ཁྱུང་ཡུལ་ཀོ་རྒྱལ་དགོན་གྱི་བླ་མ་གྲྭ་ཚང་དང་ལྷ་སྡེ་མི་དམངས་ཀྱིས་ཡོངས་འཛིན་རིན་པོ་ཆེར་བརྟན་བཞུགས་ཕུལ་བ།

[ཟླ་ཚེས། 2020-01-27 22:03:33][རྩོམ་པ་པོ། ཁྲི་གཙུག་རྒྱལ་པོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

   དམུ་སྲས་རྒྱལ་བའི་དབང་པོའི་སྐུ་ཡི་མཚན་དཔལ་དང་། གསུང་གི་གདམས་དོན། ཐུགས་ཀྱི་མཁྱེན་རྩལ་སོགས་ཡོངས་སུ་རྫོགས་པའི་གསང་གསུམ་གསང་བའི་བདག་པོ། ཤེས་རབ་རིག་པའི་ལྷ་གཅིག་༧ཡོངས་འཛིན་སྨྲ་བའི་དབང་པོ་ཀུན་འགྲུབ་རིག་པའི་རྒྱལ་སྲས་ཉིད་ཀྱི། རླབས་ཆེན་གྱི་འཕྲིན་ལས་གོ་ལའི་ཁྱོན་ཀུན་བདལ་བའི་སྐུ་བསོད་ལ་གང་གི་བསྒྲུན་དུ་མེད་པའི་མཛད་པ་དག་རྗེས་སུ་དྲན་པའི་བཀའ་དྲིན་མཚོན་ཕྱིར་དུ་ཤར་ནུབ་འཛམ་གླིང་གང་སར་གོ་ལྔའི་དགུང་སྟོན་གྱི་བརྟན་བཞུགས་སྐལ་བཟང་མངོན་དུ་སྨིན་པའི་ཆར།
   ཡབ་གཞིས་ཁྱུང་དཀར་གྲུབ་པའི་བསྟི་གནས་དཔལ་ལྡན་ཀོ་རྒྱལ་དགོན་གྱི་གྲྭ་ཚང་འདུས་མང་ནས། ༧ དགོན་འདིའི་དཔོན་སློབ་རིན་པོ་ཆེས་གསུང་བསྐུལ་བཞིན་ཚེ་སྙིང་དང་གསོལ་འདེབས་གྲངས་སུ་བསགས་ཤིང་། ཉིན་འདིར་དབལ་ཁྱུང་འགྲོ་འདྲེན་གསས་ཁང་གི་འཚོགས་དབུས་སུ་སྐུ་པར་རིན་པོ་ཆེ་ཁྲི་རུ་བརྗིད་པར་བཤམས་སྟེ། བླ་མ་མཆོད་པ་དང་མནྜལ་སྐུ་གསུང་ཐུགས་རྟེན་རྣམ་ལྔ་རྟགས་བརྒྱད་ནོར་བདུན་སོགས་འདེགས་འབུལ་ཞུས་ཤིང་། གསོལ་འདེབས་སྨོན་ལམ་གྱི་མགྲིན་དབྱངས་ཕྱོགས་སུ་འཐེན་བཞིན་བསོད་ནམས་ཚོགས་ཀྱི་ཞིང་སར་སྐུ་ཕྱྭ་ཞབས་བརྟན་དཔག་མེད་ཕུལ་བའོ།།
   དེ་བཞིན་ཀོ་རྒྱལ་དགོན་གྱི་དགོན་ཞབས་གཟར་འགོ་གྲོང་ཚོ་དང་། གྲོང་འབེལ་གྲོང་ཚོ། རྒྱ་བོ་རགས་གྲོང་ཚོ། ཕྱྭ་ཡར་གྲོང་སོགས་གྲོང་སྡེ་སོ་སོ་ནས་ཀྱང་བླ་མའི་སྐུ་ཚེའི་ཞབས་རིམ་དུ་སྐུ་པར་རིན་པོ་ཆེ་སྤྱི་ཁང་ཁག་ཏུ་བཤམས་བཀོད་མཛད་ཅིང་། ཚེ་སྙིང་གསོལ་སྨོན་དང་མཆོད་སྤྲིན་མཇལ་ཁ་ཞུས་པ་བཅས་བཀའ་དྲིན་སྙིང་ན་གསོན་པའི་དན་རྟགས་ཕུལ་བའོ།།
   དམིགས་གསལ་དུ་རྗེ་བླ་མ་རིན་པོ་ཆེའི་མཐུ་བྱིན་བྱམས་གཟིགས་ཀྱིས་གདུལ་བྱའི་ཁམས་ཀུན་བཟུང་བའི་བརྡའ་རུ་ད་ནང་ཉི་མ་རྩེ་ཤར་ལ་སྲིད་པའི་སྒྲོན་མེའི་མཐའ་སྐོར་དུ་འཇའ་འོད་སྣ་ལྔ་ཕྱོགས་ཀུན་དཀྲིགས་ཤིང་། སྤྲིན་མེད་ཀྱི་མཁའ་དབྱིངས་ནས་ཁ་བའི་འདབ་ལོ་ལྷབ་ལྷུབ་ཏུ་འཕུར་བ་སོགས་ལྷ་སྡེ་ཐུན་མོང་གིས་རི་བསྟོད་བསང་གསོལ་སྐབས་སུ་མངོན་སུམ་ཡུལ་དུ་གྱུར་པ་ནི་དད་དམ་མི་འགྱུར་བའི་དཔལ་དུ་སྤྲོས་པ་ཅི་ལ་མིན།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།