སྐྱེས་ཆེན་རྣམ་ཐར་མཁོ་འདོན་ཞུ་རྒྱུའི་གལ་ཆེའི་འབོད་སྐུལ།
[ཟླ་ཚེས། 2019-12-12 22:15:59][རྩོམ་པ་པོ། བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
གཡུང་དྲུང་བོན་གྱི་བསྟན་པའི་དོན་དང་སྔོན་བྱོན་སྐྱེས་ཆེན་གོང་མའི་
མཛད་ཕྲིན་ལ་དད་པ་དང་ལྷག་བསམ་ཅན་ཡོངས་ཀྱི་
སྙན་ལམ་དུ་བསྒྲོན་རྒྱུ།
སྐྱེས་ཆེན་རྣམ་ཐར་མཁོ་འདོན་ཞུ་རྒྱུའི་གལ་ཆེའི་འབོད་སྐུལ།.pdf
གོང་གི་ཡི་གེ་སྔོན་པོ་འདི་གནོན་དང་པར་ཡིག་གཟིགས་ཐུག
༧རྒྱ་ཆེའི་བོན་འབངས་སྡེ་དགོན་རྣམས་དང་བོན་གྱི་གཞུང་ལུགས་ལ་དཔྱད་འཇོག་གནང་བའི་དཔྱོད་ལྡན་རྣམ་པ་ལགས། གཡུང་དྲུང་བོན་གྱི་བསྟན་པ་དང་རིག་གཞུང་ནི་ང་ཚོའི་ཕ་མེས་ཡང་མེས་ཀྱིས་ང་ཚོ་ལ་བརྒྱུད་སྤྲོད་གནང་བའི་འདི་ཕྱི་དོན་ཡོད་བྱེད་པའི་རིན་བྲལ་གྱི་ནོར་བུ་ངོ་མ་དེ་ཡིན་ཞིང་། ད་སྐབས་བོན་བསྟན་སྤྱི་ལ་ལྷག་བསམ་དང་མཛད་རྗེས་ཆེ་བའི་དཔོན་གསས་བླ་མ་༧འོད་ཟེར་སྦྱིན་པ་ཕུན་ཚོགས་རིན་པོ་ཆེ་མཆོག་གིས་དགོངས་པ་ནི་གཤེན་བསྟན་རིན་པོ་ཆེ་འདི་ཉིད་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་སྒོ་ནས་ཇི་ལྟར་འཛིན་སྐྱོང་སྤེལ་གསུམ་དགོས་པའི་ཐད་ལ། སྔར་སོང་ལོ་རྒྱུས་ཀྱི་བསླབ་བྱ་ལེན་པ། ད་ལྟའི་སྤྱི་ཚོགས་ཀྱི་འགྲོས་བསྟུན་མཁས་པ། མ་འོངས་རྒྱུད་འཛིན་གསོ་སྐྱོང་གི་ཇུས་འགོད་འདངས་པ་བཅས་གསུམ་གྱི་ལམ་ནས་བསྐྱང་དགོས་པ་ཡིན་གསུངས་པས། ང་ཚོས་ཅི་ནས་ཀྱང་ཤེས་དགོས་ངེས་ཞིག་ནི། སྔོན་བྱོན་སྐྱེས་ཆེན་རྣམ་པས་ཟང་ཟིང་གི་འདོད་ཡོན་དང་ཆབ་སྲིད་ཀྱི་བསླུ་བྲིད་རྒོད་པོའི་འོག་ནས། གཅེས་པའི་སྐུ་སྲོག་འབེན་ཏུ་བཙུགས་ཏེ་བོན་གྱི་བསྟན་དོན་ཁོ་ན་གཟིགས་པའི་ཐུགས་སྤོབས་དང་། སྲིད་པའི་ཕུན་ཚོགས་མཆི་མ་བཞིན་དོར་ཏེ་རྩེ་གཅིག་སྒོམ་སྒྲུབ་ཉམས་ལེན་གནང་བའི་རྣམ་ཐར་བཅས་ལ་མཉམ་འཇོག་དགོས་རྒྱུ་དེ་གལ་ཆེན་ཞིག་ཡིན་པ་དང་།
ལྷག་པར་དུ་ད་ལྟའི་བོན་གྱི་བཤད་སྒྲུབ་སྒོམ་པའི་སློབ་ཚོགས་ཁྲོད་དུ་བསྟན་པའི་གསལ་བྱེད་འཆད་ཉན་རྣམ་དག་ཅིག་དང་། བསྟན་པའི་ཉམས་ལེན་སྒོམ་སྒྲུབ་རྣལ་མ་ཞིག་ཡོང་དང་མི་ཡོང་ནི་བཤེས་གཉེན་བསྟེན་ཚུལ་ཡང་དག་ཡོད་མེད་ལ་རག་ལས་ཤིང་། དེའང་སྟེན་བྱེད་སློབ་མ་དང་བསྟེན་བྱ་བླ་མ་གཉིས་ཀའི་ངོས་ནས། སྔོན་བྱོན་གསང་བ་སྔགས་ཀྱི་རིག་འཛིན་བླ་ཆེན་དྲན་པ་ཡབ་སྲས་ནས་རིམ་བྱོན་རྣམས་དང་། མདོ་སྔགས་ཟུང་འབྲེལ་གྱི་སྲོལ་འཛིན་འ་ཞ་བློ་གྲོས་རྒྱལ་མཚན་དང་རྗེ་བཙུན་མཉམ་མེད་པ་གཙོས་པའི་བསྟན་འཛིན་སྐྱེས་ཆེན་དར་དཀར་གྱི་ཉག་ཐག་ལ་མུ་ཏིག་གི་ཕྲེང་བ་བརྒྱུས་པ་བཞིན་བྱོན་པ་དག་གི་རྣམ་ཐར་ལ་ཉམས་ལེན་བྱ་བའམ་མིག་དཔེ་བཟུང་རྒྱུ་དེ་ཡིན་པ་དང་།
གཞན་ཡང་བོན་ཞིབ་འཇུག་གནང་བའི་མཁས་དབང་རྣམ་པས་བོན་གྱི་ལྟ་གྲུབ་ཀྱི་ངོ་བོ་དང་ལོ་རྒྱུས་ཐོག་གི་བོན་གྱི་གནས་བབ་བཅས་ལ་ཉམས་ཞིབ་བྱེད་པའི་དཔྱད་གཞི་མེད་དུ་མི་རུང་བའི་ཆ་ཤས་གཅིག་ནི་སྔར་བྱོན་བོན་གྱི་སྐྱེས་ཆེན་ཚོའི་རྣམ་ཐར་རམ་ལོ་རྒྱུས་ལ་གཟིགས་རྟོགས་བྱ་རྒྱུ་དེ་ཡིན་ཕྱིར། དགོས་གལ་ཆེན་པོ་དེ་དག་ལ་རྣམ་དཔྱོད་ཀྱི་འཇུག་པ་ཅུང་ཞིག་ཡངས་པར་བྱས་པའི་ཁུལ་འཆང་སྟེ། ངེད་ཁྱུང་པོ་སྟེང་ཆེན་དགོན་གྱི་༼གཡུང་དྲུང་བོན་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་༽ཁང་གི་བླ་མའི་རྣམ་ཐར་བསྒྲིགས་ཟིན་པ།
༡ ༽ མདོ་འདུས།
༢ ༽ མདོ་གཟེར་མིག
༣ ༽ རྒྱུང་ཡར་ཁོད་སྤུངས་ཀྱི་ལོ་རྒྱུས་བཞུགས༎ ལུང་བསྟན།
༤ ༽ རྗེ་འབྲུག་རྣམ་ཐར།
༥ ༽ བླ་མ་གཤེན་ཆེན་པོའི་རྣམ་ཐར།
༦ ༽ བླ་མ་བྲུ་ཆེན་པོའི་རྣམ་ཐར།
༧ ༽ བྲུ་ཆེན་ནམ་མཁའ་གཡུང་དྲུང་གི་རྣམ་ཐར།
༨ ༽ འགྲོ་བའི་མགོན་པོ་མཚན་ལྡན་ཞུ་ཡས་ལེགས་པོའི་རྣམ་ཐར་བསྡུས་པ།
༩ ༽ སྤྲུལ་བའི་སྐུ་རྨེའུ་སྟོན་ལྷ་རི་གཉན་པོའི་རྣམ་ཐར།
༡༠ ༽ རྨེའུ་མཁས་པ་དཔལ་ཆེན་གྱི་རྣམ་ཐར།
༡༡ ༽ བླ་མ་ཡར་འབྲོག་པའི་རྣམ་ཐར་མུ་ཏིག་འཕྲེང་བ།
༡༢ ༽ བོན་ཞིག་ཁྱུང་ནག་གི་རྣམ་ཐར།
༡༣ ༽ བླ་མ་གྱེར་མི་ཉི་འོད་དང་རྨ་སྟོན་མཇལ་རབས།
༡༤ ༽ དཔོན་གསས་ཁྱུང་རྒོད་རྩལ་གྱི་རྣམ་ཐར།
༡༥ ༽ གཞོན་སྟོན་གྱི་རྣམ་ཐར།
༡༦ ༽ རྨ་སྟོན་ཤེར་སེང་གི་གཟིགས་སྣང་།
༡༧ ༽ འགྲོ་མགོན་སྨན་གོང་བའི་རྣམ་ཐར།
༡༨ ༽ ལུང་སྟོན་ལྷ་གཉེན་གྱི་རྣམ་ཐར།
༡༩ ༽ ཏོང་མང་གུར་གསུམ་གྱི་རྣམ་ཐར།
༢༠ ༽ ཡ་ངལ་དྲང་སྲོང་མའི་རྣམ་ཐར།
༢༡ ༽ ཁམས་སྒོམ་གྱི་རྣམ་ཐར།
༢༢ ༽ བླ་མ་ཡོན་ཏན་རྒྱལ་མཚན་གྱི་རྣམ་ཐར།
༢༣ ༽ མཐའ་བཞི་གཤེན་རྒྱུད་ཀྱི་རྣམ་ཐར།
༢༤ ༽ བླ་མ་ཞུ་སྒོམ་འཁྲུལ་ཞིག་གི་རྣམ་ཐར།
༢༥ ༽ བླ་མ་ཀུན་དགའ་ཞིག་པོའི་རྣམ་ཐར།
༢༦ ༽ གཤེན་སྒོམ་ཞིག་པོའི་རྣམ་ཐར།
༢༧ ༽ ཁོད་པོ་བློ་གྲོས་ཐོག་མེད་ཀྱི་གཏེར་བཞེས་པའི་རྣམ་ཐར།
༢༨ ༽ རྟོགས་ལྡན་རི་འབྲུག་པའི་སྐྱེ་བ་བཞེས་པའི་རྣམ་ཐར།
༢༩ ༽ སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱི་རྣམ་ཐར་ཉུང་འདུས།
༣༠ ༽ རྗེ་རིན་པོ་ཆེའི་རྣམ་ཐར་པད་མོའི་ཕྲེང་བ།
༣༡ ༽ རྗེ་རིན་པོ་ཆེའི་རྣམ་ཐར་མདོར་བསྡུས་སྐལ་ལྡན་དྭངས་བ་འདྲེན་བྱེད།
༣༢ ༽ མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐར་གནའ་བོའི་ཞལ་ལུང་།
༣༣ ༽ སྤྲུལ་སྐུ་བློ་ལྡན་སྙིང་པོའི་རྣམ་ཐར་ཉུང་འདུས།
༣༤ ༽ རྒྱལ་རིགས་གནམ་བོན་རྫིའུ་རྒྱ་གར་གྱི་གདུང་རབས་རིན་ཆེན་ཕྲེང་བ།
༣༥ ༽ སྤྲུལ་པའི་སྐུ་མཆོག་ཉི་མ་རྒྱལ་མཚན་སོགས་ཀྱི་རྣམ་ཐར་ཕྱོགས་བསྡུས།
༣༦ ༽ གཤེན་ཉི་མ་རྒྱལ་མཚན་གྱི་རྣམ་ཐར་བཀའ་འབུམ་པུ་ཏི་བཅུ་གཉིས་ཀྱི་རྩིས་རྒྱ།
༣༧ ༽ སྤྲུལ་པའི་སྐུ་མཆོག་ཉི་མ་རྒྱལ་མཚན་གྱིས་རྣམ་ཐར།
༣༨ ༽ གདོང་སྒོམ་བསྟན་པ་ལྷུན་གྲུབ་ཀྱི་རྣམ་ཐར།
༣༩ ༽ སྐུ་མདུན་བསོད་ནམས་བློ་གྲོས་ཀྱི་རྣམ་ཐར།
༤༠ ༽ མཁན་ཆེན་བསོད་ནམས་བློ་གྲོས་ཀྱི་རྣམ་ཐར།
༤༡ ༽ སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་རྣམ་ཐར།
༤༢ ༽ མཁས་གྲུབ་རིན་ཆེན་བློ་གྲོས་ཀྱི་རྣམ་ཐར།
༤༣ ༽ འགྲོ་མགོན་ཤེས་རབ་གཡུང་དྲུང་གི་རྣམ་ཐར།
༤༤ ༽ གཤེན་མི་འགྱུར་གཙུག་ཕུད་དབང་རྒྱལ་གྱི་རྣམ་ཐར།
༤༥ ༽ གཤེན་སྲས་ལྷ་རྗེའི་རྣམ་ཐར།
༤༦ ༽ མཁན་ཉི་མའི་རྣམ་ཐར།
༤༧ ༽ དཀར་རུ་གྲུབ་དབང་བསྟན་འཛིན་རིན་ཆེན་གྱི་རྣམ་ཐར།
༤༨ ༽ མེ་སྟོན་ཉི་མ་རྒྱལ་མཚན་གྱི་རྣམ་ཐར།
༤༩ ༽ བདུད་འདུལ་ཚུལ་ཁྲིམས་དབང་གྲགས་ཀྱི་རྣམ་ཐར།
༥༠ ༽ བདེ་གླིང་རྣམ་ཐར།
༥༡ ༽ སྤ་ཉི་མ་འབུམ་གསལ་གྱི་རྣམ་ཐར།
༥༢ ༽ ཤར་རྫའི་རྣམ་ཐར།
༥༣ ༽ ཁོད་སྤུངས་བློ་གྲོས་ཐོག་མེད་ཀྱི་རྣམ་ཐར་སུ་ལ་ཅན།
༥༤ ༽ མདོ་རྒྱུད་གྲགས་པའི་རྣམ་ཐར།
༥༥ ༽ གསང་གླིང་རྣམ་ཐར།
༥༦ ༽ སངས་རྒྱས་གླིང་པའི་རྣམ་ཐར།
༥༧ ༽ ཡོངས་འཛིན་ཚུལ་ཁྲིམས་རྒྱལ་མཚན་གྱི་རྣམ་ཐར།
༥༨ ༽ བྱ་བཏང་རིན་ཆེན་བློ་གྲོས་ཀྱི་རྣམ་ཐར།
༥༩ ༽ སུ་ལ་མཁན་ཆེན་གྱི་རྣམ་ཐར།
༦༠ ༽ འཇིགས་མེད་ནམ་མཁའི་རྣམ་ཐར།
༦༡ ༽ དགེ་བསོད་ཀྱི་འདུལ་རྒྱུད་རྣམ་ཐར་ཤེལ་གོང་མ།
༦༢ ༽ མཁན་ཆེན་ཤེས་རབ་བསྟན་པའི་རྒྱལ་མཚན་གྱི་རྣམ་ཐར་ཉུང་འདུས།
༦༣ ༽ ཡོངས་འཛིན་སངས་རྒྱས་བསྟན་འཛིན་གྱི་རྣམ་ཐར།
རྣམ་ཐར་འདི་དག་གློག་ཀླད་དུ་བསྒྲིགས་ནས་ཞུས་དག་བྱེད་མུས་དང་།
དེ་བཞིན་དཔལ་ལྡན་༼ ཀོ་རྒྱལ་དགོན་ ༽ ནས་བསྒྲིགས་པའི་རྣམ་ཐར་གྱི་མཚན་ཐོ།
༦༤ ༽ སྙན་རྒྱུད་བླ་མ་རྒྱུད་པའི་རྣམ་ཐར།
༦༥ ༽ ཉམས་རྒྱུད་རྣམ་ཐར།
༦༦ ༽ ཨ་ཁྲིད་བླ་མ་རྒྱུད་པའི་རྣམ་ཐར།
༦༧ ༽ རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱི་རྣམ་ཐར།
༦༨ ༽ ཡབ་སྲས་གཤེན་གསུམ་སོགས།
༦༩ ༽ ཞུ་ཡས་ལེགས་པོའི་སྐྱེས་རབས།
༧༠ ༽ ཞུ་སྒོམ་འཁྲུལ་ཞིག་གི་སྐྱེས་རབ་རྣམ་ཐར།
༧༡ ༽ ཞུ་ཡི་གདུང་རབས་ལེགས་མཛོད་བསབ་ཆ།
༧༢ ༽ དམ་པ་རི་ཁྲོད་པའི་རྣམ་ཐར།
༧༣ ༽ གྱེར་མི་ཉི་འོད་སྐྱེས་རབས་སྐྱང་འཕགས།
༧༤ ༽ དབང་ལྡན་གཤེན་སྲས་ཀྱི་སྐྱེས་ཚོགས།
༧༥ ༽ དྲུང་མུ་ཧ་རའི་དངོས་གྲུབ་ཐོབ་ཚུལ།
༧༦ ༽ ཁྲོ་གཉེན་རྒྱལ་མཚན་གྱི་སྐྱེས་ཚོགས།
༧༧ ༽ ཨི་རུ་བསོད་རྒྱལ་གྱི་རྣམ་ཐར།
༧༨ ༽ བློ་ལྡན་སྙིང་པོའི་རྣམ་ཐར།
༧༩ ༽ ཀོ་བོ་ཡེ་རྒྱལ།
༨༠ ༽ ཀུན་གྲོལ་རྣམ་ཐར་ཕྱི་ནང་གསང་གསུམ།
༨༡ ༽ ཟླ་བ་རྒྱལ་མཚན་གྱི་རྣམ་ཐར།
༨༢ ༽ ཤར་རྫའི་རང་རྣམ།
༨༣ ༽ ཧོར་པ་དྲུང་རམས་པའི་རྣམ་ཐར།
༨༤ ༽ རྒྱ་བོ་ནམ་མཁའ་འོད་ཟེར།
༨༥ ༽ དབྲ་སྲས་འཇའ་ལུས་པའི་རྣམ་ཐར།
༨༦ ༽ རྗེ་བཙུན་ནམ་མཁའ་བློ་གྲོས་ཀྱི་རྣམ་ཐར།
༨༧ ༽ ཁྱུང་པོ་བཟོད་པ་རིན་པོ་ཆེའི་རྣམ་ཐར།
༨༨ ༽ སྤྱང་སྤྲུལ་ནམ་མཁའི་རྣམ་ཐར།
༨༩ ༽ ཚུལ་ཆེན་རྣམ་ཐར།
༩༠ ༽ བླ་མ་བྱང་སེམས་ཚུལ་ཁྲིམས་རིན་ཆེན་གྱི་རྣམ་ཐར།
༩༡ ༽ རྟོགས་ལྡན་བླ་མ་རྒྱལ་མཚན་གྱི་རྣམ་ཐར།
༩༢ ༽ བྱང་ཆུབ་འགྱུར་མའི་རྣམ་ཐར།
༩༣ ༽ འཁྲུལ་ཞིག་གཡུང་དྲུང་ཚུལ་ཁྲིམས་ཀྱི་རྣམ་ཐར།
༩༤ ༽ བོན་བརྒྱ་གཡུང་དྲུང་ཕུན་ཚོགས་ཀྱི་རང་རྣམ།
༩༥ ༽ ཉི་མ་ཚུལ་ཁྲིམས་རྣམ་ཐར།
རྣམ་ཐར་རྒྱས་འབྲིང་བསྡུས་པ་འདི་དག་ང་ཚོ་དགོན་སྡེ་གཉིས་ཀྱིས་ཞུས་བསྒྲིགས་བྱས་ཡོད།།
འདིར་ཞུ་བྱ་གཙོ་བོ་ནི། ང་ཚོས་རྣམ་ཐར་འདི་དག་ཕྱོགས་བསྒྲིགས་བྱས་ཏེ་མི་རིང་བ་དཔར་བསྐྲུན་བྱ་འཆར་ཡིན་ཞིང་། དེ་ཡང་སྐབས་བསྟུན་ཚད་གཞི་ངེས་ཅན་ཞིག་གི་སྒོ་ནས་ཏེ། ལྡང་ཚད་ཀྱི་ཆ་ནས་བཀའ་ཐང་ལྟ་བུ་རྣམ་ཐར་གཅིག་ལ་གླེགས་བམ་དུ་མའི་བདག་ཉིད་ཅན་མ་ཡིན་པ་དང་། ལོ་དུས་ཀྱི་ཆ་ནས་སྤྱི་ལོ་༡༩༥༩ཡན་ལ་ཕེབས་ཟིན་པའི་སྐྱེས་བུའི་རྣམ་ཐར་རྒྱས་བསྡུས་རན་པ་དང་། ངོ་བོའི་སྒོ་ནས་དམ་པའི་མཛད་སྤྱོད་རྣམ་པས་གདུལ་བྱའི་རྒྱུད་ལ་ཐར་པའི་ས་བོན་བསྐྲུན་ཐུབ་པའི་རྟོགས་བརྗོད་རིགས་བཅས་ཆ་རྐྱེན་གསུམ་ཐོག་ནས། གོང་དུ་ང་ཚོས་བསྒྲིགས་ཟིན་རྣམས་ཀྱི་མ་དཔེ་གཞན་ཡོད་ན་དཔེ་བསྡུར་དུ་མཁོ་འདོན་གནང་རོགས་ཞུ་རྒྱུ་དང་དེའི་ནང་མ་འཁོད་པའི་གཡུང་དྲུང་བོན་གྱི་སྔ་དར་བླ་མ་གདུང་འཚོབ་མུ་ཆོ་ལྡེམ་དྲུག་ནས་བླ་ཆེན་དྲན་པ་ཡབ་སྲས་སོགས་མདོ་སྔགས་རྫོགས་ཆེན་བརྒྱུད་པའི་བླ་མ་དང་། ཕྱི་དར་གཤེན་གྱེར་རྨ་དབྱིལ་བྲུ་ཞུ་སྤ་རྨེའུ་ཁྱུང་དང་གྲྭ་ས་གོང་འོག་གི་མཁན་སློབ་རིམ་བྱོན་བཅས་ཀྱི་རྣམ་ཐར་ལས། གློག་ཀླད་དུ་བསྒྲིགས་པ་དང་མ་ཕྱི་དཔེ་རྙིང་གང་ཞིག་ཡོད་ན་ང་ཚོར་མཁོ་འདོན་གནང་རོགས་ཞུ་བ་དང་། གཞན་ཡང་ས་ཕྱོགས་གང་ཞིག་ལ་རྩ་ཆེའི་རྣམ་ཐར་དཔེ་དཀོན་བཞུགས་པའི་མཐོང་ཐོས་དོགས་གསུམ་གྱི་རྒྱུས་མངའ་ཡོད་པ་ཡིན་ན། བོན་གྱི་སྡོང་གྲོགས་བོན་གྱིས་བྱེད་པའི་དཔེ་དོན་ཐུགས་ལ་འཆང་སྟེ་ང་ཚོར་མྱུར་དུ་ལམ་སྟོན་གནང་རོགས་ཞུ་བ་ལགས་པས། རེ་བཅོལ་འདི་ལ་རིན་བྲལ་དཔེ་རྙིང་བདག་པོ་རྣམས་དང་བོན་གྱི་རྣམ་ཐར་ལོ་རྒྱུས་དཔེ་ཆ་བཙལ་འཚོལ་གྱི་རྒྱུས་མངའི་མཁྱེན་ལྡན་པ་གང་ན་སུ་བཞུགས་ཡོངས་ཀྱི་ཐུགས་དབྱིངས་ནས་མི་བསྙེལ་མ་གཡེལ་མ་འདའ་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད་ཅིག་ཀྱེ།།
ས་གནས། ཁྱུང་པོ་སྟེང་ཆེན་དགོན་གཡུང་དྲུང་བོན་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་།
འབྲེལ་གཏུག་ཁ་པར་ཨང་། 13551156788-13659551299
ཡིག་སྒམ། 709811689@qq.com
སྐད་འཕྲིན། xrws1376
སྦྲག་སྲིད། 855700
སི་ཁྲོན་ཁྱུང་པོའི་རིག་གནས་འཚོལ་བསྡུ་ཁྱབ་སྤེལ་འགན་འཁྲི་ཚད་ཡོད་ཀུང་སི།
ཁྱུང་པོ་སྟེང་ཆེན་དགོན་གཡུང་དྲུང་བོན་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་ནས།
འབྱུང་ལྡན། ༣༠༡ བོད་ས་ཕག་ལོ། སྤྱི་ལོ། ༢༠༡༩/༡༢/༡༢ ཉིན།