ཁམས་ལི་ཐང་འགྲོ་མགོན་གཡུང་དྲུང་བདུད་འདུལ་གླིང་ནས་གྲུབ་ཆེན་རིན་པོ་ཆེ་མཆོག་གི་གདུང་མཆོད་ཕུལ་བ།

[ཟླ་ཚེས། 2020-03-30 22:03:44][རྩོམ་པ་པོ། ལི་བློ་གསལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


ཁམས་ལི་ཐང་འགྲོ་མགོན་གཡུང་དྲུང་བདུད་འདུལ་གླིང་ནས་གྲུབ་ཆེན་རིན་པོ་ཆེ་མཆོག་གི་གདུང་མཆོད་ཕུལ་བ།

  ངེས་དོན་རྫོགས་པ་ཆེན་པོའི་རྣལ་འབྱོར་བ་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་རིན་པོ་ཆེ་མཆོག་ཉིད། གདུལ་བྱ་རྟག་འཛིན་ཅན་རྣམས་སུན་དབྱུང་ཕྱིར་རེ་ཞིག་མི་རྟག་པའི་ཚུལ་བསྟན་ཏེ། མཚན་བཅས་གཟུགས་སྐུའི་བཀོད་པ་མཚན་མེད་བོན་ཉིད་ཀྱི་དབྱིངས་སུ་བསྡུས་པའི་གནས་ཚུལ་ཐོས་པས་མགོན་པོ་གོང་གི་སྐྱབས་འོག་ཏུ་ཚུད་པའི་ངེད་ཅག་འགྲོ་མགོན་གཡུང་དྲུང་བདུད་འདུལ་གླིང་གི་འདུས་སྤྱི་ནས་མྱ་ངན་གདུང་མཆོད་འབུལ་རྒྱུའི་དབུ་འཛུགས་ཏེ།

  འགྲོ་མགོན་དགོན་པའི་གསས་ཁང་ཆེན་མོའི་ནང་དུ་གཅན་ལྔ་རིན་ཆེན་བཏེགས་པའི་ཁྲི་ལ་ངེས་པ་དོན་གྱི་རྣལ་འབྱོར་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་རིན་པོ་ཆེ་མཆོག་གི་སྐུ་པར་མཐོང་བ་རང་གྲོལ་ལེགས་པར་བཀོད་ནས་དེའི་མདུན་དུ་སྐུ་གསུང་ཐུགས་རྟེན། མནྜལ། རྣམ་ལྔ། ཚོགས་འཁོར་སོགས་མཆོད་སྤྲིན་ལེགས་པ་བཤམས་ཏེ་འགྲོ་མགོན་དགོན་པའི་འདུས་སྤྱི་ནས་ཕྱི་ལོ་༢༠༢༠།༠༢།༢༢།ནས་ཚེས་༢༨བར་ཉིན་བདུན་གྱི་རིང་ལ་བླ་ཆེན་དྲན་པའི་ཚོགས་འཁོར་རྒྱས་འབུལ་དང་། ཚེས་༢༩ ཉིན་རྫོགས་པ་ཆེན་པོ་སྐུ་གསུམ་རང་ཤར་གྱི་བརྒྱུད་པ་རྐང་ཐོན་ལྟར་ཚོགས་མཆོད་རྒྱས་འབུལ་དང་། གྲུབ་ཆེན་རིན་པོ་ཆེ་མཆོག་གི་གསོལ་འདེབས་དབྱངས་ལ་གྱེར་བ་དང་། སྨོན་ལམ་ལས་སོགས་དངོས་འབྱོར་གྱི་ཚོགས་བསགས་རྒྱ་ཆེན་པོ་བསྒྲུབས་ཏེ། གྲུབ་ཆེན་རིན་པོ་མཆོག་གི་མཛད་བཟང་ལ་རྗེས་དྲན་གདུང་མཆོད་རྒྱས་པ་སྤེལ་བ་དང་།

  བླ་གྲྭ་དང་ལྷ་སྡེ་སོ་སོས་སྒེར་ནས་གཟིམས་ཤག་དང་རང་ཁྱིམ་དུ་རྣམ་ལྔའི་མཆོད་པ་སོགས་བཤམས་ནས་གསོལ་འདེབས་སྨོན་ལམ་བཅས་དགེ་སྒྲུབ་ཅི་འབྱོར་བྱས་པ་མ་ཚད་ལྷ་སྡེ་ཡོངས་ནས་སྲོག་བླུ་ཚེ་ཐར་གཏོང་བ་སོགས་རྣམ་དཀར་དགེ་བའི་ཕྱོགས་ལ་བརྩོན་ཞིང་མཐར་བསྔོ་བ་སྨོན་ལམ་གྱི་རྒྱས་གདབ་སྟེ་གདུང་མཆོད་ཕུལ་བ་ལགས་ན། དགེ་དེས་ཁམས་གསུམ་སྐྱེ་འགྲོ་ཡོངས་ཀྱིས་ཕྱི་འཇིག་རྟེན་གྱི་བྱ་བ་དགོས་མེད་རང་སར་དག་ནས་འཁོར་བ་ལ་བློ་ལྡོག ནང་ཉམས་ལེན་གྱི་རིག་པ་ཤུགས་འབྱུང་རང་སར་གྲོལ་ནས་སྣང་བ་གྲོགས་སུ་འཆར། བར་བཟུང་འཛིན་གཉིས་མེད་ཀྱི་རང་རིག་མངོན་དུ་གྱུར་ནས་གནས་ལུགས་འགྱུར་མེད་གདེང་ཆེན་ཁོང་དུ་ཆུད་དེ་རྫོགས་པ་ཆེན་པོའི་ངང་ལ་སངས་རྒྱས་པ་གྱུར་ཅིག་ཅེས་གནས་བསྡུས་སུ་ཕྱི་ལོ་༢༠༢༠།༠༣།༣༠།ཉིན་ལི་བློ་གསལ་གྱིས་སྤེལ་བ་དགེ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།