱུར་ཟས་རིགས་ཀྱི་དབྱེ་ཞིབ་བྱས་འབྲས་ལ་དམིགས་ནས་བསྟན་དོན། མཉམ་བསྲེས་ཟས་རིགས་ཀྱི་ཤུལ་ལུས་ཁྲོད་སྐྱེ་དངོས་ཁག་ཅིག་ས་གནས་དེ་གའི་ཐོན་སྐྱེད་མིན་ཤས་ཆེ། དཔེར་ན་འབྲས་ནི་མཐའ་འཁོར་གྱི་ས་བབ་ཅུང་དམའ་བའི་ས་ཁུལ་དུ་འདེབས་འཛུགས་བྱས་པའམ་རྒྱ་གར་བྱང་མ(རི་བོ་ཧི་མ་ལ་ཡའི་ས་བབ་དམའ་བའི་ས་ཁུལ)ནས་ཡོང་བ་ཡིན་སྲིད། འདིས་སྐབས་དེའི་མངའ་རིས་ས་ཁུལ་གྱི་ཟས་རིགས་སྣ་མང་གི་ཡོང་ཁུངས་དང་རིག་གནས་སྤེལ་རེས་རྒྱ་ཁྱབ་ངང་བྱེད་ཀྱི་ཡོད་པ་ཤེས་ཐུབ།
ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གནའ་རྫས་རྟོག་ཞིབ་ཁང་གི་ཞིབ་འཇུག་པ་ཐུང་ཐའོ་ཡིས“ལོ1800གོང་། མཚོ་བོད་མཐོ་སྒང་གི་གནའ་རབས་ཀྱི་མེས་པོ་ཚོས་ས་གནས་དེ་གའི་རང་ཐོན་དང་། ས་ཁོངས་བརྗེ་རེས། ཉོ་ཚོང་སོགས་ཀྱི་བྱ་ཐབས་བརྒྱུད་ཟས་རིགས་སྣ་མང་གི་ཡོང་ཁུངས་དང་ཕུན་སུམ་ཚོགས་པའི་བཟའ་བཅའི་གྲུབ་ཆ་ཞིག་ཆགས་ཡོད། ཤེས་རྟོགས་གསར་པ་དེས་དེང་རབས་ཀྱི་མི་རྣམས་ཀྱིས་བོད་ལྗོངས་ཀྱི་མཐོ་ཞིང་གྲང་བ་དང་ས་བབ་མཐོ་བའི་ས་ཁུལ་དུ་འཚོ་བའི་གནའ་བོའི་མེས་པོ་ཚོའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ལ་བཟུང་བའི་ངོས་འཛིན་བསྐྱར་བཟོ་བྱ་རྒྱུ་རེད”ཅེས་བརྗོད་པ་དང་། ཞིབ་འཇུག་གྲུབ་འབྲས་འདི་བཙན་པོ་རྒྱལ་རབས་སྔོན་གྱི་བོད་ཀྱི་མེས་པོའི་སྤྱི་ཚོགས་འཚོ་བ་དང་། རིག་གནས་སྤེལ་རེས། དེ་བཞིན་གཤིན་པོ་དུར་འཇུག་གི་གོམས་སྲོལ་སོགས་ལ་སྔར་ལས་ལྷག་པའི་རྟོག་ཞིབ་བྱ་རྒྱུར་ཆ་འཕྲིན་གལ་ཆེན་མཁོ་འདོན་བྱ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།