སྡེ་དགེ་དཔོན་རྒན་དགོན་གཡུང་དྲུང་དར་རྒྱས་གླིང་ནས་གོ་ལྔའི་བརྟན་བཞུགས་ཕུལ་བ།

[ཟླ་ཚེས། 2020-01-26 17:34:30][རྩོམ་པ་པོ། ཁྱུང་ཚ་བཀྲ་ཤིས་ལྷུན་གྲུབ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

   གསང་གསུམ་བོན་གྱི་མཛོད་འཛིན་སྐྱབས་རྗེ་༧ སྨན་རིའི་ཡོངས་འཛིན་༧ སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་དགུང་གྲངས་གོ་ལྔར་ཕེབས་པ་ལ།  གནམ་འོག་བོན་འབངས་ཡོངས་ཀྱིས་བཀའ་དྲིན་རྗེས་དྲན་དང་སྐུ་ཚེ་ལ་འགལ་རྐྱེན་མི་འབྱུང་བའི་ཕྱིར་དུ། 
   བརྟན་བཞུགས་རྒྱས་འབུལ་གྱི་བསོད་ནམས་བསགས་པ་དང་གསོག་བཞིན་པའི་སྐབས་འདིར། གང་ཞིག་མོས་པས་ཡིད་བྱེད་པ་།།  དེ་ཡི་མདུན་དུ་གཤེན་རབ་བཞུགས།།  གསུངས་པ་བཞིན་ད་ལན་ངེད་སྡེ་དགེ་ཁྱུང་དཀར་དཔོན་རྒན་དགོན་གཡུང་དྲུང་དར་རྒྱས་གླིང་གི་མཆོག་སྤྲུལ་གཡུང་དྲུང་གཙུག་ཕུད་རྒྱལ་མཚན་དབུས་པའི་འདུས་པ་སྤྱི་དང་ལྷ་སྡེ་མི་མང་ཡོངས་་ཀྱིས།  རིན་པོ་ཆེའི་སྐུ་བརྙན་མཐོང་བ་རང་གྲོལ་འདུ་ཁང་དུ་གདན་འདྲེན་ཞུས་ཏེ་། 
   མི་འཇིག་གདོང་ལྔའི་ཁྲི་རུ་བཤམས་ནས་མན་འདལ་སྐུ་གསུང་ཐུགས་རྟེན་རྒྱས་འབུལ་དང་། རང་རེ་ཚོའི་བསོད་ནམས་ཚོགས་ཀྱི་ཆ་ཤས་ལེན་པའི་བགོ་སྐལ་ཞབས་བརྟན་གསོལ་འདེབས་དང་ཚེ་བསྙེན་སོགས་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོའི་དབྱངས་ལ་བསྐྱོན་ནས།  སྒོ་གསུམ་དྲི་མ་མེད་པའི་མོས་གུས་དང་ལྷ་ཕྱག་བཅས་བརྟན་བཞུགས་རྒྱས་འབུལ་ཞུས་པ་འདིས་ཀྱང་།  རི་བོ་གངས་ཅན་པའི་བོད་ཀྱི་ཚིག་མཛོད་དུ་བསྔགས་པའི་སྐྱབས་མཆོག་བླ་མའི་སྐུ་ཚེ་ཡུན་དུ་གནས་ཤིང་།   ཡངས་པའི་རྒྱལ་ཁམས་ཀུན་ཀྱང་ནད་མུག་འཁྲུག་རྩོད་ཞི་ནས་གཏན་བདེའི་འབྲས་བཟང་ཐོབ་པའི་རྒྱུ་རུ་ཤོག་ཅིག་གུ།    ཐ་ཚན་མུ་ཙུག་སྨྲར་རོ།།
དགོན་པའི་རྒྱུན་ལས་རྣམ་པའི་བཀའ་མངགས་ལྟར་ཁྱུང་ཚ་བཀྲ་ཤིས་ལྷུན་གྲུབ་ཀྱི་གནས་བསྡུས་བྱས།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།