དཔལ་གཤེན་བསྟན་ཀླུ་ཕུག་དགོན་བཤད་སྒྲུབ་འདུས་སྡེ་སྐབས་གསུམ་པའི་དགེ་བཤེས་མཛད་སྒོའི་གནས་བསྡུས།
[ཟླ་ཚེས། 2019-08-25 08:39:26][རྩོམ་པ་པོ། གོ་སྒྲིག་ཚོགས་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
མདོ་དྲི་མེད་ལས། “གཡུང་དྲུང་ཐེག་མཆོག་དྲི་མེད་བོན། ངེས་པར་བསླབ་ནས་འཇུག་སྤྱོད་ཅིང་། ཚིག་གིས་སྒྲོ་འདོག་གཅོད་བྱས་པ། དོན་གྱི་སྙིང་པོ་གསལ་མངོན་འགྱུར། ”ཞེས་གསུང་པ་ལྟར། ཁམས་སྟོད་བོན་གྱི་འདུས་སྡེ་ཆེ་མོ་༧ ཀླུ་ཕུག་དགོན་ཆེན་༧ དཔལ་གཤེན་བསྟན་གཡུང་དྲུང་བདེ་ཆེན་གླིང་གི་བཤད་སྒྲུབ་སློབ་གླིང་དུ། བགྲང་བྱ་ཧྲིལ་པོ་བཅུ་གསུམ་རིང་ལ་མཚན་ཉིད་པོད་ཆེན་དྲུག་དང་རྫོགས་པ་ཆེན་པོ་བཅས་ལ་གསན་བསམ་མམ། ཐུན་མིན་མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་བརྒྱད་དང་ཐུན་མོང་བཅུ་ཕྲག་རིག་པའི་གནས་བཅས་ལ་བསྡར་ཤ་ལེགས་པར་བཅད་ནས་འཆད་རྩོད་རྩོམ་གསུམ་གྱི་ལག་རྗེས་དོན་ལ་སྨིན་པ་བཀའ་རམས་པ་བཅུ་གསུམ་ལ་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་གྱི་ཅོད་པན་བསྩལ་བའི་སྐལ་བཟང་མཛད་སྒོའི་གོ་རིམ་གཤམ་གསལ།
བདག་ཅག་གི་སྟོན་པ་བདེ་བར་གཤེགས་པ་འཛམ་བུ་གླིང་དུ་སྐུ་མངོན་པར་བལྟམས་ནས་བགྲང་བྱ་༡༨༠༣༦ སྟེ། གཤེན་གྱི་འབྱུང་ལྡན་༣༠༡ཉག་མ་༣༦བོད་ས་ཕག་ལོའི་བོད་ཟླ་ ༦ པའི་ཚེས་ ༡༡ སྤྱི་ལོ་ ༢༠༡༩ ༨ ༡༡ གཟའ་སྐར་བཟང་པོའི་འཕྲོད་སྦྱོར་ཉིན་ཆུ་ཚོད་དགུ་པ་དང་སྐར་མ་སུམ་ཅུའི་ཐོག་མཛད་སྒོ་དངོས་སུ་དབུ་འཛུགས་ཏེ། བཤད་སྒྲུབ་འདུ་ཁང་ཆེ་མོའི་སྟེང་ནས་ཐོག་རོལ་དང་། འདུ་ཁང་གི་གཡས་ཕྱོགས་ནས་དགོན་གྱི་ཁྲི་འཛིན་སོ་བརྒྱད་མཁན་པོ་སྐྱབས་རྗེ་མཁན་ཆེན་༧ཞུ་སྟོན་སྐལ་བཟང་གཡུང་དྲུང་རིན་པོ་ཆེ་དང་། གཡོན་ངོས་ནས་རྒྱལ་བ་སྨན་རིའི་དགེ་བཤེས་ཆེན་མོ་སྐྱབས་རྗེ་དཔོན་སློབ་༧ཤེས་རབ་གཡུང་དྲུང་གཙུག་ཕུད་རིན་པོ་ཆེ་རྣམ་གཉིས་སེར་ཕྲེང་གིས་ཕེབས་བསུ་དང་། མདུན་ངོས་ནས་ཞུ་བླ་དགེ་བཤེས་ ༧ གཡུང་དྲུང་རྒྱ་མཚོ་རིན་པོ་ཆེ་མཆོག་དང་བཀའ་རམས་པ་རྗེས་ཚང་དྲང་སྲོང་ལུང་རྟོགས་རྒྱ་མཚོ་མཐའ་ཡས། རྨ་རུ་དྲང་སྲོང་ཡངས་སངས་བསྟན་འཛིན་རང་གྲོལ། ངོ་ཆེ་དྲང་སྲོང་རྣམ་དག་དྲི་མེད་ཀུན་ལྡན་བཅས་སྤོས་འདྲེན་དང་རྒྱག་གླིང་གིས་སྣ་དྲང་ནས་བཤད་སྒྲུབ་ཀྱི་འདུ་ཁང་ཆེན་མོའི་ནང་ལ་གདན་འདྲེས་ཞུས་ཏེ་འདུས་པ་རྒྱ་མཚོའི་ཚོགས་དང་དད་འདུན་སེར་སྐྱ་ལྷན་ཏུ་འཛོམ། གོང་གསལ་བཀའ་རམས་པ་རྣམ་པའི་དད་སྦྱིན་ཁག་ནས་འདུས་པ་རྒྱ་མཚོར་ཟབ་ཇ། འབྲས་སིལ། སྐུ་འགྱེད་རྒྱས་འབུལ་དང་འབྲེལ། སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་ནས་བཤད་པའི་གཞུང་སྒྱུར་གོང་མ་གསུངས་རྗེས་སུ་བཀའ་རམས་པ་རྣམ་པ་གསུམ་གྱིས་རིམ་པར་བཤད་པ་ཕུལ། ཕྱི་དྲོ་ཆུ་ཚོད་གསུམ་དང་སྐར་མ་སུམ་ཅུའི་སྟེང་ཐོག་རོལ་སོགས་གོང་ལྟར་བྱས་ལ་སྐྱབས་རྗེ་མཁན་སློབ་རྣམ་གཉིས་དང་། ཞུ་བླ་དགེ་བཤེས་གཡུང་དྲུང་རྒྱ་མཚོ། བཀའ་རམས་པ་རྣམ་པ་གསུམ་བཅས་སྤོས་དུད་རྒྱག་གླིང་གིས་བསུས་ནས་གསས་ཁང་ནང་དུ་གདན་འདྲེན་ཞུས་ཏེ་འདུས་མང་བཀྲ་ཇ་དང་འོ་ཞོ་ཕུལ་རྟིང་བཀའ་རམས་པ་རྣམ་པས་རིམ་པར་བཀྲ་ཤིས་གསོལ་བ་དང་བསྔོ་བ་སྨོན་ལམ་གྱིས་རྒྱས་གདབ་པ་སོགས་ཉིན་དང་པོའི་བཀའ་རམས་པ་གསུམ་གྱི་སྔོན་འགྲོའི་མཛད་སྒོ་མཇུག་ལེགས་པར་གྲུབ།
མཛད་སྒོའི་ཉིན་གཉིས་པ་འཁོར་རྩ་དྲང་སྲོང་བསྟན་འཛིན་ཚུལ་ཁྲིམས་རང་གྲོལ། སྡི་ལ་དྲང་སྲོང་ཚུལ་ཁྲིམས་སྐལ་བཟང་རྒྱལ་མཚན། བན་ཚ་དྲང་སྲོང་ཤེས་རབ་གཙུག་ཕུད་རྣམ་གྲོལ་བཅས་བཀའ་རམས་པ་རྣམ་པ་གསུམ་དང་། ཉིན་གསུམ་པ་བོན་རྒྱུད་དྲང་སྲོང་བརྩོན་འགྲུས་ཚུལ་ཁྲིམས་བསྟན་འཛིན། འགྱིང་དྲང་སྲོང་ཚུལ་ཁྲིམས་བསྟན་འཛིན་སྨོན་ལམ། ངོ་ཆེ་དྲང་སྲོང་བསྟན་འཛིན་གཙུག་ཕུད་རྣམ་གྲོལ་བཅས་རྣམ་པ་གསུམ། ཉིན་བཞི་པ་ནང་ཆེན་དྲང་སྲོང་བློ་གྲོས་བསམ་གཏན་གཙུག་ཕུད། བེ་རི་དྲང་སྲོང་བསླབ་གསུམ་ཚུལ་ཁྲིམས་མཐར་ཕྱིན། གཙང་ཚ་དྲང་སྲོང་ལུང་རིག་མི་འགྱུར་གཙུག་ཕུད། གསལ་འཕེན་དྲང་སྲོང་ཚུལ་ཁྲིམས་ཤེས་རབ་བློ་གསལ་བཅས་རྣམ་པ་བཞིས་བཤད་པ་གྱེར་བ་དང་བཀྲ་ཤིས་བསྔོ་སྨོན་རྒྱས་གདབ་པ་སོགས་སྔོན་འགྲོའི་མཛད་སྒོའི་མཇུག་ལེགས་པར་བསྐྱངས།
དངོས་གཞིའི་མཛད་སྒོ་ཉིན་ལྔ་པ། དྲུག་པ། བདུན་པ། བརྒྱད་པ་བཅས་ལ་བཀའ་རམས་པ་རྣམས་ནས་ཉིན་ལྟར་སྔ་དྲོ་དམ་བཅའི་ཚིག་བཤད་ངག་རྒྱུག་ཕུལ་བ་དང་། ཕྱི་དྲོ་ཆུ་ཚོད་གཉིས་དང་སྐར་སུམ་ཅུ་ནས་ཆུ་ཚོད་དྲུག་པའི་བར་དུས་ཚོད་གསུམ་ལྷག་རིང་དགེ་བཤེས་རྣམ་པ་དང་། སྔགས་རྫོགས་འཛིན་གྲྭ་ནས་བཟུང་གཞུང་ཆེན་ཁག་གི་འཛིན་གྲྭ་སོགས་མཁས་མང་འདུས་སྡེའི་དབུས་སུ་དམ་འཇོག་རྩོད་རྒྱུག་གནང་བ་དང་། ཉིན་དགུ་པ་བོད་ཚེས་༡༩ ཉིན་བཀྲ་ཤིས་དམ་བཅའ་དང་། མཆོད་ཚིག་ཕུལ་བ། སྐྱབས་རྗེ་༧དཔོན་སློབ་རིན་པོ་ཆེ་མཆོག་ནས་མཚན་རྟགས་གསུང་པ། སྐྱབས་རྗེ་༧མཁན་རིན་པོ་ཆེ་ནས་བསྔོ་སྨོན་གྱིས་རྒྱས་གདབ་དང་བཀའ་རམས་པ་བཅུ་གསུམ་ལ་ལ་མགུར་དར་ཕྱག་མདུད་དང་དགེ་བཤེས་ཕྱག་ཁྱེར་བསྩལ་གནང་མཛད། དེ་ནས་བཀའ་རམས་པ་རྣམས་ནས་ཚིག་བཀྲ་གསུངས། འདུ་ཁང་སྐོར་བ་ཕེབས་པ་ཁྲུས་གསོལ་བཅས་གྲུབ་རྟིང་སྐྱབ་རྗེ་མཁན་སློབ་རྣམ་གཉིས་ནས་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་རྣམ་པ་སྐལ་པ་བཟང་ཞེས་སྐལ་བཟང་གི་ཤིས་ཚིག་གསུང་པ་དང་འབྲེལ། འདུས་པ་རྒྱ་མཚོ་དང་དད་འདུན་སེར་སྐྱ་ཡོངས་ནས་སྐལ་བཟང་གི་འབོད་སྒྲ་འུར་དིར་དིར་ངང་༧སྐྱབས་རྗེ་མཁན་རིན་པོ་ཆེ་མཁར་དམར་བླ་བྲང་དུ་གདན་དྲངས་ཤིང་། ༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་བཤད་སྒྲུབ་འདུ་ཁང་ཆེ་མོའི་ཡང་ཐོག་ཏུ་གདན་དྲངས་རྗེས། དགེ་བཤེས་རྣམ་པ་བཅུ་གསུམ་ཁྲི་གསོལ་ཁང་དུ་རྒྱག་གླིང་དང་སྤོས་དུད་ཀྱིས་སྣེ་དྲང་སྟེ་གདན་འདྲེན་ཞུས་ནས། འདུས་མང་དད་འདུན་ཡོངས་ནས་མཛད་འཕྲིན་བསྟན་འགྲོར་སྨན་པའི་ཤིས་སྨོན་སྐལ་བཟང་བརྗོད་བཞིན་ཁྲི་གསོལ་བཀྲ་ཤིས་ཁ་བཏགས་གུས་འབུལ་བྱེད་ཀྱིན་དགེ་བཤེས་ཁྲི་གསོལ་མཛད་སྒོའི་མཇུག་ཡོངས་སུ་གྲུབ་པའི་གནས་བསྡུས་སོ། །
སྐབས་གསུམ་པའི་དགེ་བཤེས་མཛད་སྒོའི་གོ་སྒྲིག་ཚོགས་ཆུང་ནས། སྤྱི་ལོ་༢༠༡༩ ༨ ༩ ཉིན་སྤེལ།