༢༠༡༩ལོའི་ཀོ་རྒྱལ་དགོན་བཤད་སྒྲུབ་འདུས་སྡེའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ།

[ཟླ་ཚེས། 2019-12-07 22:24:23][རྩོམ་པ་པོ། ཤོ་ཁྲི་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༧ ཞྭ་དཀར་གཡུང་དྲུང་བོན་གྱི་བཤད་སྒྲུབ་བསྟན་པའི་འཁོར་ལོ་འཆད་རྩོད་རྩོམ་པའི་བྱ་བར། ཕྱོགས་གང་ས་ནས་མེ་བཞིན་མཆེད་དེ། སློབ་གཉེར་བའི་དཔུང་ཁག་ཀྱང་ཆེ་རྒྱས་དུ་འགྲོ་བཞིན་པའི་ཆར། མེད་དུ་མི་རུང་བ་ནི་ལོ་འཁོར་གྱི་རྒྱུགས་སྤྲོད་ཏེ། སློབ་བརྩོན་གྱི་རྟིང་བསྐུལ་དང་། ཤེས་རིག་གི་འགྲན་རྩོད། སྦྱངས་འབྲས་ཀྱི་བཤམས་སྟོན་སོགས་གལ་ཆེན་ཞིག་ཏུ་ཆགས་ཡོད་ཕྱིར། འདི་ག་ཀོ་བོ་དགོན་བཤད་སྒྲུབ་འདུས་སྡེས་ཀྱང་ལོ་འཁོར་རྒྱུགས་སྤྲོད་མ་སླེབས་གོང་གི་ཉིན་ཉི་ཤུའི་སྔོན་ལ། རིག་གནས་རྒྱུགས་སྤྲོད་དང་། བྲིས་རྒྱུགས། རྩོད་རྒྱུགས་ གཞུང་རྒྱུགས་སོགས་ སྔོན་མ་བཞིན་རིམ་པར་སྤེལ་དུས་ཀྱི་གསལ་བཤད་དང་སྦྲག་རྟགས་གསལ་འཛིན་གྲྭ་སོ་སོར་བཀྲམས་ཏེ་གྲ་སྒྲིག་ལེགས་པར་དགོས་པའི་བསྐུལ་ལྕག་གནང་།
   དེ་ནས་སྤྱི་ཟླ་༡༡ཚེས་༡༩ཉིན་གྱི་སྔ་དྲོར་རྒྱུགས་ར་ལྕགས་གུར་ཆེན་མོའི་ནང་ཁྲི་འཛིན་༧བླ་མ་དབྲ་སྲས་མཁྱེན་རབ་རྒྱ་མཚོ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག འཛིན་རིམ་བཞིན་གྲལ་དུ་འཁོད་ནས་རིག་གནས་རྒྱུགས་ཤོག་གིས་བཏོན་པའི་དྲི་བར། དྲིས་ལན་གང་ཕོག་གིས་རྒྱུགས་ཤོག་བཀངས། ཕྱི་དྲོར་ཡིག་དཀར་དང་རྒྱུགས་བྲིས་གཉིས་ཀྱི་བྲིས་རྒྱུགས་ཕུལ།
  
   དེ་ནས་སྤྱི་ཟླའི་༡༢-ཚེས་༥ཉིན་དབལ་ཁྱུང་འགྲོ་འདྲེན་གསས་ཁང་ནང་རྩོད་རྒྱུགས་ཆེན་མོའི་དབུ་བཟུང་ཞིང་ཁྲི་འཛིན་བླ་མ་རིན་པོ་ཆེ་གོང་བཞུགས་ཐོག་ དགེན་རྣམ་པ་བརྒྱད་དཔང་བཞུགས་གནང་ནས་སློབ་མ་རེ་རེའི་ལུང་རིག་གི་ངར་ཤུགས་དང་ སྨྲ་ཚིག་གི་དག་ཆ། རྩོད་ལུས་ཀྱི་ཉམས་ཟིལ་སོགས་ཕྱོགས་གང་སར་བརྟགས་ཏེ་ཐོབ་སྐར་བྱིན། ལོ་སྔོན་མ་དང་མི་འདྲ་བར་སྔགས་རྫོགས་འདུལ་མཛོད་ཕར་ཕྱིན་བཅས་ཀྱི་དམ་བཅར་དགེ་བཤེས་གཉིས་རེ་དང་། དེའི་མན་ལ་འཛིན་གྲྭ་རྒན་རིམ་བཞིན་དམ་བཅའ་བཞུགས་ཏེ། རྩོད་པ་བ་དག་གོང་ནས་རིམ་པ་ལྟར། ༧དཔོན་སློབ་རིན་པོ་ཆེའི་མདུན་ནས་རྟགས་གསལ་གྱི་རྒྱན་ཤོག་བླངས་ཤིང་། ་མི་རེའི་དུས་ཡུན་སྐར་མ་བཅུ་རེར་ ་ལོ་འཁོར་རྩོད་སྦྱང་གི་འབྲས་བུ། སྐབས་བབ་རྟགས་གསལ་རྒྱུགས་འབུལ་ཞུས།
   དེ་ལྟར་ཉིན་གསུམ་རིང་ཉིན་རེར་རྩོད་ཐུན་བཞི་རེ་བྱས་ཏེ་འཚོགས་པས་སྤྱི་ཚེས་བདུན་ཉིན་གྱི་ཕྱི་དྲོར་འཇུག་གྲུབ་པས་བཤད་གྲྭ་བ་རྣམས་མཉམ་པར་བླངས།
   ཚེས་བརྒྱད་ཉིན་གྱི་གུང་ཚིགས་ཡོལ་ནས་དགོན་འདིའི་བླ་མ་དང་དགེ་རྒན་རྣམ་པ་དབུ་བཞུགས་ཐོག རྒྱུགས་ར་ཆེན་མོའི་ནང་དུ་གྲལ་བསྟར་ནས། སྦྱང་བྱའི་གཞུང་དོན་ཁག་གི་གནད་ཀྱི་དྲི་བ་བཅོ་ལྔ་རེ་ཡོད་པའི་རྒྱུགས་ཤོག་ཕུལ་བས་སློབ་མ་རང་རང་གི་བློས་གང་དཔོགས་ཀྱིས་དྲིས་ལན་དང་འགྲེལ་བརྗོད་གནང་གྲུབ་རིམ་བཞིན། རྒྱུགས་ཤོག་དགེན་རྣམ་པའི་མདུན་སྟེགས་སུ་ཕུལ་ཏེ་ཕེབས། དེ་ནས་དགེན་སློབ་ཚང་མས་སང་ཉིན་གཏང་རག་ཐུགས་སྤྲོ་དང་རྒྱུགས་འབྲས་ཨང་རིམ་ལ་ངང་བསྒུག་གནང་བཞིན་ཐེངས་འདིའི་རྒྱུགས་སྤྲོད་ཆེན་མོ་ཡོངས་སུ་འཇུག་གྲུབ་བོ།།  
༢༠༡༩-༡༢-༧དགོང་མོར།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།