ལྷད་མེད་སེམས་ཀྱི་རེ་བཅོལ།

[ཟླ་ཚེས། 2020-02-16 15:08:00][རྩོམ་པ་པོ། རག་ཤི་ཀུན་གསལ་སྙིང་པོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  ཆེས་གུས་པ་འོས་པའི་འཛམ་གླིང་གོ་ལའི་ཐོག་བཞུགས་གནང་བའི་སྙིང་གི་བརྩེ་བའི་གྲོགས་པོ་རྣམ་པ་དང་།

  བློ་མཐུན་རྣམ་པ་ཚང་མ་འཚམ་འདྲི་བཀྲ་ཤིས་བདེ་ལེགས་ཞུ།

གོ་ལའི་ཁྱོན་འདིར་དིར་དིར་གྲགས་པའི་མེས་པོའི་རྒྱལ་ཁབ་མངའ་ཐང་ཆེ།།

གོ་གནས་ཙམ་ལ་གཙོ་གཉེར་མིན་པའི་སྤྱི་ཁྱབ་ཧྲུའུ་ཅིའི་མཛད་བཟང་ལེགས།།

གོ་ཆོད་དུས་སུ་དཔའ་བོའི་མཚན་བཟང་སྙན་པའི་གྲགས་པ་ཕྱོགས་ཀུན་ཁྱབ།།

གོ་རིམ་བཞིན་དུ་རྒྱབ་སྐྱོར་གནང་མཛད་གུས་པས་སྙིང་ནས་གུས་འདུད་ཞུ།།

  ད་ལམ་སྐབས་སུ་བབས་པའི་བརྗོད་བྱ་གཙོ་བོ་ད་ཆར་རང་རེའི་རྒྱལ་ཁབ་འདིར་སྤྱི་ཚོགས་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། རིག་གནས་གོང་འཕེལ། དཔལ་འབྱོར་ཡར་རྒྱས་སོགས་འཕེལ་རྒྱས་འགྲོ་བཞིན་པའི་སྐབས་དང་། ལྷག་པར་དུ་བོད་ལ་ཞི་བའི་བཅིང་འགྲོལ་གཏོང་ནས་ཞིང་བྲན་ཁྲི་ཚོ་བརྒྱ་ཡར་ལོངས་བཅིང་འགྲོལ་ཐོབ་པ་དང་། མ་ཚད་བསྒྱུར་བཅོས་སྒོ་དབྱེ་སོགས་ཀྱི་ཀྲུང་དབྱང་གིས་བོད་ལ་ཚད་མཐོའི་ལྟ་རྟོག་དང་གཟིགས་སྐྱོང་སྲིད་ཇུས་བཟང་པོ་བཅས་ཀྱི་བཀའ་དྲིན་དང་སྟོབས་ཤུགས་ཉག་གཅིག་ལས་བྱུང་བའི་བདེ་སྐྱིད་ཀྱི་འཚོ་བ་ལོངས་སུ་སྤྱོད་ཅིང་འབྱོར་འབྲིང་གི་སྤྱི་ཚོགས་དངོས་འབྱོར་རྒྱལ་ཁ་ཐོབ་པའི་སྐབས་སུ། ད་ཆར་འདི་ལོར་ཟླ་བ་ ༡ པའི་ཚེས་ ༢༧ ཉིན་གསར་དུ་ཐོན་པའི་ཏོག་དབྱིབས་གློ་ཚད་ཀྱི་རིམས་ནད་ངན་པ་འདིས་རང་རྒྱལ་ལ་རྒོལ་ངན་གྱི་གནོད་འཚེ་བྱེད་བཞིན་པའི་ནད་དུག་འདི་ལ་བྱ་ཐབས་སྣ་ཚོགས་ཀྱིས་སྒོ་ནས་རྣམ་པར་རྒྱལ་བར་བྱ་དགོས་པས་དེ་དོན་མངོན་འགོག་ཐད་འབོད་བསྐུལ་ཞུ་གི་ཡིན།

  དེ་དག་བརྗོད་པར་བྱེད་པ་ལ་ཞིབ་ཕྲའི་གོང་རིམ་དྲུག་གི་ཐོག་ནས་བཤད་རྒྱུ་ཡིན། ༡༽ དོན་དངོས་ཀྱི་ལོ་རྒྱུས་བཤད་རྒྱུ། ༢༽རྒྱལ་ཁབ་ཀྱི་སྲིད་ཇུས་མཐུན་པར་བཤད་རྒྱུ། ༣ ༽ གསོ་རིགས་སྨན་རྒྱུད་མཁས་པའི་སྨན་པ་མཁས་དབང་རྣམས་ཀྱིས་ལག་བསྟར་ཉམས་མྱོང་ལྟར་བཤད་རྒྱུ། ༤༽ དིང་དུས་ཚན་རིག་གི་ལྟ་བ་མཐུན་པར་བཤད་རྒྱུ། ༥༽ ནང་ཆོས་རིག་པའི་མན་ངག་དང་མཐུན་པར་བཤད་རྒྱུ། ༦༽ད་ཆར་འཕྲད་པའི་དཀའ་ཁག་སེལ་ཐབས་འབད་རྒྱུ་དང་དྲུག་གི་ཐོག་ནས་བཤད་རྒྱུ་ཡིན།

  ༼གོ་རིམ་དང་པོ་༽དོན་དངོས་ཀྱི་ལོ་རྒྱུས་ལྟར་བཤད་རྒྱུར། དེ་ལའང་ཏོག་དབྱིབས་ནད་དུག་བྱུང་ས། བྱུང་ལུགས་གཉིས་ཀྱི་ཐོག་ནས་ངོ་སྤྲོད་བྱེད་རྒྱུ། དང་པོ་བྱུང་ས་ནི། རྒྱ་ནག་ཧོ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་ནས་བྱུང་འདུག གཉིས་པ་བྱུང་ལུགས་ནི་སྲོག་ཆགས་ཕ་ཝང་ཨ་སྐེའི་བརྒྱུད་ནས་བྱུང་འདུག རྒྱུ་མཚན་ནི་སྲོག་ཆགས་དེ་དག་མང་པོ་བསད་ནས་ཤ་ཁྲག་ཟོས་པ་དང་རག་ཐུག་བྱས་པའི་རྒྱུ་རྐྱེན་ལས་ཏོག་དབྱིབས་ནད་དུག་ངན་པ་འདི་བྱུང་བ་རེད། མ་གཞི་བྱས་ན་རྣམ་མཁྱེན་སངས་རྒྱས་ཀྱི་སྔ་རབས་ནས་དགོངས་ནས་དཔྱད་གཞི་ངོ་མཚར་ཆེན་པོ་གསུངས་འདུག དཔེར་ན་ཀོང་རྩེ་འཕྲུལ་རྒྱལ་གསུངས་པའི་བོན་དཔེ་ལས། ཕ་ཝང་རྒས་པོ་ཞལ་ན་རེ། ང་མ་བུ་མ་བསད་མ་བཅད་དོ།། བསད་ན་ཤི་ཁོག་སྐྱ་བོ་ཡིན།། མགོ་ནག་མྱི་ལ་ན་ཚ་ཡོད།།སེམས་ཅན་ཕྱུགས་ལ་གོད་ཁ་ཡོད།། གནམ་ལ་ཆར་ཆུ་འབབ་མི་ཉན།། ཞེས་དང་། ཁུ་ཚུར་བུམ་པ་ལས། བྱ་རྣམས་ཤ་ལ་དུག་ཡོད་མ་བྱུང་ན། ཤ་ལོག་སྐྱེས་ན་དུག་གཞན་ལྡང་བར་བྱེད། ཅེས་སོགས་གསུངས་པས་ང་ཚོའི་ཆོས་ལུགས་ལ་ཡིད་ཆེས་དགོས་ས་རེད། ཆོས་ལུགས་ལྟར་ན་སྲོག་བཅོད་སོགས་སྡིག་པ་མི་དགེ་བ་བཅུ་བསྒྲུབས་པའི་རྒྱུ་འབྲས་ལས་བྱུང་བ་རེད། སྟོན་པ་གཤེན་རབ་ཞལ་ནས། ཅི་ཙམ་དཀར་པོའི་ལས་ལ་དད་པ་ཡི།། དེ་ཙམ་བདེ་སྐྱིད་དཔལ་དང་འབྱོར་བ་ཐོབ།། ཅི་ཙམ་ནག་པོའི་སྡིག་ལ་དད་པ་ཡི།། དེ་ཙམ་སྡུག་བསྔལ་ཉོན་མོངས་ཉམས་སུ་མྱོང་།། ཞེས་དང་། སྡེ་སྣོད་མཛོད་ལས། སྡུག་བསྔལ་མཆིས་སོ་ཅོག་ཀུན་མི་དགེའི་ལས། ཞེས་དང་། རྒྱུད་ལས། རྒྱུ་དེ་སྡིག་པ་སྔོན་སོང་། འབྲས་བུ་སྡུག་བསྔལ་རྗེས་འབྱུང་། རྒྱུ་དེ་དགེ་བ་སྔོན་སོང་། འབྲས་བུ་བདེ་བ་རྗེས་འབྱུང་། ཞེས་གསུངས་པ་རེད།

  ༼གོ་རིམ་གཉིས་པ་༽ རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་ཆབ་སྲིད་གཉིས་མཐུན་པར་བཤད་རྒྱུ། དང་པོ་ང་ཚོ་ཀྲུང་གོའི་མི་ཞིག་ཡིན་དུས་ཕྱོགས་མཚམས་གར་འགྲོ་གར་འདུག་བྱས་ནས་ལས་ཀ་ཆེ་ཆུང་ཅི་འདྲ་སྒྲུབ་པ་དང་། སྐད་ཆ་རྒྱས་འབྲིང་བསྡུས་གསུམ་ཅི་བཤད་ན། ཨང་དང་པོ་ཀྲུང་གོ་གུང་ཁྲན་ཏང་དང་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་རྣམས་མཐུན་པར་བྱེད་དགོས། དུས་རྒྱུན་ཏང་གི་ཁྲིམས་ལུགས་འགལ་མེད་སྲུང་བརྩི་ཐོབ་ནས། རང་ཉིད་རྒྱབ་སྐྱོར་སྲུང་སྐྱོབས་ཀྱི་ལག་ཆ་དང་མདུན་ལམ་གྱི་འོད་སྟོང་གལ་ཆེན་ཞིག་ཡིན། དེར་བརྟེན་དང་ཐོག་རྒྱལ་ཁྲིམས་སྲུང་རྒྱུ་གཙོ་བོ་དོན་ཚན་ལྔའི་ཐོག་ནས་བཤད་རྒྱུ་ཡིན། ༡༽ཏང་ལ་དགའ་ཞེན། མེས་རྒྱལ་ལ་དགའ་ཞེན། སྲོག་ཤིང་ལ་དགའ་ཞེན། ཐབས་ལམ་གྱི་སྲིད་ཇུས་ལ་དགའ་ཞེན་བཅས་བྱེད་དགོས། ༢༽ཏང་གི་བཀའ་ལ་ཉན་པ། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་པ། ཏང་ལ་བློ་ཁ་ཕྱོགས་པ། ཏང་དང་རྒྱལ་ཁབ་ལ་ཡིད་ཆེས་བཅས་བྱེད་དགོས། ༣༽ རང་རེའི་ཀྲུང་གོའི་རྒྱལ་ཁབ་ལ་མཐུན་ཕན་གྱི་ཞབས་ཞུས་བསྒྲུབ་དགོས། ད་རེས་ཀྱི་སྤྱི་ཚོགས་འདི་བརྟན་ལྷིང་འཆམ་མཐུན་འབྱུང་བར་ཞབས་ཞུས་སྒྲུབས་དགོས། ཁ་ཕྲལ་རིང་ལུགས་དང་རང་སྲེགས་བཅས་ལ་ངོ་རྒོལ་དང་དགག་པ་མཐའ་ཅིག་ཏུ་བྱེད་དགོས། ཁྱོན་ཡོངས་མཐུན་སྒྲིལ་དང་འཕེལ་རྒྱས་ལ་ཞབས་ཞུས་ཧུར་ཐག་སྒྲུབས་དགོས། ཁོར་ཡུག་སྲུང་སྐྱོབས་དང་གཙང་གྲྭ་འཕྲོད་བསྟེན་བཅས་ལ་ལྷད་མེད་ཤུགས་སྣོན་རྒྱག་དགོས། བཅུ་ཕྲག་རིག་གནས་ཀུན་ལ་འབད་བརྩོན་སློབ་སྦྱོང་ཡག་པོ་བྱེད་དགོས། སྤྱི་སེམས་ཐུན་མོང་གི་ཐོག་ལ་བསམ་བློ་སྐོར་ཏེ་སྒེར་སེམས་མེད་པར་གཞན་ཕན་བྱ་བ་ཡག་པོ་སྒྲུབས་དགོས། མི་རིགས་དང་གྲུབ་མཐའི་བར་ཕྱོགས་དང་རིས་སུ་མ་ཆད་པར་འདྲ་མཉམ་ཀུན་མཐུན་གྱི་ཕྱག་ལས་བཟང་པོ་སྒྲུབ་དགོས། མཐོ་དམན་རྒན་གཞོན་གྲགས་ཞན་མེད་པར་ཚང་མ་བརྩི་བཀུར་དག་སྣང་གུས་ཞབས་ཡག་པོ་བྱེད་དགོས། གོང་གསལ་ལྟར་ལག་བསྟར་ཐོབ་ན། དེ་ནི་རྒྱལ་གཅེས་ཁྲིམས་སྲུང་ཡིན་པ་དང། ཆོས་གཅེས་སྤྱི་ཕན་དགེ་སྒྲུབ་བཅས་ཡིན། ༤༽ཁུང་མེད་འཆལ་གཏམ་ཉན་འཇོག་མི་བྱེད་པར། བདེན་མེད་བསླུ་ཁྲིད་མགོ་སྐོར་གྱི་སྐད་ཆ་མི་ཉན། ཡོང་ཁུངས་མེད་པའི་དཀྲོག་གཏམ། ན་ཚ་མེད་པར་ཡོད་རེད་ཟེར་ལེ་འདྲ། གནས་ཚུལ་མ་ལྷག་པར་ལྷག་འདུག་བཤད་པ་སོགས། རྫུན་དང་རླུང་ཡན་གཏམ་འཆལ་སོགས་གཏན་ནས་བཤད་མི་རུང་། ༥༽སྲིད་གཞུང་གིས་ཏོག་དབྱིབས་ནད་དུག་འགོག་སྲུང་གི་ཐབས་ལམ་སྲིད་ཇུས་དང་བཀོད་སྒྲིག་ཁག་དང་ལེན་མི་བྱེད་པ་དང་། ལག་བསྟར་མི་བྱེད་པ། གཞོགས་འདེགས་མི་བྱེད་པ། ཁ་མི་ཉན་པ། གཏོར་བཤིག་གཏོང་བ། ཚུལ་བཞིན་མི་བསྒྲུབ་པ། ཁ་ཕྲལ་གྱི་བྱ་སྤྱོད་སྤེལ་བ་སོགས་བྱས་ན། རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་སྲིད་ཇུས་འགལ་བ་ཡིན་པས། ཁྲིམས་འགལ་གྱི་ཉེས་ཆད་ཐག་གཅོད་ཕོག་ངེས་ཡིན་པས་དེ་དག་གཏན་ན་བྱེད་མི་རུང་།
        ༧ གཉིས་པ་སྲིད་ཇུས་དང་མཐུན་ལེས་སྒྲུབ་དགོས། ༡ ༽ཉེ་ཆར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་། གཙུའུ་ལི་ལེས་ཁེ་ཆིང་རྣམ་པ་ གཉིས་ཏོག་དབྱིབས་ནད་དུག་ཁྱབ་སའི་གཡུལ་སར་ཁྱད་མངགས་ཕེབས་ཏེ། ནད་འགོག་སྲོག་སྐྱབས་ཀྱི་སྨན་པ་ལས་དོན་མི་སྣར་ཡོངས་ལ་འཛའ་བརྩེའི་འཚམས་འདྲི་དང་། ནད་ངན་མཐའ་གཙང་གཏན་འགོག་དགོས་ཚུལ་སོགས་གལ་ཆེའི་བཀའ་སློབ་ཞིབ་ཕྲ་གསུང་བའི་དགོངས་དོན་མཐའ་དག་བརྩི་བཀུར་ལག་བསྟར་བྱེད་དགོས། ༢ ༽རང་སྐྱོང་ལྗོངས་ཀྱི་གཙོ་བོའི་དབུ་ཁྲིད་ཧྲུའུ་ཅི་ཝུའུ་དབྱིང་ཇི་དང་། ཀྲུའུ་ཞི་ཆེས་དགྲ་ལྷ། ཏི་ཡེ་ཤན། བསྟན་ཁོ། སྒྲུབ་ཁང་བཅས། ནད་དུག་གི་གཡུལ་སར་སྨན་ཁང་ཁག་སོགས་ཕེབས་གཟིགས་རྒྱབ་སྐྱོར་ཤུགས་ཆེན་གནང་སྟེ། ཏོག་དབྱིབས་ནད་དུག་གློ་ཚད་སྔོན་འགོག་གི་ཐབས་ལམ་སྲིད་ཇུས་རབ་དང་རིམ་པ་བསྟན་པ་དེ་དག་སློབ་སྦྱོང་དྲི་བསྒྲགས་དང་ལག་བསྟར་ཡང་དག་བྱེད་དགོས། དེ་བཞིན་ཏང་གི་ཚོགས་ཆེན་བཅུ་དགུའི་དགོངས་དོན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གལ་ཆེའི་བཀའ་སློབ། ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས། སྲོག་ཤིང་ལ་དགའ་ཞེན། མཐུན་སྒྲིལ་ལ་སྣང་ཆེན་གྱིས། མེས་རྒྱལ་ལ་དགའ་ཞེན། ལེགས་གཅེས་འབུལ་རྒྱུ་སྣང་ཆེན་གྱིས། ཁྱིམ་གཞིས་ལ་དགའ་ཞེན། ཤེས་དཔལ་ལ་སྣང་ཆེན་གྱིས། འཚོ་བ་ལ་དགའ་ཞེན་བཅས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བཀའ་སློབ་དང་། མ་ཚད་ཆོས་ལུགས་ལས་རིགས་མི་སྣ་ཡོངས་ལ་གཏོང་བའི་ཚད་གཞི་བཞི་ལ་བརྩི་བཀུར་ལག་བསྟར་གྱིས། སྔོན་ཐོན་གྲྭ་བཙུན་རྣམ་དག་བྱེད་པར་བརྩོན། ཞེས་ཁྱབ་སྲིད་ཐད་བློ་འགེལ་ཆོག་པ། ཆོས་ལུགས་ཐད་སྐུ་ཡོན་ཆེ་བ། སྤྱོད་ལམ་ཐད་ཀུན་གྱི་ཡིད་འགུ་བ། འགག་རྩའི་དུས་སུ་ནུས་པ་ཐོན་པ་བཅས་ཀྱི་བཀའ་སློབ་ཐུན་མང་ཡོངས་ལ་ཕན་ངེས་གལ་ཆེའི་གསུང་བཤད་སྲིད་ཇུས་སྐོར་ང་ཚོའི་ངེས་པར་དུ་སློབ་སྦྱོང་དྲི་བསྒྲགས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དེ། འདུ་ཤེས་བཞི་ཇེ་ཆེར་གཏོང་བ། གདེང་ཚོད་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་ཀྱི་མཐོ་ཚད་ལངས་པར་བྱེད་དགོས།

  ༼གོ་རིམ་གསུམ་པ་༽གསོ་རིག་སྨན་བརྒྱུད་མཁས་དབང་སྨན་པ་རྣམས་ཀྱི་ལག་བསྟར་གྱི་ཉམས་མྱོང་ལྟར་བཤད་རྒྱུ། དང་པོ་ངོས་བཟུང་བྱས་ཚུལ་ནི། ཆེད་མཁས་སྨན་པས་ཕྲ་མཐོང་ཆེ་ཤེལ་རྒྱུད་ནས་བརྟག་དཔྱད་བྱས་འབྲས། སྔ་རབས་རྒྱལ་པོའི་ཅོ་པན་དབྱིབས་ལྟར་རམ་ཀྲོག་ཞུའི་དབྱིབས་ལྟར་གསལ་བས། ཏོག་དབྱིབས་གློ་ཚད་ནད་དུག་ཞེས་མིང་གི་ཐ་ཉིད་བྱུང་། གཉིས་པ་ཏོག་དབྱིབས་ནད་དུག་ངོས་འཛིན་བྱེད་སྟོན་གསུམ་འདུག། ༡༽ ཁྲག་ལ་བརྟག་དཔྱད་བྱེད་རྒྱུ་དང་། ༢༽ གཅིན་པ་བརྟག་དཔྱད་བྱེད་རྒྱུ། ༣༽ གློ་བ་བརྟག་དཔྱད་གློག་པར་རྒྱག་རྒྱུ་དང་གསུམ་གྱི་ངོས་འཛིན་བྱེད་དགོས། གསུམ་པ་ཏོག་དབྱིབས་ནང་དུག་གི་ནད་རྟགས་བཞི་འབྱུང་གི་འདུག། ༡༽ ལུས་ལ་ཚ་བ་རྒྱས་ནས་རྒྱ་ཆ་ ༣༨.༥ ཡན་རྒྱག་པ། ༢༽ གཟུགས་པོ་ཐང་ཆད་ཅིང་དཀའ་ལས་ཁ་བ། ༣༽ སྐམ་གློ་ལུད་པ། ༤ ༽དབུགས་འབྱིན་རྔུབ་གཏོང་དཀའ་བ་བཅས་འབྱུང་གི་ཡོད་རེད། བཞི་པ། ཏོག་དབྱིབས་ནད་དུག་གཞན་ལ་འགོས་ལུགས་ནི། རྒྱུ་རྐྱེན་དྲུག་གི་རྒྱུད་ནས་འགོ་གི་ཡོད། ༡ ༽ཕན་ཚུན་ཁ་རླངས་རྒྱུད་ནས་འགོས་པ་དང་། ༢༽ མཆིལ་སྣབས་རྒྱུད་ནས་འགོ་བ། ༣ ༽ཁ་ཟས་ཕོར་པ་མཉམ་སྤྱོད་རྒྱུད་ནས་འགོ་བ། ༤༽ ཁྲག་ཆུའི་རྒྱུད་ནས་འགོ་བ། ༥༽ གོས་ལྷམ་བརྒྱུད་ནས་འགོ་བ། ༦ ༽མི་ཚོགས་མང་པོའི་རྒྱུད་བཅས་འགོ་བའི་ཉེན་ཁ་སླ་པོ་ཡོད་པས། དེ་དག་ཚང་མས་དོགས་ཟོན་ཡག་པོ་མཛད་དགོས། ལྔ་པ་ཏོག་དབྱིབས་ནད་དུག་སྔོན་འགོག་བྱེད་སྟོན་ནི། ༡༽ ཕྱི་ལོག་གང་སར་མི་སྤྱོད་ཅིང་། རང་རང་སོ་སོའི་ཁྱིམ་ནང་ཡག་པོ་སྡོད་དགོས། ༢ ༽གལ་སྲིད་ཕྱི་ལ་འགྲོ་དགོས་བྱུང་ནས། ནད་འགོག་གི་ནུས་པ་ཡོད་པའི་སྨན་ཁང་གི་ཁ་རས་རྒྱག་དགོས། ཡང་ན་ཨང་གྲངས་ ༩༥ རྟགས་ཅན་ཁ་རས་རྒྱག་དགོས། ནད་འགོག་ཁ་རས་དེ་ཆུ་ཚོད་གཉིས་རིང་ལས་བེད་སྤྱོད་མི་བྱེད་པར་གསར་བ་བརྗེ་ལེན་དགོས། ༣ ༽ཁ་ལུད་སྣབ་ལུད་གང་སར་མི་གཡུག་པ་སོགས་ཀུན་གྱི་གཟབ་གཟབ་ཡག་པོ་གནང་སྟེ་རང་གཞན་ཚང་མའི་བདེ་ཐང་འགན་ཁུར་གནང་དགོས། ༤༽ཀྲུང་ལུགས་སྨན་ཆེ་མཁས་པ་ཐང་ཡེ་ནས་ཆ་རྐྱེན་ལྡན་ན་འོས་འཚམ་དབྱར་རྩ་དགུན་འབུ་སོགས་བསྟེན་ནས་བཟང་ཞེས་གསུང་ཡོད།

  ༼གོ་རིམ་བཞི་པ་༽དེང་དུས་ཚན་རིག་གི་ལྟ་བ་དང་མཐུན་པར་བྱེད་དགོས། དེ་ལའང་ནང་དོན་རིམ་པ་བཅུ་ཡར་མར་བཤད་འདུག ༡ ༽ངེས་པར་དུ་ཏོག་དབྱིབས་གློ་ཚད་ཀྱི་ན་ཚ་ཡོད་སར་མི་འགྲོ་རྒྱུ་དང་། ༢༽ ལག་པ་གང་སར་མི་ཐུག། ༣༽ མེ་འཁོར་འབབ་ཚུགས་དང་། གནམ་ཐང་། གླུ་གར་ཁང། ཨར་ཁང་། སྤྱི་སྤྱོད་རླངས་འཁོར་ནང་། ཚོང་ཁྲོམ་ཁར། གློག་རྐས་ནང་། དགོན་སྡེ་རི་ཁྲོད་ཆོས་ར་ཁར། ཁ་རས་ཚོང་ས་སོགས་མི་དམངས་འདུ་འཛོམ་མང་པོ་ཡོད་སར་གནས་སྐབས་གཏན་ནས་འགྲོ་མི་ཉན་ཟེར་གི་འདུག། ༤ ༽ སྡོད་ཁང་རླུང་འགྲོའི་ཆ་རྐྱེན་དང་ཉི་འོད་རྒྱག་སར་རང་ཁྱིམ་ནང་དུ་རྒྱུན་འདུག་བྱེད་དེ། ཟས་བཅུད་ཅན་བསྟེན་ཏེ་སེམས་ལྷོད་ལྷོད་བྱེད་ནས་འདུག་དགོས། ༥༽ ནང་ལ་སླེབས་དུས་ངེས་པར་དུ་དང་པོ་ལག་པ་འཁྲུ་ལུགས་གང་རིམས་བདུན་ལྡན་ཐོག་ནས་གཙང་དག་འཁྲུ་དགོས། ༦ ༽གནས་སྐབས་གཉེན་སྟོན་དང་། སྤྱི་རིམ། ཆོས་ར་སོགས་ཆོས་ལུགས་བྱེད་སྒོ་མི་གཉེར། ༧༽ལོ་སར་སྐབས་རང་ཁྱིམ་ལོ་སར་གཏོང་ནས་འདུག་པ་ལས། གཉེན་ཉེ་གྲོགས་པོ་ཕན་ཚུན་ཁྱིམ་ནང་ཕར་ཚུར་འགྲོ་འདུག་མི་ཉན། ལོ་སར་ལས་འབྱུང་ཁམས་བདེ་ཐང་གཙོ་ཆེ་ངེས་རེད། ༨༽ ཆང་རག་མི་གཏུང་། དུད་བ་ཐ་མག་མི་རྔུབ། རྒྱན་འཛུགས་ཤོ་བག་མི་བརྩེ། ཁྱིམ་ནང་འདུག་ནས་ཉིན་ལྟར་ཚ་བ་ལྟ་དགོས། ༩༽ རྒྱ་ནག་ནས་ཡར་སླེབས་མཁན་རྣམ་པ་ཉིན་བཅུ་བཞིའི་རིང་། རང་ཁྱིམ་ལས་གང་སར་འགྲོ་འདུག་མི་ཆོག ས་ཁུལ་སོ་སོའི་སྲིད་གཞུང་གིས་བརྟག་དཔྱད་ཞིབ་བཤེར་བཅས་ལ་རྣམ་འབྱོར་བཟང་པོའི་དང་ལེན་བྱེད་དགོས། ༡༠༽གལ་སྲིད་གཟུགས་པོ་མི་བདེ་བ་སོགས་བྱུང་ནས། སྦས་གསང་མེད་པར་དམིགས་འཛུགས་སྨན་ཁང་ལ་འགྲོ་སྟེ་བརྟག་དཔྱད་ཡག་པོ་བྱེད་དགོས། རང་གཞན་ཀུན་གྱི་ཚེ་སྲོག་འདི་བདེ་ཐང་ཆེད་དུ་དོ་སྣང་གཅེས་བཀྲས་ཡག་པོ་བྱེད་དགོས།

  ༼གོ་རིམ་ལྔ་པ་༽ནང་ཆོས་རིག་པའི་མན་ངག་དང་མཐུན་པ་བྱེད་དགོས། ༡ ༽རིས་མེད་གྲུབ་མཐའ་བོན་རྙིང་བཀའ་ས་ཇོ་དགེ་སོགས་ཀྱི་གཞུང་ལུགས་ལྟར་ནད་རིམ་འགོག་བྱེད་ཀྱི་བསྙེན་པ་དང་སྔགས་འཛབ་བཅས་ཀློག་སྟེ། བསྐྱེད་རྫོགས་སེམས་བསྐྱེད་ལྡན་པའི་ངང་ནས་བརྒྱ་སྟོང་ཁྲི་འབུམ་དུང་ཕྱུར་གྲངས་མང་སྒྲ་དག་སྤུས་གཙང་ཀློག་དགོས། དཔེར་ན་གསང་སྔགས་ཀྱི་ནད་འཇོམ་ཁྱུང་དམར་བསྙེན་པ་ནི། ཧཱུཾ༔ ཁྲོ་ཏྭ་ཡ་གྷ་རུ་ན་ཁྲི་ཁྲོང་ཧ་ར་ཉེ་ལོ་ཡོ་བསྭོ་ཐུན་འདུ། ཞེས་དང་། ཡང་ན་རིམ་ནད་འགོག་བསྙེན། ཨཱོཾ་ ཨ་བྷི་ཡ་ནག་པོ་རྦད་སོད་སྭཧཱ། ཞེས་དང་། ནད་བརྒྱ་སྔགས་གཅིག་བསྙེན་པ། ཨཱོཾ་ བྱི་རྩ་ར་རྩ་ཡེ་སྭཧཱ། དེ་དག་ཀློག་ནས་དཔེ་ཆ་ནང་ཕན་ཐོག་ཆེ་ཚུལ་གསལ་པོ་གསུངས་ཡོད། ༢༽ འགྲོ་བ་གཞན་ཕན་གྱི་སེམས་བསྐྱེད་དམ་པ་གསུམ་གྱི་བརྩིས་ཟིན་པར་བྱེད་དེ་ཡག་ཤོས་བྱུང་ན་དལ་ཁམས་སྐབས་དང་བསྟུན་ནས་མཚམས་དང་སྒྲུབ་པ་ཉམས་ལེན་བཅས་བྱེད་དེ་འགྲོ་ཀུན་ནད་རིམས་ཞི་བའི་སྨོན་ལམ་ཡག་པོ་འདེབས་དགོས། ༣༽ མ་ཚད་རིམ་འགོག་གི་སྨན་དང་དམ་རྫས་འབྲེལ་བའི་ནག་པོ་དགུ་སྦྱོར་ཀྱི་རྫས་ཐུམ་དང་། ནད་ཕན་གྱི་བྱིན་རྫས་ཐུམ་བུ་སོགས་ལུས་ལ་འདོག་རྒྱུ་དང་དྲི་སྣོམ་རྒྱུ་བཅས་བྱེད་དགོས། དེ་བཞིན་གཞན་ཕྱོག་ནས་གཡར་བའི་ཡོ་ཆས་རིགས་ཆུ་ཁྲུས་དང་། སྐར་སད། རླུང་སད། ཉི་སྟོན་སོགས་གཙང་གྲྭ་འཕྲོད་བསྟེན་ཡག་པོ་བྱེད་རྒྱུ་བཅས་ཆར་པ་ཆུ་གྲོགས་དང་ཉི་མ་མེ་གྲོགས་ལྟར་མཐུན་སྦྱོར་འབྱུང་བས་དེ་དག་ལྟར་སློབ་སྦྱོང་ལག་བསྟར་བྱེད་དེ། ཉེ་ཆར་གསར་འགྱུར་ནང་སྨན་པ་མཁས་དབང་ཀྲུང་ནན་ཧྲན་གྱིས་ད་དུང་ཉིན་བཅུ་བཞིའི་རིང་ཐམས་ཅད་ལྷོད་ཡེངས་མེད་པར་དོགས་ཟོན་ཡག་པོ་དགོས་གསུངས་པ་ལྟར། ཀུན་གྱི་གཟབ་ནན་དོ་སྣང་གལ་ཆེན་བྱེད་དེ། ཏོག་དབྱིབས་གློ་ཚད་ནད་དུག་ངེས་པར་སྔོན་འགོག་ཐོབ་པར་བྱེད་དགོས།


  ༼གོ་རིམ་དྲུག་པ་༽ད་ཆར་འཕྲད་པའི་དཀའ་ཁག་སེལ་ཐབས་ཚང་མས་མུ་མཐུད་འབད་བརྩོན་དགོས། ༡༽གཙོ་བོ་ཚན་རིག་དང་མཐུན་པའི་རིམ་པ་ཁག་གི་ཏང་སྲིད་དམག་དང་སྨན་པ་ཡོངས་ཀྱི་ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་ཕྲག་ལ་ཁུར་ནས་ལྷོད་ཡེངས་མེད་པར་ཐབས་ཤེས་ཡོད་རྒུ་གཏོང་སྟེ་ནད་འགོག་ལས་ལ་མུ་མཐུད་འབད་བརྩོན་བྱེད་རྒྱུ་རག་ལས་ཡོད། ༢༽རང་རེའི་ང་དྲུག་མི་རིགས་ཚང་མ་དང་། ལྷག་པར་དུ་དགོན་པ་རི་ཁྲོད། བླ་སྤྲུལ། ཚང་པ། དེ་བཞིན་བདེ་འཁོད་ཀྱི་ཞིང་འབྲོག་མང་ཚོགས་ཁྱོན་ཡོངས་རྡོག་རྩ་བློ་སེམས་གཅིག་སྒྲིལ་དཔུང་པ་མཉམ་གཤིབ་མི་ཁྲི་སེམས་གཅིག་གིས་དངོས་སུ་ནད་ཡམས་ཀྱི་དཀའ་ངལ་འཕྲད་ཡུལ་ཝུའུ་ཧན་གྲོང་ཁྱེར་གྱི་ཉམས་ཐག་ནད་པ་ཁྲི་གྲངས་ལ་དངུལ་སྒོར་དང་། དབྱར་རྩ་དགུན་འབུ་སོགས་སྨན་རྫས། ཁ་རས་སོགས་དམངས་ཕན་ཞལ་འདེབས་རོགས་སྐྱོར་གང་ནུས་བྱེད་རྒྱུའི་རེ་འདུན་ཞུ། ཆབས་ཅིག་ཕྲན་རང་ནས་བླ་མའི་མིང་རྟགས་ཞིག་གིས་ངོས་ནས་རང་འགན་རང་སྲུང་བྱས་ནས་རྒྱལ་དམངས་སྤྱི་དང་ལྷག་པར་དུ་དཀའ་ཁག་འཕྲད་བཞིན་པའི་མི་མང་ལ་སྐུ་རིམ་ཞབས་བརྟན་དུ་དམིགས་ནས་ནད་རིམ་སྤྱི་ཕན་གྱི་རིམ་གྲོ་སྔགས་ཆོག་དྲག་སྔགས་དབལ་མོ་བསྒྲུབས་བཞིན་པའི་ཐུན་མཚམས་སུ་འཛམ་གླིང་ཞི་བདེ་སྤྱི་ཚོགས་བརྟན་ལྷིང་མེས་རྒྱལ་འཕེལ་རྒྱས། ནད་རིམས་ལས་རྣམ་པར་རྒྱལ་བའི་སྨོན་ལམ་སོགས་ལན་བརྒྱར་འདེབས་བཞིན་མགྱོགས་པར་བྲིས་པའོ།།

རྒྱལ་ཁམས་འདི་རུ་དར་ཞིང་རྒྱས་ལ་རྒྱལ་དམངས་ནད་ལས་མྱུར་དུ་ཐར།།

རྒྱལ་འབངས་སྔར་ལྟར་བདེ་ཞིང་སྐྱིད་ལ་རྒྱལ་སྲིད་ཆབ་དཔལ་རིག་གསུམ་དར།།

རྒྱལ་ཡོངས་ང་དྲུག་མི་རིགས་འདི་དག་རྒྱལ་ཁ་ནད་ལས་རབ་རྒྱལ་ནས།།

རྒྱལ་ཆེན་ཞིན་ཅིང་ཕིང་ལ་སོགས་པའི་རྒྱལ་ཁོངས་འདི་ལ་བདེ་བར་ཤོག །

  ཚང་མ་བཀྲ་ཤིས་བདེ་ལེགས།

  ༢༠༢༠/ ༢ / ༦ ཉིན་ལྗོངས་སྲིད་གྲོས་ཀྱི་རྒྱུན་ཨུ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཞོན་ཀླུ་དགོན་བླ་མིང་ཀུན་གསལ་སྙིང་པོ་ནས་དམངས་ལ་ལྷག་བསམ་གྱིས་གུས་ཕུལ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།