གྲུབ་རྗེ་རིན་པོ་ཆེ་ཞིང་དུ་གཤེགས་པར་སྟག་ཞིག་དགོན་གྱིས་དགོངས་རྫོགས་མཆོད་འབུལ་ཞུས།
[ཟླ་ཚེས། 2020-03-12 11:51:31][རྩོམ་པ་པོ། གོ་སྒྲིག་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
༧གྲུབ་རྗེ་རིན་པོ་ཆེ་ཞིང་དུ་གཤེགས་པར་སྟག་ཞིག་དགོན་གྱིས་དགོངས་རྫོགས་མཆོད་འབུལ་ཞུས།
ད་ལན་ཡིད་ཕངས་པའི་གནས་ཚུལ་ཞིག་ལ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་འགྲོ་སྤྱི་དང་བྱེ་བྲག་ལ་བཀའ་དྲིན་གཞལ་ཟླ་བྲལ་བ་རྩ་བའི་བླ་མ་གྲུབ་རྗེ་རིན་པོ་ཆེའི་དགོངས་པ་བོན་དབྱིངས་སུ་གཤེགས་པ་ནི་ང་ཚོ་བོན་འབངས་ཡོངས་ལ་བསུབ་ཐབས་བྲལ་བའི་གྱོང་གུད་ཚབས་ཆེན་ཞིག་ལགས། མདོ་ཁམས་ཕྱོགས་ལྟ་བུའི་ངོས་ཐད་ནས་ཀྱང་དཔལ་ཤར་རྫའི་བཤད་སྒྲུབ་བསྐྱར་གསོ་གནང་ནས་བོན་གྱི་གྲྭ་བཙུན་རིས་སུ་མ་ཆད་པ་ལ་ཐོས་བསམ་སློབ་གཉེར་སྒོམ་སྒྲུབ་ཉམས་ལེན་གནང་སའི་གནས་གཞི་བརྟན་པོ་ཞིག་ཚུགས་ཡོད་པ་དང་། ཉག་རོང་བྱ་བཏང་རི་ཁྲོད་ཕྱག་བཏབ་ནས་གཤེན་བསྟན་རིང་ལུགས་འཛིན་པའི་ཕྱོགས་ཀྱི་བཙུན་མ་མགོན་མེད་དྭ་བུ་ལུས་པ་ཀུན་ལ་གཤེན་སྡེ་བཙུན་མའི་དགེ་གྲོང་ཉམས་དགའི་དཔལ་ལ་རོལ་ཆོག་པ་འདིས་མཚོན། ཕྱོགས་མཐའ་བོན་གྱི་སྡེ་དགོན་འཁོས་ཞན་གང་ཡོད་ལ་བརྩེ་བའི་སྤྱན་གྱིས་གཟིགས་རྒྱང་རིང་པོས་ཞབས་སོར་མ་འཁོད་ས་དང་། གང་འདུལ་དེ་སྟོན་གྱི་རོགས་རམ་རྒྱབ་སྐྱོར་མ་གནང་ས་མེད་པར་མཛད་ནས་རྟེན་བཞེངས་ཀྱི་རྨང་འདིང་གྲོས་འདོན་མཛད་པ། ཨ་དཀར་བུམ་སྒྲུབ་སོགས་སྔར་མེད་ཀྱི་དུས་མཆོད་གསར་འཛུགས་གནང་བ། དད་ལྡན་མང་ཚོགས་ལ་སྔོན་འགྲོ་དངོས་གཞི་སོགས་ཁྲིད་ལུང་དབང་གསུམ་གྱིས་དགེ་བའི་སྒོ་ལ་སྦྱར་བ་སོགས་བསམ་གྱིས་མི་ཁྱབ་པའི་མཛད་འཕྲིན་བསྐྱངས་པ་དང་། ང་ཚོ་སྟག་ཞིག་དགོན་དུ་སྔ་ཕྱི་རིམ་པ་མཐར་ཆགས་སུ་ཞབས་སོར་བཀོད་ཅིང་གང་འདུལ་དེ་སྟོན་གྱི་རོགས་རམ་རྒྱབ་སྐྱོར་གནང་པ་བསམ་གྱིས་མི་ཁྱབ།
ད་ལན་བཀའ་དྲིན་རྗེས་དྲན་དང་གདུང་སེམས་མཉམ་བསྐྱེད་རང་རང་སོ་སོ་ལ་ཚོགས་བསགས་དང་དམ་པ་ཉིད་ཀྱི་ཐུགས་དགོངས་རྫོགས་པའི་ཕྱིར་དུ་བོད་ལྕགས་བྱི་ལོའི་ཟླ་བ་དང་པོའི་ཚེས་བཅུ་དྲུག་ཉིན་སྟག་ཞིག་དགོན་གྱི་བླ་གྲྭ་རྒྱས་འཛོམས་ཐོག་རྫོགས་པ་ཆེན་པོ་སྐུ་གསུམ་རང་ཤར་གྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་ཚོགས་མཆོད་ཕུལ་བ་དང་། ལྷ་སྡེ་མི་དམངས་ལ་སྡིག་སྤངས་དགེ་སྒྲུབ་དགེ་རྩ་ཁས་ལེན་གྱི་སྐུལ་མ་ཞུས་པའི་དགེ་རྩ་འདིས་རྩ་བའི་བླ་མ་དམ་པའི་དྲུང་ནས་སོ་བྱང་སྔགས་གསུམ་གྱི་བསླབ་སྡོམ་དབང་བཞི་ཞུས་པ་ལ་ཉམ་ལྟུང་ཉེས་ཕམ་འགལ་འཁྲུལ་བྱུང་ཚད་སོལ་ཁུ་ཆུ་ཡིས་བཤལ་བ་འམ་སྨུག་པ་རླུང་གིས་གཏོར་བར་ལྟར་གྱུར་ནས་སྒྲིབ་གཉིས་བྱང་ཚོགས་གཉིས་རྫོགས་ཏེ་གྲུབ་རྗེ་རིན་པོ་ཆེའི་ཐུགས་དགོངས་བོན་ཉིད་ཀློང་དང་རོ་མཉམ་རྟག་ཁྱབ་ལྷུན་གྱིས་གྲུབ་པའི་གདོད་མ་གཞི་ཡི་དབྱིངས་སུ་ཚོམ་བུ་ཡུག་ཅིག་ཏུ་གྲོལ་བར་མཁྱེན་མཁྱེན།
སྟག་ཞིག་དགོན་ལས་འཛིན་ཐུན་མོང་ནས་རབ་རྒྱན་ལྕགས་བྱི་ལོའི་ཟླ་བ་༡ཚེས་༡༧ཉིན་ཕུལ།