​༧གྲུབ་ཆེན་བླ་མའི་གདུང་མཆོད་ཀྱི་དངོས་གཞི་རིམ་པའི་གནས་བསྡུས།

[ཟླ་ཚེས། 2020-04-29 21:38:08][རྩོམ་པ་པོ། གདུང་མཆོད་ལས་སྒྲུབ་ཚན་ཆུང་།][རྩོམ་ཁུངས། གཡུང་དྲུང་བོན་བྱ་བཏང་བཙུན་མའི་བཤད་སྒྲུབ་སློབ་གླིང་གི་འཕྲིན་སྟེགས།][ཀློག་གྲངས། ]

   རྒྱུད་ལས། བསྙེན་པའི་གཞི་མ་སྒོ་དགུས་ཁོག་དབུབ་ཅིང་།། སྒྲུབ་པའི་ཡན་ལག་བཅོ་བརྒྱད་གཞུང་ཡང་བསྲང་།། ལས་ཀྱི་མཐར་བསྒྱུར་མཆོང་ཆེན་དགུ་རུ་བསྟན།། ཅེས་པ་ལྟར། མི་ཟས་ཀུན་སྤངས་པ་ཆེན་མོ་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་རིན་པོ་ཆེའི་གདུང་མཆོད་ལས་བཞི་རྒྱུན་ལྔའི་སྦྱིན་སྲེག་གི་བསྙེན་པའི་རིམ་པ་རྣམས་སྤྱན་འབུལ་སྔོན་དུ་ཞུས་ནས་སྐབས་འདིར་སྒྲུབ་པའི་ཡན་ལག་བཅོ་བརྒྱད་དང་། ལས་ཀྱི་མཐའ་བསྒྱུར་མཆོང་ཆེན་སྡེ་དགུ་རྣམས་རིན་པོ་ཆེ་མཆོག་གི་དད་འབངས་ཡོངས་ཀྱི་ཐུགས་ཡིད་ཚིམས་ཤིང་མྱ་ངན་གྱི་གདུང་བ་ཞི་བའི་ཆེད་དུ་སྤྱན་འབུལ་ཉུང་ཙམ་ཞུ་བ་ལ་མོས་སོ།། དེ་ཡང་ཚེས་ཉེར་གཉིས་ནས་བར་མཚམས་དོན་གྱི་སྒྲུབ་པ་ལ་ཞུགས་ཤིང་སྒྲུབ་གཤེན་རྣམས་བོད་ལྗོངས་མཚོ་སྔོན་སི་ཁྲོན་སོགས་ནས་ས་ཐག་རིང་ས་ནས་སེམས་ཐག་ཉེ་སར་རྩིས་ཏེ་མ་བསྐུལ་དང་བླངས་ཀྱིས་རྩ་བའི་བླ་མའི་གདུང་མཆོད་ལ་ཆེད་ཕེབས་གནང་བའི་མཆོད་སྦྱིན་ཆེན་མོའི་མེ་སྤར་བ་ཤར་རྫའི་མཁན་ཆེན་དམ་པ་རིག་འཛིན་དབང་རྒྱལ་རིན་པོ་ཆེ་དང་། དབུ་བཞུགས་བླ་མ་གཙུག་ཕུད་རིན་པོ་ཆེ། དབུ་བཞུགས་བླ་མ་ཡེ་ཤེས་ཉི་མ་རིན་པོ་ཆེ། དབུ་བཞུགས་བླ་མ་ཡེ་ཤེས་ཐབས་མཁས་རིན་པོ་ཆེ། དབུ་བཞུགས་བླ་མ་སྤྲུལ་སྐུ་ཀུན་བཟང་བློ་གསལ་རིན་པོ་ཆེ། དེ་མིན་དཔལ་ལྡན་གོང་རྒྱལ་དགོན་པའི་དབུ་བླ་གཡུང་དྲུང་བློ་གསལ་མཆོག་བཅས་ཀྱིས་མཚོན་པའི་གྲལ་འཛིན་པ་བླ་སྤྲུལ་སུམ་བཅུ་ལྷག་དང་ཇོ་སེར་སུམ་བརྒྱ་ལྷག་གིས་བསམ་སྦྱོར་རྣམ་པ་དག་པའི་སྒོ་ནས་མཆོད་སྦྱིན་ཆེན་མོའི་དཀྱིལ་འཁོར་གཞི་ཡི་སྒྱུབ་པ་དྲུག་དང་། ངོ་མཚར་ལམ་གྱི་སྒྲུབ་པ་དྲུག མཐར་ཕྱིན་འབྲས་བུའི་སྒྲུབ་པ་དྲུག་སོགས་ལ་ལུང་བཞིན་འཇུག སྒྲུབ་པ་ཉིན་བདུན་གྱི་དགོང་མོར་བླ་མ་མཆོག་གི་ཐུགས་རྗེ་ལ་བརྟེན་ནས་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ཡེ་ཤེས་ཀྱི་སྤྱན་དབྱེ་བའི་ཆེད་དུ་མཚན་མཆོད་ཆེན་མོ་མར་མེའི་སྣོད་སྟོང་གསུམ་གྱི་ཁམས། བཅུད་རིགས་དྲུག་སེམས་ཅན་གྱི་གྲངས། འོད་ནམ་མཁའ་མཐའ་དང་མཉམ་པ་ཙམ་དུ་བསྐྱེད་ལ་ཞེས་པ་ལྟར་རི་ཁྲོད་ཀྱི་གླིང་བར་ནང་དུ་གཙང་སྦྲ་ལེགས་པར་བྱས་ནས་རྩ་བའི་བླ་མའི་མཚན་མཆོག་གིས་མཚོན་པའི་མཆོད་པ་རྣམ་ལྔ་དང་རྟགས་བརྒྱད་སོགས་མཆོད་རྫས་ཀྱི་རྣམ་པར་མང་དུ་བཤམས་ཏེ་མར་མེ་འབུམ་མཆོད་གཉིས་ཙམ་སྤར་ནས། དཔོན་གཡོག་འཁོར་དང་བཅས་པས་འདུལ་བ་རིན་པོ་ཆེས་འགྲོ་མགོན་མཆོག་གི་གདུང་མདུན་ནས་གསུངས་པའི་བླ་མའི་མཆོད་པ་དང་གྲུབ་ཆེན་བླ་མའི་བླ་མ་རྒྱང་འབོད་སོགས་གདུང་བའི་དབྱངས་སུ་གྱེར། མཆོད་མེ་ཕྱག་ཏུ་བསྣམས་ཏེ་སྐོར་བ་བྱས་པ་སོགས་མཚན་མཆོད་རྒྱས་པར་ཕུལ།  མཆོད་སྦྱིན་ཆེན་མོ་ཉིན་དགུ་པ་ཉིན་མོ་སྐུ་གདུང་རིན་པོ་ཆེ་སེར་ཕྲེང་གིས་སྣ་དྲངས་ཏེ་གདུང་ཁང་གཡུང་དྲུང་བཀོད་ལེགས་མཆོད་རྟེན་དུ་བཞུགས་སུ་གསོལ།
   དེ་ནས་བླ་སྤྲུལ་ཇོ་སེར་ལྔ་བརྒྱ་ལྷག་དང་གྲོང་པ་ཕོ་མོ་ཁྲི་ཕྲག་འགས་གསོལ་འདེབས་དང་སྨོན་ལམ་བཅས་སྐུ་གདུང་མཐོང་གྲོལ་རིན་པོ་ཆེ་མཇལ་ཁ་ཞུས། དེ་ནས་གདུང་ཀློང་གཉིས་དང་ལས་བཞི་རྒྱུན་ལྔའི་གཞུང་བཞིན་མེ་སྤར་ནས་བཟུང་སྟེ་སྐུ་གདུང་རིན་པོ་ཆེ་ཞུགས་ལ་ཕུལ། དེ་ཡང་ལུང་ལས། སྒྲ་དང་འོད་དང་ས་གཡོས་པས།། འགྲོ་བའི་སྣང་བ་འགྱུར་བྱེད་ཅིང་།། མཐོང་གྲོལ་ཐོས་གྲོལ་དྲན་གྲོལ་གྱིས།། སེམས་ཅན་དོན་ཀྱང་མཐའ་ཡས་ཤོག། གསུངས་པ་ནང་བཞིན་རིན་པོ་ཆེའི་ཐུགས་སྨོན་གྱི་མཐའ་བཙན་ཏེ། མཁའ་ལ་འཇའ་འོད་འཕྲོས་པ་དང་། མ་སྲིང་མཁའ་འགྲོའི་བསུ་མའི་ཚུལ་དུ་བྱ་རྒོད་ཀྱིས་གདུང་ཁང་ལ་སྐོར་བ་བྱེད་པ། ལ་ལས་ཉི་མ་གསུམ་ཙམ་མཇལ་བ། ལ་ལས་གནམ་སྟོང་ཉིན་མོར་ཟླ་བ་མཇལ་བ་སོགས་ངོ་མཚར་ཆེ་བའི་རྟགས་མཚན་གཅིག་གིས་གཅིག་ལ་འགྲན་པའི་ཚུལ་དུ་བསམ་གྱིས་མི་ཁྱབ་པར་ཤར་བ་མཇལ་བ་སོགས་བརྗོད་ཀྱིས་མི་ལོངས་པའི་དད་པའི་སྤུ་ལངས་གཡོ་བར་བྱས་སོ།། 
   མཆོད་སྦྱིན་ཆེན་མོ་ཉིན་བཅུ་པའི་སྔ་དྲོ་ཀློང་རྒྱས་དང་ལས་བཞི་སྦྱིན་བསྲེག་སྔར་བཞིན་འཕྲོ་སྐྱོངས་ཤིང་ཕྱི་དྲོར་སྒྲུབ་གཤེན་རྣམས་རང་རང་གིས་ཆས་གོས་ལེགས་པར་སྤྲས་ལ་སྨོན་ལམ་ཤིང་རིང་རྣམས་སྒྲུབ་གཤེན་རྣམས་ཀྱིས་སེར་ཕྲེང་གི་གདན་དྲངས་ཏེ་དྲི་མཆོད་སྨོན་ལམ་ཆེན་མོ་གྲ་རྒྱས་པོར་བླུགས། མཆོད་སྦྱིན་ཆེན་མོ་ཉིན་བཅུ་གཅིག་ཉིན་སྨད་ཆོག་ནས་བཀྲ་ཤིས་གཤེགས་གསོལ་བསྔོ་བ་སྨོན་ལམ་རྒྱས་འབུལ་གྱིས་མཆོད་སྦྱིན་ཆེན་མོའི་མཇུག་བསྐྱངས། དེ་ནས་རི་ཁྲོད་ཀྱི་དབུ་ཁྲིད་པ་བླ་མ་ཁྲི་གཙུག་རྒྱལ་མཚན་མཆོག་གིས་འབུལ་ཞུས་རྒྱས་སྤྲས་དང་བཅས་བླ་སྤྲུལ་ཇོ་སེར་ཡོངས་ལ་མཆོད་འབུལ་གང་ལེགས་ཞུས་ཏེ་གདུང་མཆོད་ཆེན་མོའི་མཇུག་ལེགས་པར་གྲུབ་པའོ།།
​༧ གྲུབ་ཆེན་བླ་མའི་གདུང་མཆོད་ཀྱི་དངོས་གཞི་རིམ་པའི་གནས་བསྡུས་གཡུང་དྲུང་བོན་བྱ་བཏང་བཙུན་མའི་བཤད་སྒྲུབ་སློབ་གླིང་གི་འཕྲིན་སྟེགས་ལ་གཟིགས་པར་འཚལ།
འོག་གི་པར་རིས་སྣོན་རོགས།
ཞེས་ཁམས་ཉག་ཤོད་བྱ་བཏང་རི་ཁྲོད་གདུང་མཆོད་ལས་སྒྲུབ་ཚན་ཆུང་ནས། སྤྱི་ལོ༢༠༢༠ལོའི་ཟླ་བ༤པའི་ཚེས༢༩ཉིན་སྤེལ།
 
 
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།