ཁམས་ལི་ཐང་འགྲོ་མགོན་གཡུང་དྲུང་བདུད་འདུལ་གླིང་གི་བརྟན་བཞུགས་ཀྱི་མཛད་སྒོ།

[ཟླ་ཚེས། 2020-01-29 19:51:34][རྩོམ་པ་པོ། ལི་བློ་གསལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་མངའ་བདག་གསང་གསུམ་བོན་གྱི་མཛོད་འཛིན་༧ སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་རིན་པོ་ཆེ་མཆོག་གིས་སྐུ་ན་གཞོན་པའི་དུས་ནས་ད་བར་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་འཕྲིན་ལས་བསྐྱངས་དང་སྐྱོང་བཞིན་པ་དང་། ཁྱད་པར་དུ་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འགྱེལ་ས་ནས་བསླངས། ཆད་ལ་ཁད་ནས་མཐུད་དེ་ད་ལྟ་བོན་གྱི་རིག་གནས་ཞེས་འཛམ་གླིང་ཤེས་རིག་གི་ནོར་མཛོད་དུ་གནས་ཐུབ་པ་བྱུང་བ་ནི་རྗེ་བླ་མའི་གཟི་བརྗིད་དང་ལོ་རྒྱུས་ཀྱི་རྡོ་རིང་ཡིན། རྗེ་བླ་མ་མཆོག་གིས་བསྟན་དང་འགྲོ་བའི་མགོན་དུ་རྒྱལ་སྲས་གཡུང་དྲུང་སེམས་དཔའི་མཛད་པ་བསྐྱངས་ནས་བགྲང་བྱ་གོ་ལྔ་རུ་ཕེབས་པའི་དུས་ཚིགས་སུ། བོན་འབངས་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་མ་གྲོས་བསམ་པ་གཅིག་མཐུན་གྱི་སྒོ་ནས་བཀའ་དྲིན་མཚོན་བྱེད་དུ་གོ་སྟོན་བརྟན་བཞུགས་སྐལ་བཟང་གི་མཛད་སྒོ་སྤེལ་བཞིན་པའི་སྐབས་འདིར། ཕྱི་ལོ ༢༠༢༠ལོའི་ཟླ་བ་༡པོའི་ཚེས ༢༧ཉིན་ཏེ་ཁམས་ལི་ཐང་འགྲོ་མགོན་དགོན་གཡུང་དྲུང་བདུད་འདུལ་གླིང་གི་གྲྭ་ཚང་འདུས་སྡེ་རྒྱ་མཚོ་དང་དད་ལྡན་བོན་འབངས་ཡོངས་ཀྱིས་ ༧ གསང་གསུམ་བོན་གྱི་མཛོད་འཛིན་སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གི་སྐུ་ཚེ་བསྐལ་པ་བརྒྱ་ཡི་བར་དུ་བརྟན་ཞིང་མཛད་འཕྲིན་ཉི་ཟླའི་འོད་སྣང་སྲིད་གསུམ་གྱི་ཁྱོན་ན་གཡོ་མེད་དུ་འབར་བའི་བརྟན་བཞུགས་སྨོན་འདུན་གྱི་གསོལ་བ་ཕུར་ཚུགས་སུ་བཏབ་སྟེ་ ༧ རྗེ་བླ་མ་མཆོག་གི་གསོལ་འདེབས་དབྱངས་སུ་གྱེར་བ་དང་། འདུས་སྡེ་རྒྱ་མཚོ་ནས་བསྟན་སྲུང་ཡོངས་ཀྱི་གཙོ་མོ་མ་གཅིག་སྲིད་པའི་རྒྱལ་མོ་སོགས་བསྟན་སྲུང་དམ་ཅན་རྒྱ་མཚོར་ཚོགས་འཁོར་རྒྱས་འབུལ་ཏེ་ལྷ་སྡེ་ཡོངས་ནས་ཚེ་བསྙེན་བསགས་པ་དང་། བསང་གསོལ་རླུང་རྟ་ཚེ་ཐར་གཏོང་བ་སོགས་བཀྲ་ཤིས་བདེ་ལེགས་ངང་བརྟན་བཞུགས་ཀྱི་མཛད་སྒོ་མཇུག་ཡོངས་སུ་གྲུབ་པའི་ལེགས་བྱས་ལ་བརྟེན་ནས་ ༧ རྗེ་བླ་མ་མཆོག་གི་དགོངས་བཞེད་མཐའ་དག་འབད་མེད་ལྷུན་གྱིས་གྲུབ་ཅིང་སྐུ་ཚེ་མི་འགྱུར་བསྐལ་བརྒྱའི་བར་དུ་བཞུགས་པའི་སྨོན་འདུན་བཅས་ལི་བློ་གསལ་གྱིས་གནས་བསྡུས་སུ་སྤེལ། ༢༠༢༠།༠༡།༢༧།


 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།