སྟག་ཞིག་དགོན་གྱིས་ཡོངས་འཛིན་རིན་པོ་ཆེ་ལ་བརྟན་བཞུགས་ཕུལ་བའི་གནས་བསྡུས།

[ཟླ་ཚེས། 2020-01-27 22:54:49][རྩོམ་པ་པོ། ཡེ་ཤེས་ཉི་མ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

   གསང་གསུམ་བོན་གྱི་མཛོད་འཛིན་རྒྱལ་བ་སྨན་རི་བའི་ཡོངས་འཛིན་སློབ་དཔོན་ཁྲི་རབས་གཉིས་པ་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དགུང་གྲངས་གོ་ལྔ་བཞེས་པའི་དུས་སྟོན་བརྟན་བཞུགས་ཆེན་མོའི་དུས་ཚིགས་དང་བསྟུན་བོད་ས་ཕག་ལོའི་ཟླ་བ་ ༡༢ པའི་ཚེས ༣ དང་སྤྱི་ལོ༢༠༢༠ ཟླ་བ ༡ ཚེས ༢༧ ཉིན་སྡེ་དགེ་སྟག་ཞིག་དགོན་གྱི་བླ་སྤྲུལ་འདུས་པ་རྒྱ་མཚོས་བརྟན་བཞུགས་ཕུལ་ཅིང་གཙུག་ལག་ཁང་གི་ཁྱམས་མདུན་བཞུགས་ཁྲིའི་ཐོག་ཏུ་རིན་པོ་ཆེའི་སྐུ་པར་དགྱེས་ཉམས་ལྡན་པར་བཞུགས་སུ་གསོལ་ཅིང་དགོན་འདིའི་ནང་རྟེན་རྩ་ཆེན་རིགས་ཀུན་ཞལ་འབྱེད་མཇལ་ཁ་གནང་བར་མ་ཟད་མདུན་དུ་མཎྜལ་སྐུ་གསུང་ཐུགས་རྟེན་དང་མཆོད་པ་རྣམ་ལྔ་ལེགས་པར་བཤམས་ཤིང་བླ་གྲྭ་རྣམས་ཀྱིས་བྲུ་འདུལ་བ་རིན་པོ་ཆེས་མཛད་པའི་མཚན་ལྡན་བླ་མ་མཆོད་ཐབས་ལྟར་དུ་བརྟན་བཞུགས་ཕུལ་ཅིང་གསོལ་འདེབས་དབྱངས་སུ་གྱེར་ཏེ་དད་ལྡན་མང་ཚོགས་དང་བཅས་པས་མཇལ་དར་ཕུལ་ཅིང་བྱིན་རླབས་ཞུས།
   རང་དགོན་གྱི་བླ་མ་འཕྲིན་ལས་འོད་ཟེར་དང་བཀྲ་ཤིས་བསོད་ནམས་གཉིས་ཀྱིས་མང་ཇ་སྐུ་འགྱེད་ཕུལ། ཟླ་བ་གཅིག་ཙམ་གྱི་སྔོན་ནས་དགོན་ཞབས་ལྷ་སྡེ་མང་ཚོགས་ལ་རིན་པོ་ཆེའི་སྐུ་རིམ་དུ་བླ་མ་འཕྲིན་ལས་འོད་ཟེར་གྱིས་དགེ་སྐུལ་ཞུས་པའི་ཚེ་བསྙེན་ས་ཡ་གཅིག་དང་ཁྲི་གསུམ་བརྒྱད་སྟོང་ལྔ་བརྒྱ་༡༠༣༨༥༠༠ གསོལ་འདེབས་ཚར་དྲུག་སྟོང་དྲུག་བརྒྱ་བརྒྱད། ༦༦༠༨ རྩིས་འབུལ་མཇུག་བསྡམས་ཞུས་པ་དང་ཕྱི་དྲོར་བླ་གྲྭ་རྣམས་ཀྱིས་གཟུངས་འདུས་དག་འདོན་དང་བཀའ་འགྱུར་ཞལ་ཕྱེ་ཡུམ་མདོ་མདོ་ཟློག་བསྟན་རྒྱས་སྨོན་ལམ་གྱིས་མཐར་བརྒྱན་པའི་དགེ་ཚོགས་གང་མཆིས་རྗེ་སྨན་རིའི་མཁན་རབས་ལྔ་ཡི་རིང་དུ་འགྱུར་མེད་གཡུང་དྲུང་གི་གཤིས་སུ་བརྟན་པའི་རྒྱལ་བ་སྨན་རི་བའི་སྐུ་ཤ་རློན་པ་སྨྲ་དབང་ཡོངས་འཛིན་ཆེན་མོ་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་བཞེད་དགོངས་ལྷུན་གྲུབ་ཡོང་བའི་རྒྱུ་རུ་གྱུར་ཅིག་གུ།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།