རྩེ་དྲུག་དགོན་གྱི་སྐབས་བཅུ་གསུམ་པའི་དགེ་བཤེས་མཛད་སྒོ།

[ཟླ་ཚེས། 2019-08-08 00:25:58][རྩོམ་པ་པོ། ཆེས་མཐོའི་ཞང་བོད་རིག་གཞུང་སློབ་གླིང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

    གནའ་སྟེ་སྲིད་པ་ཞང་ཞུང་གི་དུས་ནས་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་སྙིང་པོ་འཆད་རྩོད་རྩོམ་གསུམ་དང་། ཐོས་བསམ་སྒོམ་གསུམ་གྱི་ཕྲིན་ལས་རབ་ཏུ་དར་སའི་འདུ་གནས་ཁྱད་པར་ཅན་༧ཞང་ཞུང་སྒོ་པའི་ལྟེ་གནས་རྩེ་དྲུག་དགོན་ཤེལ་ལེ་རྒྱ་སྐར་གླིང་དབུས་གཞུང་ལས་ཁང་གིས་གཡུང་དྲུང་བོན་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་དང་མ་འོང་བསྟན་པའི་ས་བོན་དུ་དམིགས་ཏེ་མཐུན་རྐྱེན་སྦྱར་བའི་འོག་བཤད་སྒྲུབ་འདུས་སྡེའི་ཁོངས་ནས་བཀའ་རམས་པ་གེ་བཅག་ཚེ་དབང་བསྟན་འཛིན་དང་།  སྟག་ཚང་ཚུལ་ཁྲིམས་དཔལ་ལྡན།   ཤིང་རོང་སྨོན་ལམ་བཀྲ་ཤིས་གསུམ་གྱིས་ལོ་ངོ་བཅུ་གསུམ་རིང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་ཁག་དང་།  ཐུན་མོང་རིག་གནས་དག་སྙན་ངག  རྩིས་དཀར་ནག  སྒྲ་སྡེབ་སྦྱོར།  བཟོ་རིག།  དཀྱིལ་འཁོར་ཐིག་རྩ།  གཟུངས་གཞུག་འབུལ་ཐབས་བཅས་ལ་གསན་སྦྱངས་ཚུལ་མཐུན་གནང་སྟེ།  དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་པའི་གྲ་སྒྲིགས་ལེགས་པར་བྱས་ནས།  ༢༠༡༩ ལོའི་ཟླ་ ༧ པའི་ཚེས་༣༡དང་། གཤེན་གྱི་འབྱུང་ལྡན་སུམ་བརྒྱ་གཅིག་སྟེ་བོད་ས་ཕག་ལོའི་ཟླ་བ་ལྔ་པའི་ཚེས་ཉི་ཤུ་དགུ་ཉིན་ནས་དབུ་བཟུང་སྟེ་སྐབས་བཅུ་གསུམ་པའི་དགེ་བཤེས་མཛད་སྒོ་སྤེལ་བ་རེད།
   དེ་ཡང་ཉིན་དང་པོ་སྟེ་བོད་ཟླ་ལྔ་པའི་ཚེས་ཉི་ཤུ་དགུ་ཉིན་སྔ་དྲོ་ཕྱག་ཚོད་བཅུ་པའི་ཐོག་མཆོག་སྤྲུལ་བསྟན་འཛིན་གཙུག་ཕུད་འོད་ཟེར་རིན་པོ་ཆེ་དང་།  སློབ་དཔོན་རིན་པོ་ཆེ་ལུང་རྟོགས་བསྟན་པའི་རྒྱལ་མཚན།  སྒོམ་གྲྭའི་མཁན་ཚུལ་ཁྲིམས་རབ་རྒྱས་རྣམ་དག  སྒྲུབ་མཁན་དྲང་སྲོང་བསྟན་འཛིན་རྣམ་རྒྱལ།   བཤད་གྲྭའི་དགེ་རྒན།  བཀའ་རམས་པ་བཅས་སྤོས་དང་རྒྱ་གླིང་གིས་སྣ་དྲངས་ཏེ་སྨིན་གྲོལ་ཚོགས་ཆེན་འདུ་ཁང་དུ་གདན་འདྲེན་ཞུས་ཏེ་བླ་སློབ་གཙོས་པའི་མང་འདུས་སེམས་དཔའ་ཡོངས་ལ་སྐུ་འགྱེད་དང་། གསོལ་ཇ། འབྲས་སིལ་མར་ཁུ་སོགས་འདེགས་འབུལ་ཞུས་ནས་བཀའ་རམས་པ་གེ་བཅག་དྲང་སྲོང་ཚེ་དབང་བསྟན་འཛིན་གྱིས་སྔོན་འགྲོའི་བཤད་པ་གྱེར་མཚམས་རེ་ཞིག་འཚོགས་གྲོལ། ཕྱི་དྲོ་ཆུ་ཚོད་གསུམ་པའི་ཐོག་བཀྲ་ཇ་དང་། ཤིང་འབྲས། ཐུད་སོགས་ཉིན་གུང་གི་གཏོང་སྒོ་བཏང་སྟེ་བཀྲ་ཤིས་བསྔོ་སྨོན་གྱི་མཐའ་བརྒྱན་ནས་སྔོན་འགྲོའི་བཤད་པ་མཇུག་གྲུབ་པར་གནང་།
  
   ཉིན་གཉིས་པ་སྟེ་བོད་ཟླ་ལྔ་པའི་ཚེས་སུམ་བཅུའི་ཉིན་སྔ་དྲོ་ཕྱག་ཚོད་བཅུ་པའི་ཐོག་བླ་སློབ་དགེ་རྒན་རྣམ་པ་སྔར་བཞིན་ཚོགས་ཆེན་འདུ་ཁང་དུ་གདན་འདྲེན་ཞུས་ཏེ་སྐྱབས་གནས་དགེ་འདུན་གྱི་ཚོགས་ལ་དངུལ་འགྱེད་དང་། གསོལ་ཇ། འབྲས་སིལ་མར་ཁུ་སོགས་འདེགས་འབུལ་ཞུས་ནས་བཀའ་རམས་པ་ཤིང་རོང་དྲང་སྲོང་སྨོན་ལམ་བཀྲ་ཤིས་ཀྱིས་སྔོན་འགྲོའི་བཤད་པ་གྱེར་རྗེས་རེ་ཞིག་འཚོགས་གྲོལ། ཕྱི་དྲོ་ཆུ་ཚོད་གསུམ་པའི་ཐོག་བཀྲ་ཇ་དང་། ཤིང་འབྲས། ཐུད་སོགས་ཉིན་གུང་གི་གཏོང་སྒོ་བཏང་སྟེ་བཀྲ་ཤིས་བསྔོ་སྨོན་གྱི་མཐའ་བྱས་ནས་སྔོན་འགྲོའི་བཤད་པ་མཇུག་གྲུབ་པར་གནང་།
   ཉིན་གསུམ་པ་སྟེ་བོད་ཟླ་ལྔ་པའི་ཚེས་གཅིག་ཉིན་སྔ་དྲོ་ཕྱག་ཚོད་བཅུ་པའི་ཐོག་བླ་སློབ་དགེ་རྒན་རྣམ་པ་སྔར་བཞིན་གདན་འདྲེན་ཞུས་ཏེ་བླ་གྲྭ་ཀུན་ལ་དངུལ་འགྱེད་དང་། གསོལ་ཇ། འབྲས་སིལ་མར་ཁུ་སོགས་འདེགས་འབུལ་ཞུས་ནས་བཀའ་རམས་པ་སྟག་ཚང་དྲང་སྲོང་ཚུལ་ཁྲིམས་དཔལ་ལྡན་གྱིས་སྔོན་འགྲོའི་བཤད་པ་གྱེར་ཞིང་རེ་ཞིག་འཚོགས་གྲོལ། ཕྱི་དྲོ་ཆུ་ཚོད་གསུམ་པའི་ཐོག་བཀྲ་ཇ་དང་། ཤིང་འབྲས། ཐུད་སོགས་ཉིན་གུང་གི་གཏོང་སྒོ་བཏང་སྟེ་བཀྲ་ཤིས་བསྔོ་སྨོན་གྱི་མཐའ་བྱས་ནས་སྔོན་འགྲོའི་བཤད་པ་མཇུག་གྲུབ་པར་གནང་།
   ཉིན་བཞི་པ་སྟེ་བོད་ཟླ་ལྔ་པའི་ཚེས་གསུམ་ཉིན་མཆོག་སྤྲུལ་བསྟན་འཛིན་འོད་ཟེར་གཙོས་པའི་མཁན་སློབ་དགེ་རྒན་རྣམས་དང་།  བཀའ་རམས་པ་གེ་བཅག་དྲང་སྲོང་ཚེ་དབང་བསྟན་འཛིན། ཤིང་རོང་དྲང་སྲོང་སྨོན་ལམ་བཀྲ་ཤིས།  སྟག་ཚང་ཚུལ་ཁྲིམས་དཔལ་ལྡན་བཅས་སྨིན་གྲོལ་ཚོགས་ཆེན་འདུ་ཁང་དུ་གདན་འདྲེན་ཞུས་ཏེ་དངུལ་འགྱེད་དང་།  གསོལ་ཇ།  འབྲས་སིལ་མར་ཁུ་སོགས་འདེགས་འབུལ་ཞུས་པ་མ་ཟད་ཉིན་གང་པོའི་གཏོང་སྒོ་བཏང་ནས་སྐྱ་སེར་སྟོང་ཕྲག་དབུས་སུ་མཚན་ཉིད་དམ་བཅའི་འབུ་འཆད་དང་ཚིག་བཤད་ཀྱི་ངག་རྒྱུགས་ཕུལ།  
    ཉིན་གུང་ཕྱག་ཚོད་དང་པོ་ནས་ལྔ་པའི་བར་བཀའ་རམས་པ་རྣམ་གསུམ་དམ་བཅའ་བཞུགས་ཏེ།  རྩེ་དྲུག་དགོན་དང་། སྟེང་ཆེན་དགོན། ཀོ་རྒྱལ་དགོན།  གཡུང་དྲུང་དཔལ་རི་དགོན་སོགས་ཀྱི་དགེ་བཤེས་དང་སློབ་གཉེར་བ་རྣམས་ཀྱིས་མདོ་སྔགས་སེམས་གསུམ་སྐོར་ལ་ལུང་རིགས་ཟུང་འབྲེལ་གྱིས་རྩོད་པ་རྒྱ་ཆེ་གཏིང་ཟབ་བྱས་ཏེ་དམ་བཅའ་མཇུག་གྲུབ།
    ཉིན་ལྔ་པ་སྟེ་བོད་ཟླ་ལྔ་པའི་ཚེས་བཞི་ཉིན་སྔ་དྲོ་ཕྱག་ཚོད་བཅུ་པའི་ཐོག་མཆོག་སྤྲུལ་བསྟན་འཛིན་འོད་ཟེར་གཙོས་པའི་གླིང་བཞིའི་མཁན་སློབ་དང་།  དགེ་རྒན། བཀའ་རམས་པ་རྣམ་གསུམ་བཅས་སྤོས་དང་རྒྱ་གླིང་གིས་སྣ་དྲངས་ཏེ་སྨིན་གྲོལ་ཚོགས་ཆེན་འདུ་ཁང་དུ་གདན་འདྲེན་ཞུས། དེ་ནས་བཀའ་རམས་པའི་སྦྱིན་བདག་ཡོངས་ནས་ཚན་པ་སྣ་མང་ཕུལ་བ་དང་།  དབུས་དགོན་གཞུང་གིས་སྐུ་འགྱེད་དང་། གསོལ་ཇ། འབྲས་སིལ་མར་ཁུ་སོགས་འདེགས་འབུལ་ཞུས་ཏེ་བཀྲ་ཤིས་དམ་བཅའ་བཞུགས།  
      ཕྱག་ཚོད་དང་པོའི་ཐོག་སེམས་དཔའ་འདུས་སྡེ་རྒྱ་མཚོ་གྲལ་དུ་འཁོད་མཚམས་སློབ་དཔོན་རིན་པོ་ཆེས་མཚན་རྟགས་ཀྱི་ཚིག་བཤད་གསུངས་ཤིང་དགེ་བའི་བཤེས་གཉེན་ཆེན་པོའི་མཚན་གསོལ།  མཆོག་སྤྲུལ་རིན་པོ་ཆེས་བསྔོ་བ་བདེ་ལེགས་ཀུན་འབྱུང་གསུངས་གྲུབ་མཚམས་བཀའ་རམས་པས་མཆོད་ཚིག་གསུངས།
     དེ་རྗེས་མཆོག་སྤྲུལ་རིན་པོ་ཆེ་དང་མཁན་སློབ་དགེ་རྒན་རྣམ་པས་དགེ་བཤེས་ཕྱག་འཁྱེར་དང་།  མགུལ་དར་བྱིན་མདུད་བཅས་གནང་།  དགེ་བཤེས་རྣམ་པས་མཚན་ཉིད་ཚིག་བཀྲ་སྒྲ་དག་ཚིག་གསལ་གསུངས་ཞིང་བླ་གྲྭ་རྣམས་འཆམ་རར་ཕེབས།   སློབ་དཔོན་རིན་པོ་ཆེས་རྣམ་འཇོམས་བྱབ་ཁྲུས་གནང་ཞིང་བསྐོར་བ་ཕེབས་གྲུབ་རྗེས་མཆོག་སྤྲུལ་རིན་པོ་ཆེས་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་པོ་སྐལ་པ་བཟང་ཞེས་གསུངས་པ་དང་ཆབས་ཅིག
   སྐྱ་སེར་འདུས་པ་ཡོངས་ཀྱིས་སྐལ་པ་བཟང་ཞེས་རྗེས་ཟློས་བྱས་མཚམས་དགེ་བཤེས་ཁྲི་བཞེངས་མཛད་དེ་དད་ལྡན་སྐྱ་སེར་ཡོངས་ཀྱིས་མཇལ་ཁ་ཞུས་པ་དང་བཅས་དགེ་བཤེས་མཛད་སྒོ་མཇུག་གྲུབ་པའི་གནས་བསྡུས་སུ་ཁྱུང་གི་མེ་ཆར་པས་བྲིས་སོ།།
གནས་ཚུལ་པར་རིས་དང་བཅས་པ་རྒྱས་པ་ཅན།https://mp.weixin.qq.com/s/bZQKwUwxvxJUmGrBSG440w
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།