བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཐེངས་བཅུ་པ།
[ཟླ་ཚེས། 2020-01-12 20:38:35][རྩོམ་པ་པོ། བཀོད་སྒྲིག་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
སྤྱི་ལོ་2020ལོའི་ཟླ་1ཚེས་7ནས་ཚེས་11བར་བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཐེངས་བཅུ་པ་དེ་སི་ཁྲོན་ཁྲི་འདུ་གྲོང་ཁྱེར་ཧོང་ནན་གསོལ་མགྲོན་ཁང་དུ་གཟབ་རྒྱས་ངང་འཚོགས།

རྒྱ་ཆེའི་ཀློག་མཁན་ཁྲི་སྟོང་མང་པོས་མཁྱེན་གསལ་ལྟར་བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་འདི་ནི་སྤྱི་ལོ་ཉིས་སྟོང་བཅུ་ཐམ་པའི་ལོ་ནས་བཟུང་སྟེ་ལོ་རེ་རེའི་ལོ་མཇུག་ཙམ་ལ་སི་ཁྲོན་ཞིང་ཆེན་ཁྲི་འདུ་གྲོང་ཁྱེར་དུ་ཐེངས་རེ་འཚོགས་ཏེ་བོན་གྱི་རིག་གནས་དང་ལོ་རྒྱུས། གཞུང་ལུགས། ཆོ་ག་སོགས་གལ་ཆེའི་རང་བཞིན་གྱི་ཐ་སྙད་རྣམས་རྒྱ་ཡིག་ཏུ་བསྒྱུར་ནས་གྲུབ་འབྲས་ངེས་ཅན་ཞིག་བླངས་དང་ལེན་བཞིན་ཡོད་པས། ཀུན་གྱིས་རེ་བ་དང་ཡིད་ཆེས། གདེང་འཇོག་ཚད་མཐོན་པོ་བྱས་ནས་དགའ་བསུ་མི་ཉུང་བ་ཐོབ་ཡོད།

ཡིག་བསྒྱུར་ཚོགས་པ་འདི་2013ལོ་ནས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཆེན་མོའི་ཚན་ཆུང་ཞིག་ཏུ་གྱུར་ཅིང་ཚོགས་པས་བཀོད་སྒྲིག་འོག་ལོ་རེར་འགན་འཛིན་མི་སྣ་གཉིས་རེ་བདམས་ནས་ཡིག་བསྒྱུར་གྱི་ས་གནས་སི་ཁྲོན་ཁྲི་འདུ་གྲོང་ཁྱེར་དང་། དུས་ཚོད་ལོ་མཇུག་ཙམ་ལ་འཚོགས་རྒྱུ་གཏན་འཁེལ་བྱས་ནས་ལོ་འཁོར་བཅུ་ཐམ་པ་འགོར་བ་རེད།

སྤྱི་ལོ་ཉིས་སྟོང་བཅུ་དགུ་ལོའི་འགན་འཛིན་པ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཞོན་ཨ་གྲགས་བླ་མ་ཤེས་རབ་དཔལ་ཆེན་དང་རྒྱུན་ལས་ལས་འཛིན་པ་སྤྲུལ་རིག་སྔགས་རྒྱ་མཚོ་རྣམ་གཉིས་ནས་ཀྱང་གོང་ཞུས་ལྟར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཆེན་མོའི་བཀོད་སྒྲིག་དང་ལེན་བྱས་ཏེ། མགྲོན་བརྡ་གཏོང་རྒྱུ་དང་འཚོགས་ཁང་བཀོད་སྒྲིག ཆེད་ལས་མི་སྣ་གདན་འདྲེན་སོགས་ཀྱི་འགྲོ་གྲོན་ཆ་ཚང་གི་འགན་ཁུར་བཞེས་ཏེ། འཚོགས་དུས་ཀྱང་དགོས་དབང་གིས་2020ལོའི་ཟླ་1ཚེས་7ནས་ཚེས་11བར་གཏན་འཁེལ་བྱས་ཐོག དེང་སྐབས་བོད་རྒྱ་ཡིག་རིགས་གཉིས་ཐོག་ནས་ཆེད་མཁས་པ་དང་། བོན་གྱི་རིག་གནས་དང་ལོ་རྒྱུས་མཁས་དབང་། གཞུང་ལུགས་རབ་འབྱམས་སྨྲ་བའི་བཤེས་གཉེན་མང་པོ་གདན་འདྲེན་ཞུས་ཏེ་སི་ཁྲོན་འཁྲི་འདུ་གྲོང་ཁྱེར་ཧོང་ནན་གསོལ་མགྲོན་ཁང་དུ་ཉིན་ལྔའི་རིང་ལ་འཚོགས་པ་རེད།

ཚོགས་ཞུགས་ལ་ཡང་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་གཙོས་པའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཞོན་ཁག་ཅིག་དང་རྒྱུན་ལས་ཁག་གཅིག དེ་བཞིན་སྐད་གཉིས་སྨྲ་བའི་དགེ་བཤེས་དང་གྲྭ་མང་རྣམ་པ། ཁྱད་པར་དུ་སྐད་གཉིས་སྨྲ་བའི་དབང་པོ་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྫ་པ་ཚེ་རིང་འགྱུར་མེད་དང་དགེ་རྒན་ཆེན་མོ་གཙུག་ཏོར་རྒྱལ། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་མཁས་དབང་དོན་གྲུབ་ལྷ་རྒྱལ། བོད་ཀྱི་སློབ་གསོ་བ་གྲགས་ཅན་མཁས་དབང་ས་ཡུལ་ཁྲོ་བོ་རྒྱལ་མཚན། དེ་བཞིན་ལྷོ་ནུབ་མི་རིགས་སློབ་ཞིབ་འཇུག་སློབ་མ་སོགས་ཆེད་མཁས་མི་སྣ་ལྔ་བཅུ་ལྷག་འཚོགས་པ་དང་།

༢༠༢༠་༡་༧ཉིན་གྱི་སྔ་དྲོ་ཆུ་ཚོད་༩དང་༣༠སྟེང་གྲོས་ཚོགས་དངོས་སུ་འཚོགས་ཏེ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་ལགས་ཀྱིས་མདོ་འཛིན་གནང་།

ཐོག་མར་ཐེངས་བཅུ་བའི་གྲོས་ཚོགས་ཀྱི་འགན་འཛིན་པ་ཨ་གྲགས་སྤྲུལ་སྐུ་ཤེས་རབ་དཔལ་ཆེན་གྱིས་དབུ་ཚུགས་ཀྱི་གསུང་བཤད་གནང་།

དེ་ནས་ཚོགས་མགོན་དུ་ཕེབས་པའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་ནས་བཀྲ་ཤིས་རྟེན་འབྲེལ་གྱི་གསུང་བཤད་གལ་ཆེན་གནང་། དེ་ནས་གྲོས་ཚོགས་དངོས་ལ་འཇུག་སྟེ། བསྒྱུར་གཞིའི་ཐད་སྔར་གྱི་ལས་ཀའི་ལྷག་མ་<<གཡུང་དྲུང་བོན་གྱི་གནས་ཚུལ་ངོ་སྤྲོད་>>དང་། དགེ་བཤེས་བསོད་གོས་ཕྱོགས་བསྡུས་བྱས་པའི་་མདོ་གཟེར་མིག་གི་ཐ་སྙད་གལ་ཆེན་སྐོར། སེང་སྤྲུལ་རིག་འཛིན་ཉི་མས་ཕྱོགས་བསྡུས་བྱས་པའི་ཐ་སྙད་སྐོར། ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་མཆོག་གི་ཞབས་བརྟན་གསོལ་འདེབས། གཡུང་དྲུང་ཆག་ཤིང་གི་སྐོར་དང་སྲིད་པའི་བརྡ་དར་གྱི་ངོ་སྤྲོད་སོགས་ཀྱི་ཐ་སྙད་རེ་རེ་བཞིན་གདར་ཤ་བཅད་ཅིང་།



ལོ་ལྟར་འགྲོ་རིམ་བཞིན་སྔ་དྲོར་མདོ་འཛིན་པ་གཉིས་དང་ཕྱི་དྲོར་མདོ་འཛིན་གཉིས་རེ་རེས་མོས་གནང་སྟེ་སྔར་ལོ་ལྔ་ཙམ་གྱི་རིང་ལ་ལས་ཀ་བྱས་པའི་གཡུང་དྲུང་བོན་གྱི་ལོ་རྒྱུས་ངོ་སྤྲོད་དང་ཐ་སྙད་རེའུ་མིག་བཅས་ལ་བསྐྱར་དུ་ཞུ་དག་དང་གོ་རིམ་དག་སྒྲིག་ལེགས་པོ་བྱས།



དེ་ནས་སྤྱི་ཚེས་༡༡ཉིན་གྱི་ཆུ་ཚོད་༡༡་༣༠སྟེང་བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཐེངས་བཅུ་བའི་མཇུག་བསྡོམས་འཚོགས་པ་དང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་རིན་སྤུངས་ཚུལ་བསྟན་གྱིས་མདོ་འཛིན་གནང་སྟེ། སངས་རྒྱས་གཡུང་དྲུང་བོན་གྱི་ཞལ་འདོན་ཕྱོགས་བསྒྲིགས་ཐེངས་གཉིས་པ་པར་སྐྲུན་དང་ཞུ་དག་གནང་རྒྱུ། གཡུང་དྲུང་བོན་གྱི་ངོ་སྤྲོད་མདོར་བསྡུས་སོགས་སྒྲིག་ཞུ་སོགས་ཀྱི་འགན་འཛིན་མི་སྣ་བཀོད་སྒྲིག་གནང་བ་དང་། དེ་ནས་ཐེངས་བཅུ་གཅིག་པའི་འགན་འཛིན་མི་སྣ་ལ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་པ་ཐེ་བོ་ལེགས་ལུང་གཙོ་ཚང་དགོན་པའི་མཁན་པོ་ཚེ་དབང་རིག་འཛིན་དང་མདོ་སྨད་སྣང་ཞིག་དགོན་ཆེན་གྱི་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་ཆེན་མོ་གཡུང་དྲུང་བསམ་གཏན་རྣམ་གཉིས་ནས་འགན་བཞེས་གནང་རྒྱུ་དང་།



དེ་ནས་ཐེངས་རྗེས་མའི་བསྒྱུར་བྱ་ལ། རྒྱལ་བའི་བཀའ་རིན་པོ་ཆེ་སྲིད་པའི་མཛོད་ཕུགས་ནང་གི་ཐ་སྙད་སྐོར་བསྒྱུར་རྒྱུ་དང་། ཕྱོགས་གནང་མཁན་ལ། མཛོད་གནས་དང་པོ་ནས་དྲུག་པའི་བར་དུ་མདོ་སྨད་སྣང་ཞིག་དགོན་ཆེན་གྱི་སྣང་མཐའ་བསྟན་འཛིན་ཉི་མ་ལགས་ནས་གནང་རྒྱུ། མཛོད་གནས་བདུན་པ་ནས་བཅུ་གཉིས་པའི་བར་མདོ་སྨད་རྟོགས་ལྡན་དགོན་ཆེན་གྱི་འགྱུར་མེད་ལགས་ནས་གནང་རྒྱུ། མཛོད་གནས་བཅུ་གསུམ་པ་ནས་བཅུ་བདུན་བར་དཀར་མཛེས་རྟའུ་དགུ་རྫ་དགོན་པའི་སྤྲུལ་བསྟན་འཛིན་རྣམ་རྒྱལ་ལགས་ནས་གནང་རྒྱུ་བཅས་ཀྱི་གྲོས་ཆོད་གནང་།




དེ་ནས་ཐེངས་འདི་ལ་དམིགས་བསལ་དུ་ཕེབས་པའི་དགེ་རྒན་དང་ཞབས་ཞུ་མི་སྣ་ཁག་གཅིག་ལ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ངོས་ནས་བཀྲ་ཤིས་པའི་དར་དཀར་སོགས་ཀྱི་ལེགས་སྐྱེས་གནང་།

དེ་ནས་ཐེངས་བཅུ་བའི་འགན་འཛིན་པ་སྤྲུལ་རིག་སྔགས་རྒྱ་མཚོ་དང་ཨ་གྲགས་སྤྲུལ་ཤེས་རབ་དཔལ་ཆེན་རྣམ་གཉིས་ནས་ཚོགས་ཞུགས་པ་ཡོངས་ལ་བཀའ་དྲིན་ལེགས་གསོལ་གྱི་གསུང་བཤད་གནང་། དེ་ནས་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་ནས་མཇུག་བསྡོམས་ཀྱི་བཀའ་སློབ་ཟབ་རྒྱས་གནང་སྟེ། ཐེངས་འདིའི་ཡིག་བསྒྱུར་གྱི་བྱ་བའི་གྲུབ་འབྲས་གཟེངས་སུ་མཐོ་ཞིང་རྒྱལ་ཁའི་ངང་ནས་མཇུག་བསྒྲིལ་བ་སོགས་ཀྱི་གནས་བསྡུས།

བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཐེངས་བཅུ་བའི་འགན་འཛིན་ཚན་ཆུང་ནས་བྲིས།