ཉེ་ཆར་སྐྱབས་རྗེ་༧གཤེན་རིན་པོ་ཆེ་མཆོག་གིས་བཀའ་འགྱུར་པར་སྐྲུན་གྱི་ལས་དོན་ལ་སློབ་སྟོན་གལ་ཆེན་གནང་བ།
[ཟླ་ཚེས། 2020-05-22 10:03:44][རྩོམ་པ་པོ། རྟོགས་ལྡན་བསྐལ་ཁོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་གཤེན་གྱི་གདུང་འཛིན་ཆེན་པོ་༧རྒྱལ་བ་གཤེན་སྲས་ནོར་བུ་དབང་གི་རྒྱལ་པོ་རིན་པོ་ཆེ།

༧སྐྱབས་རྗེ་རྒྱལ་བ་༧གཤེན་སྲས་ནོར་བུ་དབང་གི་རྒྱལ་པོ་རིན་པོ་ཆེ་མཆོག་དང་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་༧རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་དང་རྒྱུན་ལས་ཚོགས་གཞོན་ཤར་རྫའི་༧མཁན་ཆེན་རིག་འཛིན་དབང་རྒྱལ་མཆོག

༧སྐྱབས་རྗེ་རྒྱལ་བ་གཤེན་སྲས་རིན་པོ་ཆེ་མཆོག་དང་ཚོགས་གཙོ་རྩེ་ཞིག་ཚང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་ཨ་སྔགས་ཚེ་རིང་བཀྲ་ཤིས་སོགས་འབྲེལ་ཡོད་རྣམ་པ།
སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་གཉིས་ཟུང་འབྲེལ་གྱི་སྒོ་ནས་༧ སྐྱབས་རྗེ་མཁན་སློབ་གཤེན་གསུམ་གྱི་དགོངས་པ་སྤྱི་དང་ལྷག་དོན་སྐྱབས་རྗེ་གཤེན་རིན་པོ་ཆེའི་སྐུ་དངོས་ཀྱིས་མཛུབ་ཁྲིད་གནང་བའི་འོག་ཏུ།

སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་བཅོས་བསྒྱུར་ལས་གཞིའི་མཛོད་ཀྱི་རྣམ་གྲངས་༼ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོའི་༽དཔེ་བསྡུར་སྒྲིག་ཞུ་ཁང་གི་ལས་གཞིའི་སྒོ་བྱང་།
ཀྲུང་ཧཱའི་བཀའ་བསྟན་ཆེན་མོ་ལས་༼སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་༽པར་སྐྲུན་སྒྲིག་ཞུའི་ལས་ཀའི་བྱ་བ་མཇུག་སྒྲིལ་ལ་ཉེ་བའི་སྐབས་ཏེ། 2020/5/18 ཉིན་གྲོང་ཁྱེར་སྤོས་ལྡན་དུ་གོང་ས་ ༧ གཤེན་རིན་པོ་ཆེ་ནོར་བུ་དབང་རྒྱལ་མཆོག་གི་ཞབས་དང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ། རྒྱུན་ལས་ཚོགས་གཙོ་གཞོན་པ་ཤར་རྫའི་མཁན་པོ་རིག་འཛིན་དབང་རྒྱལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ་ཨ་སྔགས་ཚེ་རིང་བཀྲ་ཤིས། གཞན་ཡང་འབྲེལ་ཡོད་མི་སྣ་སྐོར་ཞིག་བཅས་ལྷན་འཛོམས་ཀྱིས་མཇུག་མཐའི་ལས་དོན་སྐོར་ལ་གྲོས་མོལ་བྱས་ཤིང་གཏན་ཁེལ་བྱུང་།
སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་དབུ་ཁྲིད་ཨ་སྔགས་ཚེ་རིང་བཀྲ་ཤིས་ལགས་ནས་༧སྐྱབས་རྗེ་གཤེན་སྲས་རིན་པོ་ཆེ་མཆོག་ལ་བཀའ་འགྱུར་ལས་དོན་སྐོར་ལ་སྙན་གསན་ཕུལ་བཞིན་པ།


ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོའི་དཀར་ཆག་དང་འབྲེལ་བའི་བགྲོ་གླེང་གནང་བཞིན་པའི་ཟུར་ཞིག
2020/5/21ཉིན་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོན་དང་བཀའ་འགྱུར་དཀར་ཆག་སྒྲིག་ཞུ་ཚན་ཁག་གི་གཙོ་འགན་པ་སེང་གེ་སྤྲུལ་སྐུ་རིག་འཛིན་ཉི་མས་རྩ་འཛུགས་བཞིན་གོང་བཞུགས་ཀྱི་མི་སྣ་རྣམས་ལྷན་འཛོམས་ཀྱིས་བཀའ་འགྱུར་གྱི་དཀར་ཆག་སྒྲིག་ཞུའི་ལས་ཀའི་རིམ་པ་སྙན་ཞུ་བྱས་ཤིང་།
ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོའི་དཀར་ཆག་དང་འབྲེལ་བའི་བགྲོ་གླེང་གནང་བཞིན་པའི་ཟུར་ཞིག
ཐག་གཅོད་དཀའ་བ་སྐོར་ཞིག་གི་སྐོར་ཐེར་འདོན་གྱིས་ཁོང་རྣམ་པར་རིམ་པ་བཞིན་ཡར་ཞུ་བྱས་པ་ལ། ཁོང་རྣམ་པས་ཀྱང་རེ་རེ་བཞིན་ཐུགས་གྲོས་གང་མང་གནང་ནས་མཇུག་མཐར་དཀར་ཆག་སྒྲིག་ཞུ་ཚན་ཆུང་གིས་གཏན་འཁེལ་བྱ་དགོས་པ་སོགས་ནན་གྱིས་བསྟན་ཞིང་། མཇུག་མཐར་ཚང་མས་མཁྱེན་རྒྱ་ཡངས་པའི་དགེ་བའི་བཤེས་གཉེན་བརྒྱད་ཅུ་ལྷག་གིས་གྲུབ་པའི་རླབས་ཆེན་གྱི་ལས་དོན་འདི། དུས་ལྟར་འགྲུབ་དགོས་པ་ལ་རེ་ཞུ་དང་འབོད་བསྐུལ་ཞུས་པ་བཅས་སོ།།