ཁྱུང་ཡུལ་ག་ཤེལ་དགོན་དུ་དབུ་མའི་རིགས་སྒྲ་ཆེན་མོ་འཚོགས་པ།

[ཟླ་ཚེས། 2019-09-15 22:56:45][རྩོམ་པ་པོ། གོ་སྒྲིག་ཚོ་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 དེ་ཡང་ལོ་ཤས་གོང་ནས་བཟུང་ཁྱུང་ཡུལ་སྤུ་རྒྱལ་ཁུལ་གྱི་དགོན་སྡེ་ག་ཤེལ་དགོན་དང་ཞུ་ཚང་དགོན་གཉིས་ཀྱི་བཤད་གྲྭའི་དགེན་སློབ་རྣམས་ཀྱིས་མཉམ་འབྲེལ་གྱིས་ཚད་མའི་རིགས་སྒྲ་ཆེན་མོ་སྐབས་གསུམ་ཙམ་འཚོགས་ཟིན་ཅིང་། ད་ལོར་དམིགས་བསལ་གྱིས་དགོས་དམིགས་དུ་མ་ལ་གཞིགས་ཏེ་དབུ་མའི་རིགས་སྒྲ་འཚོགས་རྒྱུ་གཏན་ཁེལ་བྱུང་བ།
༢༠༡༩/༩/༡ཉིན་དཔལ་ལྡན་ག་ཤེལ་ཤར་གྲོལ་སྨིན་གླིང་དགོན་དུ་དངོས་སུ་དབུ་འཛུགས་བྱས་ཤིང་། ས་གནས་དེ་གའི་སློབ་གཉེར་བ་ཡོངས་དང་། སྤ་ཟླ་ཞུ་ཚང་དགོན་གྱི་སློབ་གཉེར་བ་བཅུ་ཙམ་མཉམ་ཞུགས་བྱས། ཁྱོན་བདུན་ཕྲག་གཉིས་ཀྱི་རིང་ལ་སྟོན་པ་གཤེན་རབ་ཀྱི་བཀའ་ཐེག་འགྲེལ་མེ་ལོང་དགུ་སྐོར་ནས་བསྟན་པའི་དབུ་མའི་གཞུང་གཙོས་པའི་འབྲེལ་ཡོད་དབུ་མའི་སྐོར་གྱི་བཀའ་དང་བཀའ་བརྟེན་གང་རིགས་ནས་དཔེ་ཁྲིད། བགྲོ་གླེང་། རྩོད་པ་བཅས་ཀྱི་སྒོ་ནས་བརྒལ་བརྟགས་རིགས་པའི་ལམ་ནས་ཟབ་སྦྱོང་གནང་ཡོད།
དགེ་བཤེས་བསྟན་འཛིན་ཡེ་ཤེས་དང་། དགེ་བཤེས་བསྟན་འཛིན་དགེ་ལེགས། དགེ་བཤེས་དྲང་སྲོང་རྒྱལ་མཚན་བཅས་ཀྱིས་དཔེ་ཁྲིད་ཀྱི་འགན་བཞེས་ཤིང་། ཉིན་རེར་དཔེ་ཁྲིད་ཐེངས་གཉིས་དང་། ཐུག་རྒྱག་དམ་བཅའ་གཅིག འཆད་ར་ཐེངས་གཉིས་དང་། དེ་མིན་རང་མོས་བགྲོ་གླེང་དང་ཟུར་སྦྱོང་དཔེ་ལྟ་བཅས་ཐབས་ལམ་གང་རིགས་ཀྱིས་རང་གཞུང་གི་ཡིག་ཆ་སྣ་ཚོགས་དཔྱད་གཞིར་བཟུང་སྟེ་དེ་འབྲེལ་དབུ་མའི་སྐོར་ལ་ཟབ་སྦྱོང་བྱས།
ཚེས་བཅུ་གསུམ་དང་བཅུ་བཞི་གཉིས་ལ་ཐུག་ཆེན་དམ་བཅའ་ཚོགས་ཤིང་རིག་ལམ་པ་རྣམས་ཚོ་ཁག་གཉིས་སུ་བགོས་ཏེ། དགེ་བཤེས་བསྟན་འཛིན་ཡེ་ཤེས་དང་། དགེ་བཤེས་བསྟན་འཛིན་རྣམ་རྒྱལ། དགེ་བཤེས་བསྟན་འཛིན་དགེ་ལེགས། དགེ་བཤེས་དྲང་སྲོང་རྒྱལ་མཚན་བཅས་ཀྱིས་དམ་བཅའི་དཔང་པོ་གནང་ཞིང་།
རིགས་ལམ་པ་དང་དམ་བཅའ་བ་རྣམས་ཀྱིས་རྩོད་པའི་ཟབ་ཚད་དང་རིག་གཞུང་ཁས་ལེན་ལ་དཔྱད་ཞིབ་གནང་ཞིང་། དངོས་གཞིའི་མཛད་རིམ་རྣམས་ཡོངས་སུ་མཇུག་གྲུབ།
ཉིན་དེའི་ཕྱི་དྲོར་དགེ་བཤེས་བསྟན་འཛིན་ཡེ་ཤེས་རིན་པོ་ཆེས་ཞུ་ཚང་དགོན་ནས་ཕེབས་པའི་སློབ་གཉེར་བ་རྣམས་ལ་རྒྱལ་གཤེན་རིག་མཛོད་གླེགས་བམ་ཆ་ཚང་དང་རེ་དང་། བགྲེས་པོའི་འབེལ་གཏམ་དུས་དེབ་རེ་ཕྱག་རྟགས་གནང་ཞིང་། ལེགས་གསོལ་གྱི་མགུར་དར་གནང་བ་དང་། དགེ་རྒན་རྣམ་པས་དེ་འབྲེལ་གྱི་བཀའ་སློབ་གནད་སྨིན་བསྩལ་ཞིང་།
གཙུག་ལག་ཁང་ཆེན་མོའི་མདུན་དུ་དྲན་རྟེན་མཉམ་པར་བསྒྲོན་ཏེ་ཐེངས་འདིའི་མཛད་སྒོ་མཇུག་ལེགས་པར་གྲུབ་པའི་གནས་བསྡུས་སུ།
གོ་སྒྲིག་ཚོ་ཆུང་གིས། ༢༠༡༩/༩/༡༤ཉིན།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།