མདའ་ཆེན་བཤད་སྒྲུབ་དར་རྒྱས་གླིང་གི་ཁྲི་རབས་གཉིས་པའི་ཁྲི་སྟོན་གྱི་མཛད་སྒོ་ཆེན་མོ།
[ཟླ་ཚེས། 2019-11-21 19:22:05][རྩོམ་པ་པོ། སེམས་དཔའ་དབང་ཕྱུག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
༄༅། །མདོ་སྨད་མཛོད་དགེའི་འཕན་ཆུ་མདའ་ཆེན་བཤད་སྒྲུབ་དར་རྒྱས་གླིང་གི་ཁྲི་རབས་གཉིས་པའི་ཁྲི་སྟོན་གྱི་མཛད་སྒོ་ཆེན་མོ།
དེ་ཡང་ཇི་སྐད་དུ་འོག་མིན་མཁའ་སྤྱོད་གཉིས་པར་གྲགས་པ་དང་། མདོ་སྨད་འཕགས་པ་རྣམ་གསུམ་གྱི་ཡ་གྱལ་སྐྱང་འཕགས་ཆེན་པོའི་གདན་ས་དངོས་དགུ་བ་སྐྱང་ཚང་དགོན་པའི་ནང་གི་དགོན་ལག་བདུན་གྱི་ནང་ཚན་མདའ་ཆེན་བཤད་སྒྲུབ་དར་རྒྱས་གླིང་དུ་ཕྱི་ལོ་ཉིས་སྟོང་བརྒྱ་མེད་བཅུ་དགུ་ལོའི་ཟླ་བ་དཅུ་གཅིག་པའི་ཚེས་བརྒྱད་ཀྱི་ཉིན་མོར། དགོན་བདག་བླ་མ་ཤེས་རབ་བློ་གསལ་རིན་པོ་ཆེ་གཙོ་བྱེད་པ་དང་དགོན་པའི་དོ་དམ་མི་སྣ་དག་གིས་ཡང་དག་པའི་དབུ་ཁྲིད་འོག་བླ་བྲང་དགེ་འདུན་ཡོངས་རྫོགས་ནས་ཁྲི་སྟོན་གྱི་ལས་ལ་རེམ་པ། གཞན་ཁྲི་སྟོན་ཆེན་མོར་འཕན་ཆུ་དགུ་བའི་སྐྱང་ཚང་དགོན་པའི་དབུ་བླ་སྐྱང་འཕགས་རིན་ཆེན་རྒྱལ་རྒྱལ་མཚན་རིན་པོ་ཆེ་དང་། ཟུང་ཆུ་ཤར་བ་ནས་ལྕགས་མདུད་ཟླ་བ་རྒྱལ་མཚན་རིན་པོ་ཆེ་དང་ཨ་ལགས་ཚ་ཚ་རིན་པོ་ཆེ་ཁྲི་སྟོན་དུ་ཕེབས་པ། འཕན་ཆུ་ཨ་སྐྱིད་སྐྱང་ཚང་དགོན་པའི་དབུ་བླ་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེའི་སྐུ་དགུང་ལོ་མཐོ་བས་སྐུ་ཚབ་ཕེབས་པ། འཕན་ཆུ་བསམ་འགྲུབ་དགོན་པའི་དབུ་བླ་མཆོག་སྤྲུལ་དཔལ་བཟང་རིན་པོ་ཆེའི་སྐུའི་དགུང་ལོ་མཐོ་བས་སྐུ་ཚབ་ཕེབས་དང་བཅས་བླ་སྤྲུལ་གྲྭ་ཚང་ཡོངས་དགོན་པའི་ཚོགས་ཆེན་འདུ་ཁང་དུ་འཚོགས་ནས་མེ་ཏོག་ལྷ་སྐལ་དུ་ཕོག་པའི་ཁྲི་རབས་གཉིས་པ་ཀུན་མཁྱེན་འགྲོ་འདུལ་གླིང་བའམ་གཡུང་དྲུང་དྲུང་མཐར་ཕྱིན་རིན་པོ་ཆེ་མཆོག་མི་འཇིགས་གདོང་ལྔའི་ཁྲི་ལ་མངའ་གསོལ་བཀྲ་ཤིས་སྐལ་བཟང་རྟེན་འབྲེལ་དུ་མའི་ངང་ཁྲི་སྟོན་གྱི་མཛད་སྒོ་ལེགས་པར་སྤེལ་བར་ཨེ་མ་རྨད།
ཡུལ་གྲུའི་སོ་སོ་ནས་ཕེབས་པའི་རིས་མེད་ཀྱི་དད་ལྡན་མང་ཚོགས་ཀྱིས་རླངས་འཁོར་ཕྲེང་ལྟར་བསྟར་ཏེ་ཁྲི་བ་རིན་པོ་ཆེ་དགོན་པར་གདན་འདྲེན་བྱེད་པའི་རྣམ་པ།
དད་ལྡན་སེར་སྐྱ་ཕོ་མོ་ཡོངས་དདམོས་གུས་གསུམ་གྱིས་བཀྲ་ཤིས་པའི་མཇལ་དར་ལག་ཏུ་བཟུང་ཏེ་ཁྲི་བ་རིན་པོ་ཆེར་འབུལ་བ།
ཉིན་གུང་མཚམས་སུ་ཨ་སྔོན་དབྱིངས་སུ་བཀྲ་ཤིས་པའི་རྟགས་མཚན་དུ་སྤྲིན་དཀར་པོ་དྲི་མེད་ཀྱི་ལྷ་དར་བཞིན་དུ་འཐེན་པ་མང་ཚོགས་དག་གིས་དད་པའི་སྟོབས་ཤུགས་ཀུན་ནས་བདོ་སོང་།
དགོན་པའི་ལྷ་སྡེ་བབ་བཟོའི་ཤོག་ཀ་ཡོངས་ཀྱིས་སྦྲ་གུར་མང་པོར་ཕུབ་ནས་རྒྱ་ཆེ་དད་འདུན་མང་ཚོགས་ལ་གསོལ་ཇ་གྱ་ནོམ་པ་བཤམས་ནས་མགྲོན་འབོད་སྣེ་ལེན་ཕུན་ཚོགས་སུ་གཏོང་། ཕྱི་དྲོའི་མཚམས་སུ་ཁྲི་སྟོན་གྱི་མཛད་སྒོ་མཇུག་བདེ་ལེགས་སུ་བསྡུས་སོང་། མཇུག་མཐར་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་བསྐལ་བརྒྱ་བར་དུ་བརྟན་ཞིང་རྒྱས་པའི་བཀྲ་ཤིས་སྨོན་འདུན་དང་བཅས་ཁྲི་བ་རིན་པོ་ཆེའི་སློབ་བུ་ཐ་ཤལ་བ་སེམས་དཔའ་དབང་ཕྱུག་གིས་ཁྲི་སྟོན་གནས་ཚུལ་ལོ་རྒྱུས་ཀྱི་དྲན་ཐང་དུ་བཀོད།
ཕྱི་ལོ་༢༠༡༩། ༡༡། ༨།