ཁམས་བླ་ཁྲི་དགོན་པས་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་ལ་བརྟན་བཞུགས་ཕུལ་བ།

[ཟླ་ཚེས། 2020-01-25 22:05:54][རྩོམ་པ་པོ། ཁམས་བླ་ཁྲི་དགོན་འདུས་སྤྱི།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

   རང་རེ་གཡུང་དྲུང་བོན་གྱི་གྲུབ་མཐར་ཞུགས་པའི་བོན་འབངས་ཡོངས་ལ་ཆེད་དུ་ཞུ་གསོལ།སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་གདུགས་དཀར་སྲིད་ཞིའི་ཏོག་ཏུ་བསྒྲེངས་པའི་རྒྱལ་བ་གཤེན་རབ་མི་བོའི་མདོ་སྔགས་རིག་པའི་དགོངས་རྩལ་ཐུགས་ལ་མངའ་བའི་སྐྱེས་བུ་ཆེན་པོ། ཕྱི་དར་བཤད་སྒྲུབ་བསྟན་པའི་གསལ་བྱེད་དམ་པ་རྒྱལ་བ་སྨན་རི་བའི་སྐུ་ཤ་རློན་པ།སྐྱབས་རྗེ་རྒྱལ་བ་སྨན་རི་བའི༧ཡོངས་འཛིན་སྨྲ་བའི་སེང་གེ་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གིས་བསྟན་དང་འགྲོ་བའི་དོན་དུ་རྒྱལ་སྲས་གཡུང་དྲུང་སེམས་དཔའི་མཛད་བཟང་རླབས་ཆེན་བསྐྱངས་ཤིང་། གསང་གསུམ་བོན་གྱི་འཁོར་ལོ་ཡངས་པའི་འཇིག་རྟེན་ཁམས་སུ་གདུལ་བྱ་རིགས་ཅན་ཀུན་ཀྱི་བགོ་སྐལ་དུ་ཡུན་རིང་བསྐོར་ཏེ་སྐུ་ཡི་དགུང་གྲངས༩༥བཞེས་པའི་བླ་ན་མེད་པའི་བཀའ་དྲིན་མཚོན་པའི་དགྱེས་སྟོན་དང་། དེ་བཞིན་སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་གི་སྐུ་མཆོག་གསེར་གྱི་རི་དབང་བརྗིད་པོ་རང་ཅག་གདུལ་བྱའི་མགོན་དུ་སྐུ་ཚེ་བསྐལ་པ་བརྒྱ་ཡི་བར་དུ་བཞུགས་ཤིང་། རྗེ་བླ་མ་མཆོག་གི་སྐུ་གསུང་ཐུགས་གསུམ་གྱི་མཛད་པའི་འཕྲིན་ལས་ཐ་དག་གེགས་མེད་ལྷུན་གྱིས་འགྲུབ་པའི་སྐུ་ཕྱྭའི་ཞབས་བརྟན་དུ་དམིགས་ཏེ།
འདིར་བླ་ཁྲིའི་བླ་མ་རྒྱལ་བ་གཡུང་དྲུང་རིན་པོ་ཆེ་མཆོག་གིས་བཀའ་དགོངས་ཟབ་མོ་དངོས་སུ་བབས་པ་ལྟར།ཁམས་བླ་ཁྲི་དགོན་གྱི་ལས་སྣེ་དང་། བླ་མ་གྲྭ་ཚང་། བོན་འབངས་ལྷ་སྡེ་ཡོངས་ཀྱིས་སྤྱི་ལོ2020ཟླ་1པོའི་ཚེས23ཉིན་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་ལ་ཞབས་བརྟན་རྒྱས་འབུལ་སྤེལ་བ་དང་།
 
   དེ་བཞིན་ཡོངས་འཛིན་སྨྲ་བའི་སེང་གེ་རིན་པོ་ཆེའི་སྐུ་ཚེ་མི་འགྱུར་གཡུང་དྲུང་གི་གཤིས་སུ་བརྟན་པའི་སྐུ་ཕྱྭ་རུ། གནམ་ལོ་གསར་བའི་ནང་དུ་ཁ་འདོན་དགེ་སྦྱོར་དང་། ཕྱག་སྐོར་སྒྲུབ་སྦྱོང་། ཚེ་བསྙེན་བསོག་སྒྲུབ།3030989སྡིག་སྤོང་དགེ་སྐུལ་སོགས་བྱས་དང་བྱེད་ཀྱིན་ཡོད་པ་ལགས།
   སླད་མར་སྐྱབས་རྗེ་སྨྲ་བའི་དབང་པོ་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ་བསྟན་དང་འགྲོ་བའི་མགོན་དུ་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོ་རུ་སྐུ་ཚེ་བསྐལ་པ་བརྒྱ་ཡི་བར་དུ་བཞུགས་ཤིང་གསང་གསུམ་བོན་གྱི་ཆར་རྒྱུན་ཟད་མི་ཤེས་པ་སྩོལ་བའི་སྨོན་འདུན་ཞུ་བ་དང་ཆབས་ཅིག་སྤྱི་ལོ2020-1-23ཉིན་ཁམས་བླ་ཁྲི་དགོན་འདུས་སྤྱི་ནས།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།