གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དབུ་བརྙེས་ནས་མི་ལོ་ཉེར་ལྔ་འཁོར་བའི་དུས་དྲན་མཛད་སྒོ།

[ཟླ་ཚེས། 2020-01-26 10:47:43][རྩོམ་པ་པོ། མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

   གཤེན་གྱི་རྩིས་གསར་རྣམ་དག་ལས། ཞང་ཞུང་པ་དང་རྒྱ་ནག་པའི་ལུགས་དང་། ནག་རྩིས་ཕལ་ཆེར་དང་། མདོ་གཟེར་མིག་སོགས་ཀྱི་ཟླ་འགོ་དཔྱིད་ར་སྟག་གི་ཟླ་བ་འཁྲུལ་མེད། ཧོར་ཟླ་བཅུ་གཉིས་པ། ཞེས་གསུངས་པ་ལྟར་ཧོར་ཟླ་བཅུ་གཉིས་པའི་དཔྱིད་ར་སྟག་གི་ཟླ་བ་སྟེ། བདག་ཅག་གི་སྟོན་པ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་མཆོག་སྐུ་སྐྱེ་བ་མི་རུ་བཞེས་པའི་འབུམ་འགྱུར་ཟླ་བའི་ཚེས་གཅིག་ཉིན།  ཞང་བོད་ཀྱི་ལུགས་སྲོལ་རྙིང་བའི་ལོ་སར་རམ་ལོ་འགོ་རུ་ངོས་འཛིན་པ་བོན་གྱི་བཀའ་མདོ་རྒྱུད་ཀྱི་དགོངས་དོན་འཁྲུལ་མེད་ཡིན་པ་ལྟར། ཞང་བོད་ལུགས་རྙིང་ལོ་གསར་དང་། གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དབུ་བརྙེས་ནས་མི་ལོ་ཉེར་ལྔ་འཁོར་བའི་དུས་དྲན་མཛད་སྒོ་གཉིས་གདན་ས་ཁྲི་བརྟན་ནོར་བུ་རྩེས་གོ་སྒྲིག་གནང་ཐོག་འབྲེལ་ཡོད་ཚོགས་སྡེ་ཁག་གིས་ཕྱར་གྲུ་མཉམ་འདེགས་གནང་སྟེ་ཕྱི་ལོ་ ༢༠༢༠ ཟླ་ ༠༡ ཚེས་ ༢༥ དཔྱིད་ར་ཧོར་ཟླ་བཅུ་གཉིས་པའི་རྒྱལ་ཟླ་བའི་ཚེས་གཅིག་ཉིན་མཛད་སྒོ་དངོས་སུ་དབུ་ཚུགས།
   དེ་ཡང་སྔ་དྲོ་ཕྱག་ཚོད་ ༠༨ དང་སྐར་ ༣༠ ཐོག་གདན་ས་ཁྲི་བརྟན་ནོར་བུ་རྩེའི་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ། སྒྲུབ་གྲྭའི་མཁན་རིན་པོ་ཆེ། བཤད་སྒྲུབ་མཁན་སློབ་རྣམ་པ་གཙོས་དགེ་འདུན་རྣམ་པ་དང་། སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེའི་སྐུ་ཚབ་སྨན་རིའི་བཤད་སྒྲུབ་སློབ་དཔོན་རིན་པོ་ཆེ་མཆོག འབྲེལ་ཡོད་ཕྱི་རྒྱལ་གཞུང་ཚབ་ཁག་དང་། ཚོགས་སྡེ་ཁག་གི་སྐུ་མགྲོན་རྣམ་པ་གཙོས་རྒྱལ་ཁབ་མི་འདྲ་བ་ཉི་ཤུ་ལྷག་ནས་ཕེབས་པའི་སྐུ་མགྲོན་དང་དད་ལྡན་མི་མང་སྟོང་གསུམ་ལ་ཉེ་བ་རྣམས་མཛད་སྒོའི་ཚོམ་ཆེན་དུ་འཛོམས་སྟེ་གདན་ལ་འཁོད་པ་དང་། མཛད་སྒོའི་གཙོ་སྐྱོང་པ་གཉིས་ནས་སྔོན་འགྲོའི་མཛད་རིམ་ངོ་སྤྲོད་གནང་རྗེས་གྲྭ་མང་བྱིངས་ཀྱིས་བསང་གསོལ་གསུངས།
   ད་ལམ་སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་ ༣༤ པ་མཆོག་མཛད་སྒོའི་དབུ་མགོན་དུ་གདན་འདྲེན་ཞུས་པ་བཞིན་ཞལ་བཞེས་གནང་གྲུབ་པ་དང་། འདི་ནས་འགན་ཁུར་བ་རྣམས་ཀྱིས་གོང་འོག་བརྒྱུད་ལམ་དུ་མའི་སྒོ་ནས་ཕེབས་མཐུན་གྱི་འབད་བརྩོན་ལྷོད་མེད་ཞུས་ཀྱང་བྱ་ཐབས་བྲལ་བའི་གནས་སུ་ལྷག་པ་ནི་བློ་ཕམ་གྱི་གནས་སུ་གྱུར། འོན་ཀྱང་སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་ཆེན་སོ་བཞི་པའི་སྐུ་ཚབ་སྨན་རིའི་བཤད་སྒྲུབ་སློབ་དཔོན་མཆོག་དང་། སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རྣམ་གཉིས་ཀྱིས་སྲིད་པའི་བརྡ་དར་ཆེན་མོ་མཁའ་དབྱིངས་སུ་སྒྲེང་པ་དང་བསྟུན་བཤད་སྒྲུབ་མཁན་སློབ་རྣམ་པ་གཙོས་འདུས་མང་སེར་སྐྱ་ཡོངས་ཀྱི་མཉམ་དུ་ལྷ་རྒྱལ་གསུངས་ཤིང་བསྟན་རྒྱས་སྨོན་ལམ་དབྱངས་སུ་གྱེར།
   དེ་ནས་སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་བླ་བྲང་ནས་སྤྱན་རྒྱ་སྤོས་མེས་མདུན་བསུས་ཏེ་མཛད་སྒོའི་ཚོགས་གུར་ཆེན་མོའི་ནང་བཞུགས་སྟེགས་དུ་ཕེབས་བསུ་ཞུས། མདོ་འཛིན་པས་དངོས་གཞིའི་མཛད་རིམ་ངོ་སྤྲོད་དང་འབྲེལ་འདུས་མང་གིས་རྗེ་ཡི་གསོལ་འདེབས་མ་རིག་མུན་སེལ་གསུང་བཞིན་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་དང་། སྐུ་མགྲོན་གཙོ་བོ་གཡུང་དྲུང་བོན་གྱི་བླ་ཆེན་སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གི་སྐུ་ཚབ་སྨན་རིའི་བཤད་སྒྲུབ་དཔོན་སློབ་རིན་པོ་ཆེ་མཆོག སྐུ་མགྲོན་གཙོ་བོ་བུད་མེད་དང་བྱིས་པ་སྤྱི་ཚོགས་བདེ་དོན་གྱི་བློན་ཆེན་པར་བྷཏ་འགུ་རུང་ Parbat Gurung, Minister of Women, Children and Social Welfare མཆོག་བཅས་རྣམ་པ་གསུམ་ནས་སྣང་གསལ་སྒྲོན་མེ་སྤར་ཏེ་མཛད་སྒོ་དབུ་འབྱེད་གནང་ནས་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་ཞུས།  སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་ནས་དུས་དྲན་ངོ་སྤྲོད་དང་འབྲེལ་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེས་སྐུ་ཚེ་གང་བོར་བསྟན་འགྲོའི་དོན་དུ་སྐུ་ངལ་བསྐྱོན་སྟངས་སྐོར་ལ་གསུང་བཤད་ཟབ་རྒྱས་དབྱིན་བོད་ཤན་སྦྱར་དུ་གནང་།  དེ་ནས་བལ་ཡུལ་དབུས་གཞུང་གི་བློན་ཆེན་ཟུར་པ་ན་ར་འབའ་དྷུར་བྷུ་ར་ཐོ་ཀི་ Nara Bahadur Budathoki, former minister མཆོག་ནས་གསུང་བཤད་གནང་།
  
   དེ་མཚམས་བལ་ཡུལ་ནང་པའི་ཚོགས་ཆེན་གྱི་ཚོགས་གཙོ་ཨཙརྱ་ནོར་བུ་ཤར་པ་ Acharya Norbu Sherpa, President of Bouddha Maha Sangha མཆོག་ནས་གསུང་བཤད་གནང་། དེ་རྗེས་སྐུ་མགྲོན་གཙོ་བོ་བུད་མེད་དང་བྱིས་པ་སྤྱི་ཚོགས་བདེ་དོན་བློན་ཆེན་པཱར་བྷཏ་འགུ་རུང་ Parbat Gurung, Minister of Women, Children and Social Welfare མཆོག་ནས་ཉེར་ལྔའི་དྲན་དེབ་དབུ་འབྱེད་དང་གསུང་བཤད་གནང་ཞིང་སྐྲེ་བ་ཞང་ཞུང་རིག་གནས་མཐུན་ཚོགས་ཀྱིས་བཀྲ་ཤིས་ཞབས་བྲོའི་འཁྲབ་སྟོན་གཟིགས་འབུལ་ཕུལ།
   སྐྱབས་རྗེ་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་ནས་དགོན་འདིའི་བསླབ་པ་སློབ་གཉེར་གནང་སྟངས་སོགས་དང་འབྲེལ་བའི་གསུང་བཤད་གནང་རྗེས་སྐྲེ་བ་ཞང་ཞུང་རིག་གནས་མཐུན་ཚོགས་ནས་རིག་གཞུང་ཞབས་བྲོ་གཟིགས་འབུལ་ཞུས།  འབད་བརྩོན་གཟེངས་ཐོན་ཏེ་གདན་ས་ཁྲི་བརྟན་ནོར་བུའི་རྩེའི་བཤད་སྒྲུབ་སློབ་གཉེར་བའི་ཁྲོད་ནས་སྡུད་གྲྭ་ནས་དབུ་མ་བར་གཞུང་པོད་བཅུ་ཡི་ཤོག་གྲངས་ཆིག་སྟོང་ཙམ་རྒྱུགས་སྤྲད་ཟིན་པའི་སློབ་མ་དང་། བཤད་སྒྲུབ་འདུས་སྡེའི་འཚོགས་དང་འཆད་ར་དཔེ་ཁྲིད་དཔེར་བརྗོད་བཅས་བསྟུད་མར་ལོ་ངོ་བཅུ་གསུམ་དང་བཅུ་གཉིས་སོགས་ལོ་གྲངས་མང་པོའི་རིང་ལ་མ་ཆད་པའི་སློབ་མ་བཅས་ལ་གཟེངས་རྟགས་གནང་། དེ་བཞིན་དུས་འགྱུར་སྐབས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཉར་ཚག་གནང་མཁན་ཉག་རོང་དབལ་ཁྱུང་དགོན་གྱི་གལ་ཆེའི་མི་སྣ་དང་། གཡུང་དྲུང་གླིང་གི་མཁན་ཆེན་ཁྲི་ཐོག་ ༡༡ རིན་པོ་ཆེ། རྒྱལ་བ་གཤེན་རིན་པོ་ཆེ། ཁྲི་འཛིན་ ༣༤ རིན་པོ་ཆེ་བཅས་ལ་གཟེངས་བསྟོད་དུ་སྐུ་གསུང་ཐུགས་གསུམ་གྱི་རྟེན་དོད་ཕུལ། དེ་མཚམས་འོམ་གློ་བོན་ཚོགས་ཀྱིས་ཤོན་གྱི་འཁྲབ་སྟོན་གཟིགས་འབུལ་ཞུས་པ་དང་།  སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེས་མཆོག་ཉིད་ཀྱི་གསུང་འབུམ་པོད་གྲངས་ ༢༢ ཅན་དང་། ཞལ་གདམ་ཕྱོགས་བསྒྲིགས་དེབ་ཆེ་ཆུང་གཉིས་བཅས་དབུ་འབྱེད་དང་འབྲེལ་སྐུ་ཚེ་གང་པོར་བསྟན་དོན་ཁུར་དུ་བཞེས་པའི་ལོ་རྒྱུས་སྙིང་བསྡུས་དབྱིན་བོད་གཉིས་ཐོག་ནས་གསུང་བཤད་བཀའ་དྲིན་ཆེ་བ་བསྩལ། དེ་ནས་ཉིན་གུང་གསོལ་ཚིགས་མཆོད་བཞིན་མུ་མཐུད་གཞས་སྣ་གཟིགས་འབུལ་ཞུས། 
   ཕྱི་དྲོའི་ཕྱག་ཚོད་ ༠༢།༣༠ ནས་སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་དང་། རྩོམ་སྒྲིག་འགན་འཛིན་ཝ་ཎའི་དགེ་རྒན་དགེ་བཤེས་ཕུན་ཚོགས་ཉི་མ་ཟུང་ནས་རིག་གཞུང་སློབ་དེབ་<<ཧི་མ་ལ་ཡི་འོད་སྣང་>>དེབ་བརྒྱད་དབུ་འབྱེད་དང་། སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་ནས་ཉིད་ཀྱི་གསུང་འབུམ་དེབ་གསུམ། ཁྲི་འཛིན་ ༣༤ པའི་སྐུ་ཚབ་སྨན་རིའི་བཤད་སྒྲུབ་དཔོན་སློབ་རིན་པོ་ཆེ་ནས་སྔར་སྲོལ་གསོ་རིག་འབུམ་བཞིའི་ལོ་དེབ་<<དཔྱད་བུ་ཁྲི་ཤེས་>>འདོན་ཐེངས་གཉིས་པ་ཅན་དང་། སྒྲུབ་གྲྭའི་མཁན་རིན་པོ་ཆེ་མཆོག་ནས་<<བགྲེས་པོའི་འབེལ་གཏམ་>>ཕྱོགས་བསྒྲིགས་དེབ་ལྔ་བཅས་དབུ་འབྱེད་སྟབས་གཅིག་ཏུ་གནང་། གངས་ཅན་ཏི་སེ་རྒྱལ་སྤྱིའི་སློབ་གྲྭ་ནས་གཞས་དང་ཞབས་བྲོ་གཟིགས་འབུལ་ཞུལ། སྐབས་ཉེར་ལྔ་པའི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་འགྲོ་མགོན་བླ་མ་ཚུལ་ཁྲིམས་རྣམ་རྒྱལ་ལགས་ནས་བཤད་སྒྲུབ་འདུས་སྡེའི་ཉིན་རེའི་སློབ་སྦྱོང་སྐོར་གསུང་བཤད་གནང་སྟེ་སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭས་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས། དེ་མཚམས་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པའི་སྐུ་ཚབ་བཤད་སྒྲུབ་སྨན་རིའི་སློབ་དཔོན་དགེ་ལེགས་རྒྱ་མཚོ་མཆོག་ནས་བོན་བསྟན་གྱི་གནས་བབ་དང་འབྲེལ་བའི་སྐོར་ནས་བཀའ་སློབ་ཟབ་རྒྱས་གནང་། ཕྱྭ་སྲས་ཀེང་ཙེའི་སློབ་གྲྭ་དང་། ཏ་པི་ཧྲི་ཙའི་སློབ་གྲྭ  ཌོ་ལན་ཇིའི་སློབ་ཟུར་ཚོགས་པ་སོགས་ཀྱིས་བྲོ་གླུ་གཞས་གསུམ་གྱི་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས། མཇུག་ཏུ་གྲྭ་ཚང་བླ་མ་དགེ་བཤེས་བློ་གྲོས་མཆོག་ལེགས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་ནས་དགོང་དྲོའི་གསོལ་ཚིགས་གྲུབ་པ་དང་ཉེར་ལྔའི་མཛད་སྒོ་མཇུག་ཡོངས་སུ་རྫོགས་པའི་གནས་ཚུལ་དུ།
མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ཕྱི་ལོ་ ༢༠༢༠ ཟླ་ ༠༡ ཚེས་ ༢༥ ཉིན།
པར་པ་ཁྱུང་ཐོག་རྒོད།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།