རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོགས་འདུ་ཐེངས་ལྔ་པའི་སྐོར་གྱི་གནས་བསྡུས།

[ཟླ་ཚེས། 2020-01-26 12:10:25][རྩོམ་པ་པོ། རིག་འབྱུང་བདེ་ཆེན་སྒྲོལ་མ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

   རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ནི་འཛམ་གླིང་ཡུལ་གྲུ་གང་སར་བཞུགས་པའི་གནའ་བོའི་བོན་གྱི་རིག་གཞུང་སྐོར་ལ་ཞིབ་འཇུག་གནང་མཁན་གྱི་མཁས་པ་དང་ཞིབ་འཇུག་པ། སློབ་གཉེར་བ་བཅས་འདུ་འཛོམས་ཀྱིས་རང་རང་གི་ཞང་ཞུང་དང་བོན་གྱི་རིག་གནས་སྐོར་གྱི་ཞིབ་འཇུག་གི་གྲུབ་འབྲས་བགྲོ་གླེང་བྱེད་སའི་འདུ་འཛོམས་རྒྱ་ཆེ་ཤོས་ཤིག་ཡིན་ལ། དེ་ནི་ཐོག་མར་རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་མཁར་རྨེའུ་བསམ་གཏན་མཆོག་གིས་འགན་བཞེས་ཀྱིས་ཕྱི་ལོ་༡༩༩༩ལོར་བགྲོ་གླེང་ཐེངས་དང་པོ་ཐོག་མར་ཉི་ཧོང་ལ་འདུ་འཛོམས་གནང་བ་དང་། ཐེངས་གཉིས་པ་ནི་༢༠༠༨ལོར་ཕ་རན་སི་གཤེན་བསྟན་དར་རྒྱས་གླིང་དུ་འཚོགས་པ་དང་། ཐེངས་གསུམ་པ་ནི་༢༠༡༢ལོར་བལ་ཡུལ་ཁྲི་བརྟན་ནོར་བུ་རྩེ་ལ་འཚོགས་པ་དང་། ཐེངས་བཞི་པ་ནི་༢༠༡༦ལོར་ཕ་རན་སི་གཤེན་བསྟན་དར་རྒྱས་གླིང་དུ་འཚོགས་པ་དང་། ཐེངས་ལྔ་པ་ནི་ཕྱི་ལོ་༢༠༢༠ཟླ༡ཚེས༢༢དང༢༣ཉིན་གཉིས་ཀྱི་རིང་བལ་ཡུལ་གཡུང་དྲུང་བོན་གྱི་གདན་ས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་རུ་འདུ་འཛོམས་བྱུང་། ཐེངས་འདིར་འཛམ་གླིང་གི་རྒྱལ་ཁབ་ཁག་མི་འདྲ་བ་བརྒྱད་ནས་མཁས་པ་དང་ཞིབ་འཇུག་པ། དགེ་རྒན་ཆེན་མོ་དང་སློབ་གཉེར་བ་བཅས་མི་གྲངས་བཅུ་བཞི་ཡིས་རང་རང་གི་དཔྱད་འབྲས་ལ་བགྲོ་གླེང་གཏམ་བཤད་གནང་ཡོད།
   དེ་ཡང་ཉིན་དང་པོའི་ཞོགས་པར་སྐྱབས་རྗེ་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་གིས་སྣང་གསལ་མར་མེས་ཞལ་དབྱེ་གནང་སྟེ་བགྲོ་གླེང་གི་གསུང་བཤད་མཁས་དབང་རྣམ་པ་དང་། ཚོགས་ཞུགས་པ་ཡོངས་ལ་འཚམ་འདྲིའི་ལེགས་གསོལ་དང་སྦྲགས་ཚོགས་འདུའི་བྱུང་རིམ་ངོ་སྤྲོད་དང་། ཚོགས་འདུའི་དམིགས་ཡུལ་དང་དགོས་པ་བཅས་ཀྱི་སྐོར་ནས་གསུང་བཤད་ཟབ་རྒྱས་གནང་།
   དེ་ནས་མཁས་དབང་ཆལ་སི་རམ་བྷོལ་ལགས་ཀྱིས་གཙོ་སྐྱོང་གནང་ཐོག་པེ་ཅིང་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་མཁས་དབང་ཚེ་རིང་ཐར་ལགས་ནས་སྲིད་པ་བོན་གྱི་བློ་བསྐྱེད་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་བ་དང་། དཔྱད་རྩོམ་འདིར་ཁོང་གིས་བོད་ཀྱི་ཤེས་རིག་གི་མགོ་ཁུངས་ནི་སྲིད་པའི་བོན་གྱི་ཤེས་རིག་ལ་ཐུག་ཡོད་པ་དང་། བོད་ཀྱི་གནའ་བོའི་ཤེས་རིག་གི་འབྱུང་རྩ་གསལ་ཁ་ཐོན་པའི་ཆེད་སྲིད་པའི་བོན་གྱི་རིག་གནས་ཀྱི་གལ་ཆེའི་རིན་ཐང་དང་འབྲེལ་ནས་སྲིད་པའི་བོན་གྱི་ཡིག་རྙིང་གི་དག་བསྒྲིགས་སྐོར། དེ་བཞིན་སྲིད་པའི་བོན་གྱི་ཡིག་ཚང་གི་མ་འོངས་པའི་ཞིབ་འཇུག་སྐོར་གྱི་ལམ་སྟོན་དགོངས་འཆར་རྒྱ་ཆེན་གནང་ཡོད།
   དེ་རྗེས་ཕྱི་གླིང་བ་ཇོན་རེ་ནོལ་གྱིས་སྐྱབས་རྗེ་སྨན་རིའི་ཡོངས་འཛིན་རིན་པོ་ཆེའི་ཕྱི་གླིང་གི་མཛད་པ་ཞེས་པའི་སྐོར་དཔྱད་གཏམ་སྤེལ། དཔྱད་རྩོམ་འདིའི་ནང་དུ་ཁོང་གིས་ཡོངས་འཛིན་རིན་པོ་ཆེ་བསྟན་འཛིན་རྣམ་དག་མཆོག་ཐོག་མར་བོད་ནས་བལ་ཡུལ་དུ་འབྱོར་བ་དང་། རིམ་བཞིན་ཕྱི་གླིང་ལ་གྱར་ནས་བོན་གྱི་ཤེས་རིག་སྐོར་ནུབ་ཕྱོགས་ལ་ཐོག་མར་ཁྱབ་སྤེལ་དང་། ལྷག་པར་མཁས་དབང་ནམ་མཁའི་ནོར་བུ་རིན་པོ་ཆེ་མཆོག་གིས་གདན་ཞུས་བཞིན་ཨེ་ཐ་ལིར་ཕེབས་ནས་ཞང་ཞུང་སྙན་བརྒྱུད་ཀྱི་སྐོར་ལ་འཆད་འཁྲིད་གནང་། དེ་བཞིན་ཕྱི་གླིང་གི་མཁས་དབང་སི་ནལ་དགེ་རབ་ལགས་དང་ལྷན་དུ་བོན་གྱི་ཐེག་པ་རིམ་དགུ་ཞེས་པའི་དཔེ་དེབ་དབྱིན་བསྒྱུར་གྱིས་པར་བསྐྲུན་བྱས་པ་ལ་བརྟེན་ནས་ནུབ་ཕྱོགས་པས་བོན་གྱི་ཞིབ་འཇུག་གི་ཁ་ཕྱོགས་དུས་སྐབས་གསར་པ་ཞིག་ལ་བསྒྱུར་བ་སོགས་ཀྱི་སྐོར་འཁོད་ཡོད།
   དེ་རྗེས་བྱེས་ཀྱི་གདན་ས་སྨན་རིའི་དགེ་བཤེས་ཁྲི་གཡུང་དྲུང་ལགས་ཀྱིས་བོན་པོ་དང་རྙིང་མ་པ་ཐུན་མོང་གི་གཏེར་སྟོན་པ་ཁག་གཅིག་གི་སྐོར་ཞེས་པའི་བརྗོད་གཞིའི་ཐོག་ལ་གཏམ་བཤད་གནང་། ཁོང་གིས་བོན་གྱི་གཏེར་མའི་ལོ་རྒྱུས་ལས་འཕྲོས་ཏེ་བོན་དང་རྙིང་མ་གཉིས་ཀའི་གཏེར་སྟོན་བརྒྱ་རྩའི་རྣམ་གྲངས་དང་དེ་དག་ལས་གཙོ་བོ་ཁག་གཅིག་གི་རྣམ་ཐར་དང་གཏེར་གནས་ངོས་འཛིན་དང་གསལ་བཤད་གནང་བ་མ་ཟད། བོན་དང་རྙིང་མའི་གྲུབ་མཐའ་གཉིས་ཀའི་གཏེར་སྟོན་ཁག་གཅིག་གི་སྐོར་ལ་ཡང་དཔྱད་ཞིབ་གནང་།
   དེ་རྗེས་ཕྱི་གླིང་པ་ཨ་ལེ་མཁའ་འགྲོ་ལགས་ནས་བོན་གྱི་རྩ་རླུང་འཕྲུལ་འཁོར་གྱི་གཞུང་ཞེས་པའི་སྐོར་ནས་གཏམ་བཤད་ནང་། དཔྱད་གཏམ་འདིའི་ནང་ཁོང་གིས་བོན་གྱི་རྩ་རླུང་འཕྲུལ་འཁོར་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་། འཕྲུལ་འཁོར་གྱི་ཉམས་ལེན་བྱེད་ཐབས་དག་དེང་རབས་ཀྱི་ལུས་སེམས་འཕྲོད་བསྟེན་གྱི་ཤེས་བྱའི་ཁྱབ་ཁོངས་སུ་ལེན་སྟངས་སྐོར་ལ་བགྲོ་གླེང་གནང་།
   དེ་རྗེས་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཀུན་དགའ་ཡེ་ཤེས་ལགས་ཀྱིས་གངས་ཏི་སེ་ནས་མཆེད་པའི་གནས་བདག་གི་དད་མོས་ལ་དཔྱད་པ་ཞེས་པའི་སྐོར་ནས་དཔྱད་གཏམ་གནང་། ཁོང་གིས་བོད་ཀྱི་དད་མའི་རིག་གནས་ལས་གངས་ཏི་སེ་ནས་མཆེད་པའི་བོན་གྱི་དད་མོས་དང་བོད་ཀྱི་ལྷ་ཚོགས་སྐོར་ལ་གཏམ་བཤད་གནང་། དེ་བཞིན་གནས་བདག་གི་རིགས་དབྱེ་དང་བོད་བཙན་པོའི་སྐབས་ཀྱི་སྐུ་བླའི་སྐོར་སོགས་ལ་ཡང་དཔྱད་འཇོག་གནང་།
   དེ་རྗེས་གདན་ས་ཁྲི་བརྟན་ནོར་བུ་རྩེ་ཡི་སློབ་གཉེར་བ་ཚུལ་ཁྲིམས་རབ་བརྟན་ལགས་ནས་བོན་ལུགས་ཀྱི་དཔེ་རྙིང་དུ་འཁོད་པའི་གནའ་རབས་བོད་ཀྱི་མཁས་པའི་རྩོམ་རིག་འཆད་ཐབས་སྐོར་གྱི་སྙན་ཞུ་ཞེས་པའི་སྐོར་ནས་གཏམ་བཤད་གནང་། ཁོང་གིས་གབ་འགྲེལ་སོགས་སུ་བྱུང་བའི་སེངྒེ་མཆོངས་སྟབས་སོགས་བོན་གྱི་འཆད་ཐབས་རྣམ་པ་ལྔའི་སྐོར་ནས་འཕྲོས་ཏེ་གནའ་བོའི་བོན་གྱི་འཆད་ཐབས་འདི་དག་དེང་རབས་ཀྱི་ཁྲིད་ཐབས་དང་དཔེ་འགེབ་ཀྱིས་དཔྱད་གཏམ་སྤེལ།
   དེ་རྗེས་ཕྱི་གླིང་བ་ཀོ་ལན་མི་ལ་ལགས་ཀྱིས་བོད་དང་བལ་ཡུལ་གྱི་བོན་གྱི་ཁྱིམ་བརྒྱུད་སྨན་པའི་བརྒྱུད་རིམ་འཕེལ་འགྱུར་སྐོར་ཞེས་པའི་སྐོར་ནས་གཏམ་བཤད་གནང་། དཔྱད་གཏམ་འདིའི་ནང་ཁོང་གིས་མངའ་རིས་པ་དགེ་སློང་བསྟན་འཛིན་དབང་གྲགས་མཆོག་གིས་གཙོ་བྱས་པའི་བོད་དང་བལ་ཡུལ་གྱི་བོན་གྱི་སྨན་པ་མཁས་པ་མང་པོ་ཞིག་གིས་རང་རང་གི་ཡུལ་དུ་སྨན་པ་བསྐྱེད་སྲིང་དང་དེ་དག་གི་འཕེལ་འགྱུར་སྐོར་ལ་དཔྱད་བརྗོད་གནང་། དེ་བཞིན་བོན་གྱི་གསོ་རིག་འབུམ་བཞིའི་མ་དཔེའི་སྐོར་དང་བོད་ལུགས་གསོ་རིགས་ལ་བོན་ལུགས་དང་གཡུ་ཐོག་ཡོན་ཏན་མགོན་པོ་ནས་བརྒྱུད་པ། སངས་རྒྱས་ཆོས་ལུགས་པའི་བཤད་སྟངས་སོགས་ཁག་གསུམ་གྱི་སྐོར་ལ་ཡང་ཞིབ་དཔྱད་གནང་ཡོད།
   དེ་ནས་ཉིན་གཉིས་པའི་ཞོགས་པར་ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་ཨཱཅཱརྱ་ཤ་བོ་རྟ་མགྲིན་ལགས་ཀྱིས་བོན་ཤ་བའི་རིག་གནས་སྐོར་གྱི་ཞིབ་འཇུག་ཞེས་པའི་སྐོར་ནས་གཏམ་བཤད་གནང་། ཁོང་གིས་ཤ་བའི་རིག་གནས་འདི་ནི་འཛམ་གླིང་གི་གནའ་བོའི་མི་རིགས་དང་རིག་གཞུང་མང་པོ་ཞིག་གི་རིག་གནས་ཀྱི་སྣང་ཚུལ་གལ་ཆེན་ཞིག་ཡིན་པ་དང་། བོད་དང་ཧི་མ་ལ་ཡའི་རིག་གཞུང་གི་ནང་དུ་ཤ་བའི་རིག་གནས་ཀྱིས་རིན་ཐང་ཆེན་པོ་བཟུང་ཡོད་པའི་སྐོར་ཞིབ་བརྗོད་བྱས་ཡོད།
   དེ་རྗེས་བོན་གཞིས་རད་ཎ་སྨན་གླིང་གི་བཙུན་མ་ཕུན་ཚོགས་ཚུལ་འཛིན་ལགས་ཀྱིས་དྲང་སྲོང་མའི་སྡོམ་རྒྱུད་ཀྱི་བྱུང་རིམ་སྐོར་ལས་འཕྲོས་པའི་ཐོག་མའི་དཔྱད་གླེང་ཞེས་པའི་དཔྱད་གཏམ་སྤེལ། ཁོང་གིས་བོན་ལུགས་ལ་དྲང་སྲོང་མ་ནི་སྟོན་པ་གཤེན་རབ་མི་བོ་མཆོག་གི་དུས་སྐབས་ནས་ཡོད་པ་དང་། བོན་གྱི་འདུལ་བ་རྒྱུད་དྲུག་གི་སྐོར། བོན་གྱི་ལུགས་ལ་དྲང་སྲོང་མའི་སྡོམ་རྒྱུད་ནི་ངེས་པར་དུ་དྲང་སྲོང་མ་གཞན་ཞིག་གིས་གནང་མི་དགོས་པ་སོགས་ཀྱི་སྐོར་ནས་གཏམ་བཤད་གནང་ཡོད།
   དེ་རྗེས་གདན་ས་ཁྲི་བརྟན་ནོར་བུ་རྩེའི་སློབ་གཉེར་བ་ཁྱུང་ཁྲི་ལྡེ་ལགས་ཀྱིས་ཧི་མ་ལ་ཡའི་རིག་གཞུང་སློབ་དེབ་ཀྱི་ངོ་སྤྲོད་ཞེས་པའི་སྐོར་ནས་གཏམ་བཤད་གནང་། ཁོང་གིས་གངས་ཅན་ཏི་སེ་རྒྱལ་སྤྱིའི་སློབ་གྲྭའི་འཛིན་གྲྭ་དང་པོ་ནས་བརྒྱད་པའི་བར་གྱི་བོད་ཡིག་སློབ་དེབ་གསར་བསྒྲིགས་ཀྱི་བརྒྱུད་རིམ་དང་དེ་དག་གི་བརྗོད་བྱ་སྐད་ཡིག་དང་ནང་དོན་རིག་པ། རིགས་ལམ། ལོ་རྒྱུས། ཞང་བོད་རྒྱལ་རབས། ཧི་མ་ལ་ཡའི་རྒྱུན་མཁོའི་ཤེས་བྱ། གལ་ཆེའི་མི་སྣ། གནས་རི་དང་དགོན་སྡེ་བཅས་སུ་བྱས་ཡོད་སྐོར་གསལ་འགྲེལ་གནང་།
དེ་རྗེས་ཕྱི་གླིང་བ་མཁས་དབང་ཆལ་སི་རམ་བྷོ་ལགས་ཀྱིས་བལ་ཡུལ་ནང་གི་བོན་གྱི་བླ་རྒྱུད་ལོ་རྒྱུས་ཀྱི་གནས་བབ་ཞེས་པའི་སྐོར་ལ་གཏམ་བཤད་གནང་། ཁོང་གིས་བལ་ཡུལ་ནང་གི་ཡ་ངལ་དང་ཏྲེ་སྟོན། ཁྱུང་པོ། ཆོས་ཚོང་ངམ་ཆོས་རྫོང་། བྱ་ར་སྒར།(སྒང་)ཞུ་བཅས་ཀྱི་བླ་མ་རྒྱུད་པའི་སྐོར་ལ་དཔྱད་གཏམ་རྒྱས་གླེང་གནང་།  
   དེ་རྗེས་འཇར་མན་གནས་བཞུགས་འབུམ་རམས་པ་སྐལ་བཟང་ནོར་བུ་གུ་རོང་ལགས་ནས་འཇར་མན་སྦར་གླིང་དཔེ་མཛོད་དུ་བཞུགས་པའི་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་དཔེ་རྙིང་ཞེས་པའི་སྐོར་ནས་གཏམ་གླེང་གནང་། ཁོང་གིས་འཇར་མན་དུ་བཞུགས་པའི་བོད་ཀྱི་གནའ་དཔེའི་ལོ་རྒྱུས་དང་ཉར་ཚགས་ཀྱི་གནས་བབ་ལས་འཕྲོས་ཏེ་བོན་གྱི་དཔེ་རྙིང་གཟེར་མྱིག་ལེའུ་བཅོ་བརྒྱད་པ་དང་། ཀློང་རྒྱས་གསེར་བྲིས་མའི་ཁྱད་ཆོས་དང་དཔེ་རྙིང་གི་རིན་ཐང་སྐོར་ལ་རྒྱས་བཤད་གནང་ཡོད།
   དེ་རྗེས་གདན་ས་ཁྲི་བརྟན་ནོར་བུ་རྩེའི་དགེ་བཤེས་བསམ་གཏན་གཙུག་ཕུད་ལགས་ཀྱིས་ལྷ་ཞེས་པའི་ཐ་སྙད་འཇུག་ཡུལ་སྐོར་ལ་བསམ་གཞིགས་ཞེས་པའི་སྐོར་ལ་གཏམ་བཤད་གནང་། ཁོང་གིས་ལྷ་ཞེས་པའི་ཞང་སྐད་ནི་སད་ཡིན་པ་དང་། ལྷ་ལ་འཁོར་བ་དང་མྱངས་འདས་ཀྱི་དབྱེ་ཚུལ་ལས་འཕྲོས་ཏེ་བོན་གྱི་ལྷ་ཚོགས་ཀྱི་གྲོལ་ཚུལ་སྐོར་ལ་དཔྱད་གཏམ་སྤེལ།
    དེ་རྗེས་ཕྱི་གླིང་བ་པེ་ཏིག་གིས་བོན་གྱི་གཏོར་མའི་པར་ཤིང་ཞེས་པའི་སྐོར་ལ་གཏམ་བཤད་གནང་། ཁོང་གིས་བོན་གྱི་གཏོར་མའི་པར་ཤིང་ནི་རིགས་སྣ་ཚོགས་ལས་གྲུབ་པ་དང་། དེ་དག་ལས་སེམས་ཅན་དང་བྱ་རིགས་མང་པོ་ཞིག་གི་པར་འགྲེམས་སྟོན། བོན་གྱི་གཏོར་མའི་པར་ཤིང་གི་རིགས་འགའ་ཞིག་འཇར་མན་སོགས་སུ་རིག་གནས་ཀྱི་སྣང་ཚུལ་འདྲ་མཚུངས་ཡིན་པ་སོགས་ཀྱི་སྐོར་ནས་དཔྱད་གཏམ་སྤེལ།
   མཇུག་སྡོམ་སྐབས་སུ་མཁན་པོ་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་གིས་ད་ལམ་གྱི་ཚོགས་འདུའི་གསུང་བཤད་པ་རྣམས་དང་། ཚོགས་ཞུགས་པ་རྣམས་ལ་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་དང་། གསུང་བཤད་པ་རྣམས་ལ་མགུལ་དར་བཅས་ལེགས་གསོལ་མཚོན་རྟེན་གནང་རྗེས་གསུང་བཤད་པ་དང་གོ་སྒྲིག་པ་མཉམ་བཞུགས་ཀྱི་དྲན་རྟེན་སྐུ་པར་བསྒྲོན་ནས་རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོགས་འདུ་ཐེངས་ལྔ་པ་རྒྱལ་ཁ་དང་བདེ་བླག་ངང་མཇུག་ཡོངས་སུ་གྲུབ་པར་ཞུས་ཡོད་པ་བཅས་སོ།།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།