སྣང་ཞིག་དགོན་གྱིས་བརྟན་བཞུགས་ཕུལ་བའི་མཛད་སྒོ།

[ཟླ་ཚེས། 2020-01-26 17:39:20][རྩོམ་པ་པོ། མདོ་སྨད་སྣང་ཞིག་དགོན་ཆེན་འཕྲིན་སྟེགས་ལས་བཤུས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཨེ་མ་ཧོ།

བསླབ་བསུམ་བསྟན་པའི་བདག་ཉིད་འགྲོ་བའི་མགོན།།
ཀུན་མཁྱེན་ཉི་དབང་རྣམ་རོལ་དགོངས་རྩལ་རྫོགས།།
མདོ་སྡེ་སྔགས་ཀྱི་གནས་ལུགས་རྫོགས་པ་ཆེའི།།
བསྟན་པ་འཛིན་སྐྱོང་འཕྲིན་ལས་རྣམ་པར་དག།
ཡོངས་འཛིན་སྨྲ་བའི་དབང་པོར་གསོལ་བ་འདེབས།།

   འཇིག་རྟེན་དགེ་བའི་བསྟན་འབྱུང་མངོན་པར་ཤར་ཞིང་སྟོང་གསུམ་བཅུད་ཀྱི་བསོད་ནམས་གཅིག་ཏུ་བསྡུས་པའི་བསྐལ་པ་བཟང་པོ་འདིར། རང་རེ་སྙིགས་དུས་གདུལ་བྱའི་ལྷ་སྐལ་དུ་བྱོན་པ་སངས་རྒྱས་སྟོང་གི་ཞལ་ཚབ་འགྲོ་འདྲེན་མི་ཡི་ཚུལ་འཛིན༧ཡོངས་འཛིན་སྨྲ་བའི་དབང་པོ་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གིས་བསྟན་དང་འགྲོ་བའི་མགོན་དུ་རྒྱལ་སྲས་གཡུང་དྲུང་སེམས་དཔའི་མཛད་པ་ལྷུར་དུ་བླངས་ཏེ་དགུང་གྲངས༩༥བཞེས་པའི་དུས་ཕུན་སུམ་ཚོགས་པའི་དུས་བཟང་འདིར། མདོ་སྨད་སྣང་ཞིག་དགོན་ཆེན་གྱིས་རྗེ་བཙུན་བླ་མ་རིན་པོ་ཆེའི་གསང་གསུམ་མཛད་པའི་ཡོན་ཏན་བླ་ན་མཐོ་ཞིང་། ཕྱི་དར་བཤད་སྒྲུབ་བསྟན་པའི་དཔུང་གཉེན་ཆེན་པོ་གང་གི་བླ་ན་མེད་པའི་བཀའ་དྲིན་རྗེས་དྲན་དང་གཞལ་དུ་མེད་པའི་ཐུགས་སྟོབས་དགྱེས་མཚོན་གྱི་ཚུལ་དུ། གང་གི་སྐུ་མཆོག་གསེར་གྱི་རི་དབང་རིས་མེད་འགྲོ་བའི་མགོན་དུ་ལྷིང་ངེར་བརྗིད་ཅིང་། གསང་གསུམ་ཆེ་བའི་ཡོན་ཏན་འགྲོ་བ་ལྷ་དང་བཅས་པའི་བགོ་སྐལ་དུ་ཅི་འདོད་འཇོ་བའི་སྐྱབས་འཇུག་ཞུས་པ་དང་། ལྷག་པར་མཁས་བཙུན་བཟང་གསུམ་གྱི་མངའ་བདག་མདོ་སྔགས་རིག་པའི་རྒྱ་མཚོ་ཁམས་གསུམ་འགྲོ་བའི་སྐྱབས་མགོན་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གི་སྐུ་ཚེ་བསྐལ་པ་བརྒྱ་ཡི་བར་དུ་བརྟན་ཞིང་མཛད་འཕྲིན་ཉི་ཟླའི་འོད་སྣང་སྲིད་པ་གསུམ་གྱི་ཁྱོན་ན་ཁྱབ་པའི་བརྟན་བཞུགས་སྨོན་འདུན་གྱི་གསོལ་བ་ཕུར་ཚུགས་སུ་བཏབ་སྟེ་སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་དབུས་པའི་ནང་ཆེན་ཆེ་ཁག་རྣམས་དང་། དཔོན་སློབ་རིམ་བྱོན། ལས་སྣེ་རྣམ་པ། གྲྭ་ཚང་འདུས་སྡེ་རྒྱ་མཚོ། བོན་འབངས་དད་ལྡན་མང་ཚོགས་སོགས་ཀྱིས་རྗེ་བླ་མ་རིན་པོ་ཆེ་མཆོག་གི་ཞབས་བརྟན་གསོལ་འདེབས་མཉམ་དུ་གསུངས་ཤིང་ཕྱག་ན་མཆོད་རྫས་མེ་ཏོག་དང་། ལྷ་སྤོས། དྲི་མེད་ཀྱི་ཁ་བཏགས་སོགས་མནབས་ཏེ་སྐུ་པར་མཐོང་བ་རང་གྲོལ་ཆེན་མོར་རིམ་བཞིན་མཇལ་ཁ་ཞུས།  དེ་ནས་གྲྭ་ཚང་འདུས་སྡེ་རྒྱ་མཚོ་དང་དད་ལྡན་བོན་འབངས་ཡོངས་ཀྱིས་བསང་མཆོད་རྒྱས་འབུལ་བཏང་སྟེ། སྐྱབས་གནས་བསླུ་བ་མེད་པའི་དཀོན་མཆོག་གསུམ་དང་། དམ་ཅན་བོན་སྐྱོང་སྲུང་མའི་ཚོགས་ལ་འཕྲིན་ལས་དྲག་ཏུ་བཅོལ་ཏེ༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་སྐུ་ཚེ་འགྱུར་མེད་མི་ཤིགས་གཡུང་དྲུང་གི་ཁམས་སུ་བརྟན་ཞིང་མཛད་འཕྲིན་གསེར་གྱི་འཁོར་ལོ་རིས་མེད་གདུལ་བྱའི་དཔལ་དུ་ཡུན་རིང་བསྐོར་བའི་སྐྱབས་འཇུག་ཐུགས་སྨོན་ཤུགས་དྲག་གནང་པའོ།།

གྲྭ་མང་གིས་ཞབས་རྟེན་གསོལ་འདེབས་གསུང་བཞིན་པ།

སྣང་སྟོན་བློ་གྲོས་ཐོགས་མེད་རིན་པོ་ཆེས་རྣམ་ལྔ་སོགས་འབུལ་བཞིན་པ།

སྣང་ཞིག་སྐྱབས་མགོན་རིན་པོ་ཆེས་མཇལ་ཁ་ཞུ་བཞིན་པ།

གྲྭ་མང་གིས་མཇལ་ཁ་ཞུ་བཞིན་པ།

བསང་མཆོད་རྒྱས་འབུལ་བྱེད་བཞིན་པ།

མདོ་སྨད་སྣང་ཞིག་དགོན་གྱི་གྲྭ་ཚང་འདུས་སྡེ་རྒྱ་མཚོ་དང་དད་ལྡན་བོན་འབངས་ཡོངས་ཀྱིས་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་སྐུ་ཕྱྭ་རུ་བརྟན་བཞུགས་རྒྱས་འབུལ་གྱི་མཛད་སྒོ་སྤྱི་ལོ༢༠༢༠་༡་༢༦ཉིན་ཟབ་རྒྱས་ངང་སྤེལ་བ་དང་། དེ་བཞིན་སྐྱབས་རྗེ་བླ་མ་རིན་པོ་ཆེའི་སྐུ་ཚེ་མི་འགྱུར་གཡུང་དྲུང་གི་གཤིས་སུ་བརྟན་ཞིང་མཛད་འཕྲིན་ཐ་དག་ཡར་ངོས་ཟླ་ལྟར་འཕེལ་ཏེ། སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ་དང་། སྐྱེ་དགུ་འགྲོ་བ་ཡོངས་ཀྱི་ཚེ་བསོད་ལས་རླུང་དར་ཞིང་ནད་མུག་འཁྲུགས་རྩོད་ཐམས་ཅད་ཡོངས་སུ་ཞི་བའི་སྐྱབས་འཇུག་ཡང་དག་ཞུས་པའོ།།
ཞེས་མདོ་སྨད་སྣང་ཞིག་དགོན་འདུས་སྤྱི་ནས་སྤེལ།
གནས་ཚུལ་༼མདོ་སྨད་སྣང་ཞིག་དགོན་ཆེན༽ཞེས་པའི་འཕྲིན་སྟེགས་ལས་བཤུས།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།