ཁྱུང་ཡུལ་གྱི་རི་མོ་བ་ཞིག་གིས་མི་ཡུལ་ལ་བཤམས་པའི་སྒྱུ་རྩལ་གྱི་ལྟད་མོ།

[ཟླ་ཚེས། 2019-10-19 11:50:08][རྩོམ་པ་པོ། ཁྱུང་དཀར་སྟག་ཚ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


ཁྱུང་ཡུལ་གྱི་རི་མོ་བ་ཞིག་གིས་མི་ཡུལ་ལ་བཤམས་པའི་སྒྱུ་རྩལ་གྱི་ལྟད་མོ།

  ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ལྡན་པའི་ཞང་བོད་ཀྱི་རི་མོའི་སྒྱུ་རྩལ་ནི། དུས་ཀྱི་འཕོ་འགྱུར་དང་ཀྱག་ཀྱོག་གི་ལམ་འཕྲང་དུ་མ་བརྒྱུད་ནས་ཁ་བ་གངས་ཅན་པའི་ཤེས་རིག་གི་ལྡུམ་རའི་ནང་དུ་རྣམ་པར་བཞད་ཅིང་། ལྷག་པར་མཛེས་པའི་མེ་ཏོག་ཅིག་ཡིན་ལ། ལྷ་རིས་སྒྱུ་རྩལ་འདི་རི་བོ་ཧི་མ་ལ་ཡའི་རི་བརྒྱུད་ནས་འཛམ་གླིང་ལ་ཁ་ཕྱོགས་པའི་སྒྱུ་རྩལ་གྱི་རྣམ་གྲངས་ཆེ་གྲས་ཤིག་རེད། ད་ཐེངས་འདིར་སྐབས་སུ་བབས་པའི་བཤད་བྱ་ནི་རི་མོའི་སྒྱུ་རྩལ་ལ་དགའ་མོས་ཤིན་ཏུ་ཆེ་བའི་གཞོན་ནུ་རི་མོ་བ་ར་མ་ཚེ་དབང་ནམ་མཁའ་ཡི་ངོ་སྤྲོད་མདོར་བསྡུས་ཤིག་གླེང་བ་དང་ཆབས་ཅིག་ཏུ། ཁྱད་པར་དུ་ཁོང་ལ་གཟི་བརྗིད་དཔང་ཡིག་དམིགས་བསལ་ཞིག་ཐོབ་པའི་སྐོར་གྱི་གནས་འཕྲིན་བསྒྲག་རྒྱུ་ཡིན། ར་མ་ཚེ་དབང་ནམ་མཁའ་ཡིས་ཆུང་བྱིས་པའི་དུས་ནས་དགའ་མོས་ཆེ་ཤོས་བྱེད་ས་གཙོ་བོ་ནི་ཤེས་རིག་གི་ཚན་ཁག་ཀུན་གྱི་ནང་ནས་རི་མོ་ཡིན། ཁོང་གིས་སློབ་ཆུང་སྐབས་སུ་དུས་ཚོད་མང་པོ་ཞིག་རི་མོའི་ཕྱོགས་སུ་བཏང་བ་ཡིན་ལ་དེ་དུས་ནས་“རི་མོ་བ་ཆུང་ཆུང་ར་མ་”ཞེས་པའི་མིང་ཞིག་ཀྱང་བྱུང་ངོ་།། སློབ་ཆུང་ཐོན་མ་ཐག་ཏུ་སྟེང་ཆེན་རྫོང་སློབ་འབྲིང་དུ་སློབ་སྤྱི་རྒན་ཐུབ་བསྟན་ཡེ་ཤེས་ལགས་ཀྱིས་གཉེར་བའི་རི་མོའི་འཛིན་གྲྭར་ཞུགས་ཏེ། ལྡོང་ལུགས་རི་མོས་མཁས་དབང་ལྡོང་ཚ་ནོར་བུ་གཡུལ་རྒྱལ་དགེ་རྒན་དུ་བསྟེན་ནས་ཞང་བོད་ཀྱི་ལྷ་རིས་ལ་བརྩོན་པ་ལྷོད་མེད་ཀྱིས་སྦྱངས་པ་ཆེན་པོ་བྱས། དེ་ནས་སློབ་མཐར་ཕྱིན་མ་ཐག་ཏུ་༧སྐྱབས་རྗེ་འོད་ཟེར་སྦྱིན་པའི་སྐུ་དྲིན་འོག“ཁྱུང་པོའི་ལྷ་རིས་སྒྱུ་རྩལ་ཞིང་པའི་ཆེད་ལས་མཉམ་ལས་ཁང་”གི་ལྷ་རིས་མཁས་དབང་ཡ་བཟའ་བུ་འབུང་དང་སྲུང་སྐྱབས་ཉི་མ་སྤུན་གཉིས་དགེ་རྒན་དུ་བསྟེན་ནས་མུ་མཐུད་རི་མོ་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྐྱངས། དེ་བཞིན་ཁོང་གིས་རི་མོའི་མཁས་དབང་དེ་དག་གི་མདུན་ནས་ལོ་བཅུ་ཕྲག་གི་རིང་ལྷ་ཡི་ཆ་ཚད་དང་། ཐང་གའི་བཅད་མདངས། ཚོན་གྱི་སྡེབ་སྦྱོར་ལ་སོགས་པའི་རི་མོའི་ཤེས་བྱ་ཕྲ་རགས་ཀུན་ལ་ལེགས་པར་སྦྱངས། ད་ལྟ་ཁོང་གིས་རང་ཁྱིམ་ནང་དུ་གཞན་གྱི་མངགས་སྐུལ་བཞིན་ཐང་ཁ་དང་ལྡེབས་རིས་ཅི་རིགས་འབྲི་བཞེངས་བྱེད་བཞིན་ཡོད་དོ།། དེ་སྔ་རིམ་པ་ཁག་ནས་སྤེལ་བའི་ཐང་གའི་སྒྱུ་རྩལ་གྱི་བཤམས་སྟོན་དང་འགྲན་བསྡུར་གྱི་ཐོག་ནས་ཆེ་རྟགས་དཔང་ཡིག་མང་པོ་ཐོབ་མྱོང་ཡོད་པ་མ་ཟད། དམིགས་གསལ་ཁོང་གིས་ཕ་ཡུལ་གྱི་རི་ནས་རྡོ་སྣ་ཁ་མང་པོ་ལ་རྡོ་ཚོན་འབབ་རྒྱུ་ཡོད་མེད་བརྟག་དཔྱད་ཞིབ་འཇུག་བྱས་མཐར། ཞིབ་འཇུག་ཚོད་ལྟ་ལ་གྲུབ་འབྲས་བཟང་པོ་སྨིན་ཞིང་། ཁོང་གིས་བཟོས་པའི་ཁྱུང་ཡུལ་གྱི་རྡོ་ཚོན་དེ་དག་གིས་ཐང་ཁ་འགའ་ཞིག་བཞེངས་མྱོང་ཡོད། དེ་དག་གི་སྐོར་ཟབ་རྒྱས་གཟིགས་འདོད་ན། “གཏམ་བཟང་ཐོས་པ་དགའ་བ་”ཞེས་པའི་ངོ་སྤྲོད་ཀྱི་རྩོམ་ནང་གསལ།

  ད་ཐེངས་གླེང་བྱ་གཙོ་བོའི་ནང་གི་གལ་ཆེན་ནི་༼རྒྱལ་སྤྱི་བོད་རིག་པའི་ཀྲུང་གོའི་ཐང་གའི་འགྲན་བསྡུར་ཆེན་མོ་སྐབས་བཞི་པ་༽ཡི་ཐོག། དཔྱད་འདེམ་པ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། བོད་རང་སྐྱོང་ལྗོངས་མཛེས་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི། ཀྲུང་གོའི་མཛེས་རྩལ་མཐུན་ཚོགས་རི་མོའི་སྒྱུ་རྩལ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། མཁས་དབང་༼韩书力༽ཧྲན་ཧྲུའུ་ལིས་དང་། མཁས་དབང་ལྷག་པ་ཚེ་རིང་རྣམ་གཉིས་གཙོས་པའི་སྒྱུ་རྩལ་གྱི་མཁས་དབང་མང་པོས་ཐང་ག་ཧ་ཅང་མང་པོ་ནང་ནས་དཔྱད་འདེམ་བྱེད་སྐབས། ར་མ་ཚེ་དབང་ནམ་མཁའ་ཁོང་གིས་བྲིས་པའི་ “མ་མོ་རྦོད་གཏོང་”གི་ཐང་ག་དེ་ཀྲུང་གོའི་པེ་ཅིང་མཛེས་རྩལ་བཤམས་སྟོན་ཁང་དུ་བཤམ་རྒྱུར་དཔྱད་འདེམ་གྱིས་བསྡུ་ཉར་གནང་བ་དང་། དམིགས་གསལ་གྱི་གཟེངས་བསྟོད་དམ་ཉར་ཚགས་རིས་སྒོར་འབུམ་ཕྲག་གཅིག་དང་ཁྲི་ཚོ་གསུམ། ད་དུང་ཆེ་རྟགས་དཔང་ཡིག་བཅས་གནང་ངོ་།། བཤམས་སྟོན་ཁང་ཆེན་མོ་དེ་འདྲ་ཞིག་ནང་དུ་བཞག་ཐུབ་པ་ལ། མཐོང་ཆེན་དང་བསྟོད་བསྔགས་གནང་མཁན་ཆབ་མདོའི་རིག་གནས་ཅུས་ཀྱི་མགོ་ཁྲིད། ཀྲུང་གོ་རྒྱལ་སྤྱིའི་ཐང་གའི་འགྲན་འཚོགས་ཀྱི་དཔྱད་འདེམ་པ། མཁས་དབང་ཁྲང་ཤང་ཀྲམ་དང་། གཡུང་དྲུང་བསམ་འགྲུབ། དགའ་བུ་རྡོ་རྗེ། ཐུབ་བསྟན་ཕུན་ཚོགས། ཁྱུང་པོ་དཔལ་རྒྱལ་བཅས་ཀྱིས་གཙོས་པའི་ཤེས་ལྡན་མི་སྣ་མང་པོས་བསྟོད་བསྔགས་ཀྱི་མེ་ཏོག་ཡང་ཡང་གཏོར་རོ།།



  རི་མོ་བ་ཁོང་གིས་ཀྲུང་གོའི་མཛེས་རྩལ་བཤམས་སྟོན་ཁང་ཆེན་མོའི་ནང་ནུབ་མེད་ཀྱི་རྡོ་རིང་ཞིག་བཀོད་ཡོད་པ་དང་། ཁོང་ནི་ཁམས་ཆབ་མདོའི་རི་མོའི་ལོ་རྒྱུས་ཀྱི་བྱས་རྗེས་འཇོག་ས་ཞིག་ཆགས་ཡོད་ལ། ཁྱུང་ཡུལ་མཛེས་པར་བྱེད་པའི་ལག་རྩལ་དང་། མི་ཡུལ་ངོམ་པར་བྱེད་པའི་ལྟད་མོ་ཞིག་ཏུ་གྱུར་ཡོད། ཁྱེད་དང་ཁྱེད་ནང་བཞིན་སྒྱུ་རྩལ་ལ་ཤིན་ཏུ་དགའ་ཆེ་བའི་གཞོན་ནུ་རེ་བ་ཅན་མང་པོ་ཞིག་ཡོད་པས། ཁྱེད་རྣམ་པས་སྒྱུ་རྩལ་ལ་འབད་པ་ཆུ་བོའི་རྒྱུན་བཞིན་བརྩོན་ཏེ། རྒྱལ་སྤྱིའི་སྒྱུ་རྩལ་གྱི་འགྲན་བསྡུར་གར་སྟེགས་ཐོག་ནས་དོན་ཐུབ་པའི་སྨོན་པ་དང་རེ་བ་བཅས་ཁྱུང་དཀར་སྟག་ཚས།



 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།