གཡུ་མཚོ་འགྲོ་ཕན་དགེ་སྒྲུབ་ཚོགས་པའི་གནས་བསྡུས།
[ཟླ་ཚེས། 2019-11-23 11:29:39][རྩོམ་པ་པོ། གྭ་ཐ་བ་རྐང་དམག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
སྐུ་ཚེ་གང་བོར་དགེ་བའི་ས་བོན་འདེབས།།
གཞན་དོན་ཆེད་དུ་རང་སྲོག་འབེན་ལ་བཤམས།།
དངུལ་སྒོར་ཙམ་ལ་འབད་པ་མི་ཆེ་བའི།།
ཚེ་རབས་ཀྱི་ལས་ཀྱི་བླ་མ་སྙིང་རྗེའི་དབང་།།
བླ་མ་རིན་པོ་ཆེ་ཁོང་ནི་མཛད་འཕྲིན་བླ་ན་མེད་པ་ཞིག་ཡིན་ཞེས་བསྔགས་བརྗོད་ཕུལ་ནའང་ཐལ་མི་ཆེ་བ་ལྟ་བུའི་གང་ས་གང་དུ་འགྲོ་ཕན་མཛད་མྱོང་བ་ལྟ་ཅི། དེ་ལས་ཀྱང་བདག་གི་ལང་ཚོའི་ལྟེ་ཁྲག་འཕོ་སའི་རང་ཡུལ་གྭ་ཐ་སྡེ་བ་རུ་ན་བཟའི་མཛེས་ཚུལ་ཙམ་དང་མི་སྣ་མིང་གྲགས་ཅན། ལྷ་མཐོང་འདྲེ་རེག་གི་ལྟ་བ་ཅན་ལ་ཤིན་ཏུ་དད་ཅིང་མང་པོ་ཞིག་ཕེབས་མྱོང་མོད། འོན་ཀྱང་ཡུལ་གྲུ་འདི་དང་ཕྱོགས་མཐའ་ཀུན་ཏུ་དམངས་ལ་ཕན་ངེས་ཀྱི་ལུགས་གཉིས་བླང་དོར་གྱི་འཆད་ཁྲིད་མཛད་པ་དང་། ལྷག་པར་གནས་འདི་ནས་དཀའ་བ་བསགས་ཏེ་འབད་པས་བརྩོན་ཏེ་འུ་ཅག་གི་ཆེད་དུ་ཐུགས་བསམ་ཆེ་བཞེངས་མཛད་པ་པོ་ནི་བཀའ་དྲིན་ཆེ་བའི་བླ་མ་རིན་པོ་ཆེ་ཨུདྷི༔ཚང་ཙམ་དུ་ཟད།
ཁོང་ཉིད་ནི་རྨོངས་མུན་སེལ་བའི་ལམ་སྟོན་གྱི་སྒྲོན་མེ་དང་ཉམ་ཆུང་བྱམས་ཀྱིས་སྐྱོང་བའི་ཕ་མ་དེ་ཡིན་ཟེར་ཡང་ཆོག སྐབས་སུ་བབ་པའི་གླེང་བྱ་ནི་འུ་ཅག་གི་སྐྱབས་མགོན་དམ་པ་བླ་མ་རིན་པོ་ཆེ་ཨུདྷི༔ཚང་གིས་གཙོ་སྐྱོང་གནང་སྟེ་གཡུ་མཚོ་དགོན་དཔལ་གཤེན་བསྟན་མཐར་རྒྱས་གླིང་དུ་༢༠༡༨ལོར་སྤུ་རྒྱལ་གངས་རིའི་ཕྱོགས་སོ་སོ་ནས་ཕེབས་པའི་མང་ཚོགས་གཉིས་བརྒྱ་ལྷག་གིས་ཞག་བརྒྱའི་དུས་ཡུན་དུ་སྔོན་འགྲོ་བཀའ་ལུང་རྒྱ་མཚོའི་ཁྲིད་རིམ་ཞུ་ཞོར་སྔོན་འགྲོ་སྒོམ་རིམ་ལྟར་འབུམ་དགུ་བསོག་བཞིན་པའི་རྣམ་པ་ཟུར་ཙམ་ལགས།
བླ་མ་རིན་པོ་ཆེས་འཆད་ཁྲིད་གནང་སྟེ་སློབ་སྟོན་མཛད་བཞིན་པའི་སྐབས་སུ་གསན་པའི་རྣམ་པ་ཟུར་ཙམ།
འབུམ་དགུ་བ་དག་གིས་ཕྱག་འབུམ་གཅིག་གཞེངས་གྲུབ་སྟེ་བླ་མ་རིན་པོ་ཆེ་དང་ལྷན་དུ་གཡུ་མཚོའི་གནས་ལ་བརྐྱང་ཕྱག་མཚལ་བ།
བླ་མ་རིན་པོ་ཆེ་གཙོས་པའི་འདུས་པ་རྒྱ་མཚོའི་ལྷ་ཁང་ནང་དུ་ཚོགས་གཉིས་བསགས་པའི་ཐབས་སུ་མནྜལ་འབུལ་བ།
འབུམ་དགུ་གྲུབ་སྟེ་སེམས་ཞི་བ་གནས་པའི་ཐབས་སུ་མན་ངག་ཨ་ཁྲིད་ཀྱི་ལུགས་སུ་ཨ་ལ་གཟིགས་པ།
དགེ་བསམ་མཐའ་རུ་ཕྱིན་ཏེ་བཀྲ་ཤིས་བདེ་ལེགས་ངང་མཇུག་སྒྲིལ་བ།
དཔོན་སློབ་མི་འབྲལ་བདག་དང་མཉམ་པོ་རུ།།
ཕན་བདེའི་འོད་སྣང་འགྱེད་པའི་མཐུ་ལྡན་ཞིང་།།
བདག་ནི་མཁྱེན་བརྩེ་ནུས་པའི་རྩལ་རྫོགས་ཏེ།།
མཁའ་མཉམ་འགྲོ་བ་འདྲེན་པའི་དཔལ་གྱུར་ཤོག།
ཅེས«གཡུ་མཚོ་འགྲོ་ཕན་དགེ་སྒྲུབ་ཚོགས་པའི»དད་ལྡན་གཉིས་བརྒྱ་ཉེ་བརྒྱད་ཙམ་གྱིས་སྔོན་འགྲོ་འབུམ་དགུ་བསོག་ཏེ་འཕོ་བ་འགྲུབ་པ་དང་ཞི་གནས་ལྷག་མཐོང་གི་ལྟ་བར་ངོ་སྤྲོད་དང་བཅས་དགེ་བསམ་མཐའ་རུ་ཕྱིན་པའི་ཉིན་དེར་བླ་སློབ་ཚང་མས་མགྲིན་གཅིག་ཏུ་སྨོན་ལམ་འདི་ལྟར་བཏབ་ཅེས་གསུང་བ་དེར་བདག་གིས་ཀྱང་ཡི་རང་དང་བཅས་རྒྱས་གདབ་པའོ། །