གཡུང་དྲུང་དཔལ་རི་དགོན་གྱི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ།

[ཟླ་ཚེས། 2019-12-02 21:36:32][རྩོམ་པ་པོ། ཞེ་འཆི་མེད།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  
   ཁྱུང་པོ་བྱ་འཕུར་བླ་མ་ཞེས་མཚན་སྙན་གྱི་བ་དན་དཀར་པོ་དགུང་སྔོན་དབྱིངས་ནས་ལྷུབ་ལྷུབ་ཏུ་སྐྱོད་བཞིན་པའི་རྣལ་འབྱོར་བཟོད་པ་རྒྱལ་མཚན་གྱི་གདན་ས་ཆེན་མོ་གཡུང་དྲུང་ཀུན་གྲགས་ཁྲི་འདུས་ནོར་བུ་གླིང་ངམ་ཡོངས་སུ་གྲགས་པ་ཁྱུང་པོ་གཡུང་དྲུང་དཔལ་རི་དགོན་གྱི་སློབ་གཉེར་བ་རྣམས་སློབ་སྦྱོང་ལ་འབད་བརྩོན་དང་།   ཤེས་རིག་ཡར་རྒྱས་ལ་སོགས་དགོས་སོགས་དུ་མར་དམིགས་ནས་ལོ་ལྟར་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་བྱེད་སྒོ་སྤེལ་བས།   འདི་ལོའི་ལོ་འཁོར་རྒྱུགས་སྤྲོད་ཀྱི་གནས་བསྡུས་རག་ཙམ་ཞིག་གླེང་ན།  སྤྱི་ལོ་༢༠༡༩ལོའི་ཟླ་བ་༡༡པའི་ཚེས་༠༡ཉིན་ཞོགས་པ་བཀྲ་ཤིས་ཉི་ཤར་གྱི་དུས་སུ་དགོན་འདིའི་གཙུག་ལག་ཁང་ཁྱུང་པོ་གྲུབ་ཆེན་སྒོམ་གླིང་གི་མདུན་དུ་ཁྲི་འཛིན་བླ་མ་རིན་པོ་ཆེ་ཚུལ་ཁྲིམས་མཐར་ཕྱིན་མཆོག་དང་བཤད་སྒྲུབ་འདུས་སྡེའི་སློབ་དཔོན་རྣམ་དག་ཚུལ་ཁྲིམས་རིན་པོ་ཆེ།  བཤད་གྲྭའི་དགེ་རྒན་ཆེན་མོ་ཁྲི་སྡེ་རྣམ་རྒྱལ་རྣམ་པ་གསུམ་དབུ་བཞུགས་གནང་ཞིང་།  བཤད་སྒྲུབ་གཉིས་ཀྱི་སློབ་གཉེར་བ་རྣམས་འཛིན་གྲྭ་གོང་འོག་ལྟར་རིམ་བཞིན་བཞུགས་ནས་སློབ་གཉེར་བ་རྣམས་འཛིན་གྲྭ་སོ་སོའི་སྐབས་བབ་ཀྱི་སྦྱང་བྱའི་རིག་གནས་རྒྱུགས་སྤྲོད་ལ་དངོས་སུ་ཞུགས་ཏེ་དཀའ་གནད་ཀྱི་དྲི་བ་བཅོ་ལྔ་ལྷག་ལ་སློབ་གཉེར་བ་སོ་སོས་རྣམ་དཔྱོད་ཀྱིས་གང་འཚམས་ཀྱི་ལན་བཏབ་ཤིང་གུང་ཟས་དང་གུང་སེང་ལ་རོལ་བའོ།།
   ཉིན་དེའི་ཕྱི་དྲོ་དུས་ཚོད་གསུམ་པའི་ཐོག་བླ་སློབ་མཁན་གསུམ་དབུ་བཞུགས་གནང་ཤིང་བཤད་སྒྲུབ་གཉིས་ཀྱི་སློབ་གཉེར་བ་རྣམས་འཛིན་གྲྭ་གོང་འོག་ལྟར་རིམ་བཞིན་སྔར་ལྟར་བཞུགས་ཤིང་སློབ་གཉེར་བ་རྣམས་བྲིས་རྒྱུགས་ལ་དངོས་སུ་ཞུགས་ནས་ཀུན་མཁྱེན་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསོལ་འདེབས་རེ་དབུ་ཅན་བྲིས་ཤིང་ཁྱུང་པོའི་གྲུབ་ཆེན་བཟོད་པ་རྒྱལ་མཚན་གྱི་གསོལ་འདེབས་རེ་འཁྱུག་བྲིས་སུ་བྲིས་ནས་དགེ་རྒན་རྣམས་པའི་ཕྱག་ཏུ་ཕུལ་བའོ།།
   ཕྱི་ཉིན་ཞོགས་དུས་བཀྲ་ཤིས་གསེར་གྱི་ཉི་འོད་མཁའ་དབྱིངས་ནས་ལམ་ལམ་དུ་འཆར་ཚེ་སྔར་ཉིན་ལྟར་དགོན་འདིའི་གཙུག་ལག་ཁང་ཁྱུང་པོ་གྲུབ་ཆེན་སྒོམ་གླིང་གི་མདུན་དུ་ཚུལ་རྣམ་ཁྲི་གསུམ་དབུ་བཞུགས་གནང་ཞིང་།  བཤད་སྒྲུབ་གཉིས་ཀྱི་སློབ་གཉེར་བ་རྣམས་འཛིན་གྲྭ་གོང་འོག་ལྟར་རིམ་བཞིན་བཞུགས་ནས་སློབ་གཉེར་བ་རྣམས་འཛིན་གྲྭ་སོ་སོའི་ལོ་གཅིག་གི་སྐབས་བབ་ཀྱི་སྦྱང་བྱའི་གཞུང་རྒྱུགས་ལ་དངོས་སུ་ཞུགས་ཏེ་དཀའ་གནད་ཀྱི་དྲི་བ་བཅོ་ལྔ་ལྷག་ལ་སློབ་གཉེར་བ་སོ་སོས་རིག་པས་གང་དཔོགས་ཀྱིས་ལན་གང་ནུས་བཏབ་ཤིང་ཉིན་དེའི་ལོ་འཁོར་གཞུང་རྒྱུགས་ཆེན་མོ་མཇུག་གྲུབ་པའོ།།
   སྤྱི་ལོ་༢༠༡༩/༡༡/༢༧ཉིན་དགོན་འདིའི་གཙུག་ལག་ཁང་ཁྱུང་པོ་གྲུབ་ཆེན་སྒོམ་གླིང་གི་དབུས་སུ་བླ་སློབ་མཁན་གསུམ་དབུ་བཞུགས་གནང་སྟེ་སློབ་གཉེར་བ་རྣམས་འཛིན་གྲྭ་གོང་འོག་ལྟར་རིམ་བཞིན་བཞུགས་ནས་སློབ་གཉེར་བ་རྣམས་འཛིན་གྲྭ་སོ་སོའི་སྐབས་བབ་ཀྱི་སྦྱང་བྱའི་རྩོད་རྒྱུགས་ལ་དངོས་སུ་ཞུགས་ཏེ་ཉིན་གཉིས་ཀྱི་རིང་ལ་ལོ་འཁོར་རྩོད་རྒྱུགས་ཆེན་མོ་སྤྲད། དེའི་སྐབས་དགེ་བའི་བཤེས་གཉེན་རྣམས་པས་རིགས་ལམ་པ་སློབ་མ་རྣམས་ཀྱི་རྟགས་གསལ་རྩོད་རྒྱུགས་ལ་དཔྱད་འདེམས་གནང་ཡོད།  འཛིན་གྲྭ་སོ་སོའི་སྦྱང་བྱ་མི་འདྲ་བས་དབུ་བསྡུས་རྟགས་ཚད་གསུམ་ནས་མཇུག་ཐེག་ཕར་བར་གྱི་གཞུང་གི་དཀའ་གནད་ཆེ་གྲས་རྣམས་རྒྱན་འཐེན་ཏེ་སློབ་གཉེར་བ་རེ་རེས་སྐར་བཅུ་ཡི་རིང་ལ་ཐལ་ངག་གི་སྒྲ་དབྱངས་འུར་འུར་དུ་སྒྲོགས་ཤིང་ཉིན་གཉིས་པའམ་ལོ་ཟླ་འདིའི་ཚེས་༢༨ཉིན་གྱི་ཕྱི་དྲོ་དུས་ཚོད་དྲུག་པ་ཕྱེད་ཀ་ཐོག་ནས་རྩོད་རྒྱུགས་ཆེན་མོ་མཇུག་ཡོངས་སུ་གྲུབ་རྗེས་བླ་མ་རིན་པོ་ཆེ་དང་མཁན་སློབ་རྣམ་གཙོས་པའི་བཤད་སྒྲུབ་གཉིས་ཀྱི་སློབ་གཉེར་བ་ཡོངས་ཀྱིས་གཙུག་ལག་ཁང་གི་མདུན་དུ་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་བཏབ་པའོ།།
   ཚེས་༢༩ཉིན་བཤད་སྒྲུབ་གཉིས་ཀྱི་སློབ་གཉེར་བ་རང་རང་གིས་སྐབས་བབ་ཀྱི་སྦྱང་བྱ་གང་ཡིན་གྱི་གཞུང་རྣམས་ངག་རྒྱུགས་ལྷང་ལྷང་དུ་ཕུལ་ཞིང་།  ཚེས་༣༠ཉིན་བླ་སློབ་དགེན་གསུམ་ཀུན་ཀས་གཏང་རག་ཐུགས་སྤྲོ་ཆེན་མོ་ལ་གཏོང་ཞིང་ཕྱི་ཉིན་ཟླ་བ་༡༢པའི་ཚེས་༡ཉིན་མོ་བཤད་སྒྲུབ་གཉིས་ཀྱི་ལོ་གཅིག་གི་སྦྱང་འབྲས་རྣམས་གསལ་བསྒྲགས་གནང་ཞིང་ཨང་ཐོབ་རྣམས་ལ་བྱ་དགའ་དང་ཕུལ་བྱུང་པའི་སྡེ་ལ་བསྔགས་བརྗོད།  བཤད་སྒྲུབ་འདུས་སྡེ་ཡོངས་ལ་མ་འོངས་ལམ་སྟོན་གྱི་ཚུལ་དུ་ཁྲི་འཛིན་བླ་མ་རིན་པོ་ཆེ་མཆོག་དང་ཡོངས་འཛིན་རྣམས་པས་བཀའ་སློབ་གསེར་གྱི་ཞུན་མ་གནང་བ་བཅས་མཇུག་སྡོམ་རྒྱབ་པ་དང་།
   ཚེས་༢ཉིན་ནས་དགོན་འདིར་ཁ་ལག་འབྲེལ་བའི་གསོན་པོ་རྣམས་ལ་རིམ་གྲོ་དང་གཤིན་པོ་རྣམས་ལ་དགེ་བསྐུལ་གྱི་ཆེད་དུ་ཀུན་རིག་ལས་བཞི་རྒྱུན་ལྔ་བཅའ་བཟོ་ལེགས་པར་བསྒྲུབ་རྒྱུ་བཅས་ཀྱི་གནས་བསྡུས་སུ་དགོན་འདིའི་སློབ་གཉེར་བའི་མིང་ཙམ་འཛིན་པ་ཞེ་འཆི་མེད་དེས་༢༠༡༩/༡༢/༠༢ཉིན་བྲིས་སོ།།  །།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།