གསང་གི་བོན་ཚའི་རྡོ་འབུམ་ཆེན་མོའི་རབ་གནས་མཛད་སྒོའི་སྐོར།

[ཟླ་ཚེས། 2019-08-08 00:07:20][རྩོམ་པ་པོ། བཀོད་སྒྲིག་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

གསང་ཐའི་སྤྱི་རིམ་ལས་འཕྲོས་པའི་བོན་ཚའི་རྡོ་འབུམ་ཆེན་མོའི་རབ་གནས་མཛད་སྒོའི་སྐོར་དོན་རྣམ་པ་གསུམ་གྱི་སྒོ་ནས་ངོ་སྤྲོད་མདོར་བསྡུས་ཞུ་རྒྱུ་ལ།
   དང་པོ་གསང་ཐའི་སྤྱི་རིམ་ཆེན་མོའི་ལོ་རྒྱུས་ཀྱི་བྱུང་ཁུངས་ནི་ཐོག་མར་གསང་ཐའི་སྤྱི་ཁང་བོན་ཞིང་སྒལ་དུ་ལོ་ལྟར་དབྱར་གྱི་སྤྱི་རིམ་དུས་སུ་བོན་གཤེན་རྣམས་འདུ་ཚོགས་གནང་བའི་གནད་ཀྱིས་གསང་གཞུང་བོན་ལུང་སྐྱ་མོའི་བོན་ཞིང་དབྱར་མོ་བོན་ཐང་ཞེས་གྲགས། དེ་ཡང་ཡུལ་འདི་དང་ཐོག་ཞང་ཞུང་སྨར་གྱི་རུ་ཁོངས། དེ་ནས་སྤུ་རྒྱལ་བོད་ཀྱི་ཁྱབ་ཁོངས་སུ་གཏོགས་ལ། བར་དུ་སེ་ཆེན་ཧོར་གྱི་དུས་རབས། ནག་པོ་རྒྱ་ཡི་འཕེལ་དུས། སྒང་པ་བོད་ཀྱི་དུས་རིམ་བཅས་རྒྱ་བོད་ཧོར་གྱི་ལ་ཚིགས་དུས་རིམ་གསུམ་སོགས་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་སྲོལ་རྒྱུན་རིན་ཐང་ལྡན་པའི་ཡུལ་གྲུ་ཞིག་ཏུ་ངེས་ལ།
   དེང་གངས་ལྗོངས་རྔུལ་རྫ་ཟལ་མོའི་སྒང་སྟོད་ཞེས་བོད་ལྗོངས་ནག་ཆུ་ས་ཁུལ་སྦྲ་ཆེན་རྫོང་གླ་ཞི་གྲོང་རྡལ་གྱི་ཁོངས་སུ་གནས་ཡོད། སྦྲ་ཆེན་ཕྱུག་མོའི་ལྗོངས་ནི་རི་མཐོ་ས་གཙང་རང་བཞིན་བསིལ་ལྡན་གྱི་ཡུལ་ལྗོངས་ལ་གཡང་གི་ར་བ་སྒོ་བཞི་ཕྱུགས་རིགས་དཀར་ནག་གི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། དྭངས་གཙང་ཆུ་བོའི་རླབས་ཕྲེང་ལྷུང་ལྷུང་དུ་འབབ་པས་ས་གཞི་རི་ལུང་ཀུན་ལ་ལྟ་ན་སྡུག་པའི་ནེའུ་གསེང་སྤང་ལྗོངས་ཀྱི་སྐྱེད་ཚལ་དང་རྣམ་པར་བཀྲ་བའི་རྩི་ཤིང་མེ་ཏོག་གི་ཕ་ས། ཡུལ་འདི་བྱང་ཐང་འཛིན་མའི་ས་གཞི་རྒྱ་ཆེ་ཡང་གནས་སྡོད་ཀྱི་མི་འབོར་ཅུང་ཉུང་ལ། བོད་ཀྱི་ཐུན་མིན་ཁྱད་ཆོས་འབྲོག་པའི་སྲོལ་རྒྱུན་གྱི་རིན་ཐང་འབུར་དུ་ཐོན་ཞིང་། ཡབ་མེས་ཞང་བོད་ཀྱི་དུས་ནས་ད་བར་དུས་ཡུན་རིང་པོའི་ནང་། བསྐལ་སྲིད་ཀྱི་འཁོར་བགྲོད་དང་། དུས་རབས་ཀྱི་འགྱུར་ལྡོག་སྣ་ཚོགས་ཇི་ལྟར་བྱུང་ཡང་གསང་གཞུང་བོན་ལུང་སྐྱ་མོའི་ནང་བོན་གཤེན་རིག་འཛིན་དུ་མས་བྱིན་གྱིས་བརླབས་ནས་སྔར་ནས་ད་བར་བོན་གཡུང་དྲུང་གི་བསྟན་པ་དར་ཞིང་དུས་རྣམ་ཀུན་ཏུ་ས་གནས་འདིར་བོ༵ན་གཤེན་རྣམས་ཀྱིས་བོན་གྱི་བསྭོ་སྒྲའི་རྒྱུན་མི་ཆད་པའི་བོན་གྱི་འདུལ་ཞི༵ང་ཞིག་ལ་བོན་ཞིང་ཟེར། གསང་གཞུང་ངམ་གསང་ཐ་ཞེས་པའི་ཐ་སྙད་འབྲི་སྟངས་ལ་སྲང་ཐ་དང་། བསང་ཐ། གསང་ཐ་ཞེས་འབྲི་སྲོལ་གསུམ་ཙམ་བྱུང་ཡོད་ཀྱང་དོན་དངོས་གསང་ཐ་ཞེས་འབྲི་སྲོལ་མང་། དེ་ནི་གསང་གི་དཀར་མགོན་མཆེད་གསུམ་ལ། གཤེན་གསང་བ་འདུས་པས་བྱིན་གྱིས་བརླབས་པས། གསང་འདུས་མིང་ནས་གསང་ཐ་ཐོགས་ཞེས་ཡུལ་མིའི་ངག་རྒྱུན་ལ། གསང་ཐར་གསང་བ་འདུས་པས་བྱིན་བརླབ་ཡོད་ན། རྫུ་འཕྲུལ་ལ་སྟག་ལ་མེ་འབར་འདྲ་འདྲ་དགོས། ཞེས་བཤད་སྲོལ་འདུག་པར་བརྟེན་གསང་འདུས་མཚན་ཟུར་གྱི་གས༵ང་དང་། ཡུལ་ལ་ཐ་གྲུ་ཞེས་འབོད་པའི་ཐ་སྟེ་དེས་ན་གསང་ཐ་ཞེས་ཐོགས་པར་སེམས།
   བོན་ཞིང་དབྱར་མོ་བོན་ཐང་གི་གོ་དོན་ནི། གནའ་སྔ་མོ་ཞིག་ནས་བོན་ཞིང་སྒལ་ལ་དབྱར་མོ་བོན་ཐང་ཞེས་འབོད་སྲོལ་ཡོད་པའི་བཤད་རྒྱུན་འདུག་ཀྱང་ལོ་རྒྱུས་ཀྱི་འགྲོས་ལ་དཔྱད་ན། དུས་རབས་བཅུ་བདུན་པའི་ནང་སྐོར་ལ། ཡེ་ཐའི་རྒྱལ་བློན་རུ་བཞི་ཞེས་དཔོན་གཅིག་བློན་པོ་གསུམ་ལ་འབོད་པའི་དཔོན་ནི་སྐབས་དེར་ཁའོ་དཔོན། བློན་ཆེན་རྒོད་དཔེ། ནང་བློན་དང་པོ་གེབ་ཅག ཕྱི་བློན་དང་པོ་ངུ་འབྲོང་བཅས་ཀྱི་ནང་ནས་ནང་བློན་གེབ་ཅག་ཚང་ནི་སྤྱིར་ཡེ་ཐ་སྤྱི་དང་ཁྱད་པར་དུ་གསང་ཐ་ཤོག་ཁའི་སྤྱི་མི་སྡེ་འགན་གཙོ་བོར་བཞེས་སྐབས་ལོ་རེར་དབྱར་དགུན་སྟོན་དཔྱིད་ཀྱི་སྤྱི་རིམ་སོ་སོར་བཟོས་ཡོད་ངེས་ཀྱང་ལོ་གཅིག་གི་ཤོག་ཁའི་སྤྱི་རིམ་ཆེ་ཤོས་ནི་དབྱར་ཁའི་སྤྱི་རིམ་ཆེན་མོ་དེ་གསོལ་ཁ་བཅའ་བ་དང་།
   རྣམ་རྒྱལ་སྟོང་མཆོད་སོགས་བོན་ཞིང་སྒལ་ལ་འཚོགས་ཏེ། ཤོག་ཁའི་དད་ལྡན་མང་ཚོགས་ལ་དབང་ཁ་བྱིན་རླབས་དང་། རྟ་རྒྱུགས་མདའ་འཕེན། རི་བསང་རླུང་རྟ་སོགས་ཀྱི་དབྱར་རིམ་ཆེན་མོའི་སྲོལ་བཙུགས་པ་ནས་བཟུང་། དེ་རྗེས་བླ་མ་ཡབ་ཚང་བྲིས་རྒྱང་དུ་བཞུགས་སྐབས་སྤ་སྟོན་ཉི་མ་འབུམ་གསལ་གྱི་དུས་སུ་བོན་ཞིང་སྒལ་དུ་སྔར་སྲོལ་ཤོག་ཁའི་སྤྱི་རིམ་གཞིར་བཟུང་ཐོག་སྔར་ལས་ལྷག་པ་ཞིག་ལོ་རེའི་ནམ་ཟླ་དུས་བཞིའི་སྤྱི་རིམ་སོ་སོར་བཟོས་ཏེ། དཔྱིད་དུས་རྟ་པ་ཟླ་བའི་ནང་ལོ་དུས་ཀྱི་གསོལ་ཁ་ཞེས་བོན་སྐྱོང་སྲུང་མའི་གསོལ་ཁ་རྒྱས་པ་དགུ་སྟེ། མ་བདུད་བཙན་གསུམ་ཞེས་བོན་གྱི་བསྟན་སྲུང་གཙོ་མོ་མ་མཆོག་སྲིད་པ་རྒྱལ་མོ་དྲེའུ་དམར་ནག་གཉིས་དང་། མི་བདུད་འབྱམས་པ་ཁྲག་མགོ བྲག་བཙན་ཨ་བསེ་རྒྱལ་བ། བསྟན་སྲུང་རྨ་གཉན་པོམ་ར། རྒྱལ་ཆེན་ཤེལ་ཁྲབ་འབར་བ། ཕོ་ལྷ་གནམ་ཐེའུ་དཀར་པོ། སྒྲ་བླ་ཝེར་མའི་དཔའ་ཚོགས། ཅང་སེང་ལྕམ་མོ་ལམ་ལྷ་བཅས་ཀྱི་གསོལ་ཁ་དགུ་པོ་རྒྱས་འབུལ་ཞུ་བ་དང་། དབྱར་གྱི་དུས་རིམ་ཆེན་མོའི་སྐབས་སུ་རྣམ་རྒྱལ་སྟོང་མཆོད་བཅའ་སྟེ། འཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ཡུལ་གྱི་སྣོད་བཅུད་རྒྱས་ཕྱིར་རྣམ་རྒྱལ་བུམ་གཏེར་ཡུལ་རི་གལ་ཆེན་ཁག་ལ་སྦས་ཤིང་། མི་གཡང་ཕོ་རུ་འཕེལ་བ་དང་ཕྱུགས་གཡང་མོ་རུ་འཕེལ་ཕྱིར་གཡང་རྟེན་དགུ་ར་དགུ་ཁྱུད་བཅའ་ཞིང་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གཉིས་བཅས་ཕྱོགས་བཅུའི་གཡང་འགུག་དང་གཡང་འབོད་གཡང་བསྐོར་སོགས་ཕྱྭ་ཚེ་གཡང་གི་སྒྲུབ་པའི་སྐོར་དང་།
   སྐབས་དེར་གསང་གི་ཡུལ་ལྷ་དཀར་མགོན་མཆེད་གསུམ་གསོ་ཞིང་རི་བསང་རླུང་རྟ། རྟ་རྒྱུགས་མདའ་འཕེན། གཞན་ཡང་མཛེས་པའི་རྒྱན་མཚོར་གཟབ་སྤྲོས། དགའ་བའི་བྲོ་གླུ་གཞས་གསུམ། སྐྱིད་པའི་ཀི་བསྭོ་ལྷ་འབོད་སོགས་དམངས་ཁྲོད་རིག་གནས་སྒྱུ་རྩལ་ཕུན་སུམ་འཚོགས་པོ་གནང་བའི་སྲོལ་དང་། ཆོས་ཕྱོགས་ནས་སྐབས་དེར་སྤ་སྟོན་ཉི་འབུམ་སྐུ་དངོས་སུ་ཕེབས་ཏེ་དད་ལྡན་མང་ཚོགས་ལ་དབང་ཁ་བྱིན་རླབས་དང་། དབང་ལུང་མན་ངག་གི་ཞལ་ཁྲིད། མི་དམངས་ཀུན་ལ་ཕན་པའི་དགེ་བའི་ཕན་ཡོན་དང་སྡིག་པའི་ཉེས་དམིགས་སོགས་ཀྱི་བོན་བཤད་གནང་ཞིང་དེ་ནས་མང་ཚོགས་སོ་སོའི་དགོས་མཁོ་དང་དབང་པོ་རབ་འབྲིང་ཐ་གསུམ་ལ་མཚོན་པའི་སྔོན་འགྲོ་དང་དངོས་གཞི། བསྙེན་གནས་དང་སྨྱུང་གནས་སོགས་ཀྱི་དབྱར་རིམ་ཆེན་མོའི་སྐབས་སུ་བོན་གྱི་འཁོར་ལོ་རྒྱ་ཆེར་བསྐོར་བའི་སྲོལ་བཙུགས་ལ། དེ་ནས་སྟོན་གྱི་དུས་སུ་ཡུལ་ལུང་ལ་གནད་དམིགས་ཀྱི་སྐུ་རིམ་ཞབས་བརྟན་གང་དགོས་བཅའ་རྒྱུ་དང་། དགུན་དུས་སུ་གདུགས་དཀར་སྟོང་བཟློག་དང་ཡི་དམ་སྟག་ལའི་བསྙེན་བསྒྲུབ་ལས་གསུམ་དང་སྲུང་ཟློག་བསད་གསུམ་གང་དགོས་སྐབས་བསྟུན་གནང་བ་སོགས་ལོ་རེའི་ནམ་ཟླ་དུས་བཞིར་བོན་གྱི་བསྭོ་སྒྲས་ཁེངས་ཤིང་ལྷག་ཏུ་དབྱར་གྱི་སྤྱི་རིམ་ཆེན་མོའི་སྐབས་སུ་བོན་གཤེན་རྣམས་འདུ་ཚོགས་རྒྱ་ཆེན་གནང་བའི་ཆ་ནས་བོན་ཞིང་དབྱར་མོ་བོན་ཐང་ཞེས་གྲགས་ལ། དུས་དེ་ནས་བཟུང་བོན་ཞིང་དབྱར་མོ་བོན་ཐང་དེ་གསང་ཐ་ཤོག་ཁའི་ལོ་དུས་ཀྱི་གསོལ་ཁ་སོགས་སྤྱི་རིམ་ཆེན་མོའི་སྤྱི་ཁང་ཞིག་ཏུ་གྱུར།
   དེ་རྗེས་དུས་ཀྱི་གཉན་འཕྲང་ཆེན་པོ་རིག་གསར་སྐབས་ཉམས་གུད་ཕྱིན་ལ། ཕྱིས་ཆོས་དད་རང་མོས་ཀྱི་སྲིད་ཇུས་གུ་ཡངས་སྐབས་གསང་ཐའི་ཡུལ་མི་རྒན་རབས་རྣམས་དང་བླ་གྲྭ་བོན་གཤེན་ཀུན་བསམ་གྲོས་གཅིག་མཐུན་གྱི་སྒོ་ནས། སྤྱི་ལོ། ༡༩༨༢ལོར་གསང་ཐའི་སྤྱི་རིམ་ཆེན་མོ་ཉམས་པ་སླར་གསོ་མཛད་དེ་ལོ་དེར་སྔར་ལས་ལྷག་པའི་སྤྱི་རིམ་གྱི་མཛད་སྒོ་རྒྱ་ཆེན་སྤེལ་བ་ནས་བཟུང་འདི་ལོ། ༢༠༡༩ལོ་བར་མི་ལོ་སོ་བརྒྱད་རིང་ཉམས་མེད་རྒྱུན་སྐྱོང་དང་སྔར་སྲོལ་ད་གནས་ཐུབ་པ་ཞིག་གོ།
   གཉིས་པ་གསང་ཐའི་ཡུལ་སྐྱོང་ཟོ་དོར་བོན་ཚ་གཡུང་དྲུང་ནོར་བུ་ལྷ་རྩེའི་ངོ་སྤྲོད་ཞུ་རྒྱུ་ལ། ཐོག་མར་བོན་ཚའི་མིང་ལ་དཀར་མགོན་དཀར་པོ་རྩེ་རྒྱལ་ཞེས་བཏགས་ཚུལ་ཡུལ་མི་རྒན་རབས་རྣམས་ཀྱི་ཞལ་རྒྱུན་ལ། རིག་འཛིན་སྟོང་རྒྱུང་མཐུ་ཆེན་གྱིས། ཡུལ་ལྷ་དཀར་པོ་རྩེ་རྒྱལ་འདི། བོན་ལ་ཁ་འཛིན་ཆེ་བ་ལ། ཚ་བོ་ཞང་པོ་ལྟར་དུ་འདུག   བོན་ཚ་ནོར་བུ་ལྷ་རྩེ་ཐོགས། ཞེས་གསུངས་ནས་བོན་ཚ་ཞེས་པའི་མིང་དེ་དུས་དེ་ཙམ་ནས་ཐོགས་པར་མངོན། བོན་ཚའི་ལོ་རྒྱུས་དང་འབྲེལ་བའི་གོ་དོན་མདོར་བསྡུས་ཤིག་ནི། གནའ་བོའི་ཡིག་རྙིང་བོན་ཚའི་བསང་བརྔན་བསྐང་བའི་མདོས་ལས་འཁོད་པ་ལྟར་ན། ཡབ་རྨ་ཆེན་པོམ་ར། ཡུམ་ཀླུ་མོ་དཀར་མོ། སྲས་ཨ་ལས་བོན་ཚ་གཡུང་དྲུང་ནོར་བུ་ལྷ་རྩེ། མ་ལས་སྨན་མོ་མཛེས་ལྡན་མ་དང་ཡབ་ཡུམ་གཉིས་ཀྱི་འཁོར་ལ། ཕྱོགས་བཞིའི་ལས་བྱེད་རུ་འདྲེན་རྣམ་བཞི་ཞེས་ཤར་དུ་ཞི་བའི་ལས་བྱེད་ཏྲི་ལ་མི་མགོན་དཀར་པོ། བྱང་དུ་རྒྱས་པའི་ལས་བྱེད་ཡ་ལ་ཇོའོ་སྟག་རྒྱལ། ནུབ་ཏུ་དྲག་པོའི་ལས་བྱེད་ཙ་ལ་ཐོག་མེད་དབང་ཕྱུགལྷོ་རུ་དབང་གི་ལས་བྱེད་དུ་ལ་ནག་པོ་རྩལ་ཆེན་དང་བཞི་བཅས་གཙོ་བོའི་ལས་བྱེད་ཞི་རྒྱས་དབང་དྲག་གི་འཕྲིན་ལས་སྒྲུབ་མཁན་འཁོར་གཙོ་བཞི་དང་། དེ་སྟེང་བོན་ཚའི་མཚམས་བཞིའི་སྒོ་སྲུང་དྲེགས་པ་སྡེ་བཞི་ཞེས་ལྷོ་ཤར་སྒོ་སྲུང་ན་ལ་ཀླུའི་དྲེགས་པ།  བྱང་ཤར་སྒོ་སྲུང་ཙྰ་ལ་ཡུལ་བཙན་དྲེགས་པ། བྱང་ནུབ་སྒོ་སྲུང་ར་ལ་ལྷ་བཙན་དྲེགས་པ། ལྷོ་ནུབ་སྒོ་སྲུང་ཤ་ལ་གཤིན་རྗེའི་དྲེགས་པ་བཅས་ཡབ་ཡུམ་གཙོ་འཁོར་བཅུ་འཁོད་པ་དེ་དག་རང་ཡུལ་ལུང་པའི་འགྲོས་ལ་དཔྱད་དེ་བཤད་པས་དབུས་གསང་གི་བོན་ཚ་གཡུང་དྲུང་ནོར་བུ་ལྷ་རྩེ་ནི་བོད་ཀྱི་བླ་རི་ཏི་པོམ་ཐང་གསུམ་(ཏི་སེ། པོམ་ར། ཐང་ལྷ་དང་གསུམ། )གྱི་ནང་ཚན་རྨ་རྒྱལ་པོམ་རའི་སྲས་སུ་གྲགས་ཤིང་།
 དོན་མཚན་གྱི་སྒོ་ནས་སྨོས་ན། ཕྱི་ལྟར་ན་གསང་གི་བོན་ཚ་ཁྲ་ཡུ། ནང་ལྟར་ན་གཡུང་དྲུང་ནོར་བུ་ལྷ་རྩེ། གསང་བ་ལྟར་དཀར་མགོན་དཀར་པོ་རྩེ་རྒྱལ་ཞེས་འབོད་སྲོལ་ཡོད། དེའི་གསང་ཡུམ་ཚུལ་དུ་སྨན་མོ་མཛེས་ལྡན་མ་ཞེས་མཚོ་མོ་མེ་ལོང་མ། དེ་ནས་བོན་ཚའི་ཕྱོགས་བཞིའི་རུ་འདྲེན་སྡེ་བཞི་ནི། ཤར་གྱི་རུ་འདྲེན་མི་མགོན་དཀར་པོ་ཞེས་པ་གནས་མཆོག་རྫོང་དཀར། བྱང་གི་རུ་འདྲེན་ཇོའོ་སྟག་རྒྱལ་ཞེས་པ་གསང་གི་ཏི་སེ་དཀར་པོ། ནུབ་ཀྱི་རུ་འདྲེན་ཐོག་མེད་དབང་ཕྱུག་ཅེས་པ་བྲག་རིང་གཡུང་དྲུང་ལྷ་རྩེ། ལྷོ་ཡི་རུ་འདྲེན་ནག་པོ་རྩལ་ཆེན་ཞེས་པ་དགའ་བདེ་རྟ་མཆོག་བྲ་ནག་རྟིང་དཀར་ཆིབས་པ་བཅས་ལས་བྱེད་ཀྱི་རུ་འདྲེན་བཞིའོ། །
   དེ་ནས་བོན་ཚའི་མཚམས་བཞིའི་སྒོ་སྲུང་སྡེ་བཞིའི་སྐབས་སུ། ལྷོ་ཤར་སྒོ་སྲུང་ན་ལ་ཀླུའི་དྲེགས་པ་ནི་གསང་གི་ཡུལ་སྐྱོང་ཟོ་དོར་ལྕམ་དྲལ་གསུམ་ཞེས་ཆེ་བ་དམུ་རྗེ་འཐེབ་ཆེན་མི་ཕྱུག་སྲིད་པའི་དམུ་ཐག་འཛིན་པ། དེ་འོག་བྱམས་ཆེན་དཀར་མོ་མི་ཡི་མགོན་མཛད། ཐ་ཆུང་བྱམས་ཆུང་སྔོན་མོ་ཕྱུག་སྲིད་ཀྱི་བདག་པོ་དང་གསུམ། བྱང་ཤར་སྒོ་སྲུང་ཙྰ་ལ་ཡུལ་བཙན་དྲེགས་པ་ནི་གསང་གི་ཕོ་ལྷ་གནམ་ཐེལ་མཆེད་གསུམ་ཞེས་གསང་གི་བར་ཐེལ་ཁྲ་བོ་ཐོག་རུ། ཆུ་དྲག་གི་གནམ་ཐེལ་ནག་པོ། ས་ཐེལ་སེར་པོ་གོ་ཚང་ཨོག་སེར་བཅས་གནམ་ས་བར་གསུམ་གྱི་ཡུལ་བཙན་ཟོ་དོར་སྤུན་གསུམ། བྱང་ནུབ་སྒོ་སྲུང་ར་ལ་ལྷ་བཙན་དྲེགས་པ་ནི་བྲིས་རྒྱང་པད་བྲག་ལྷ་རྩེའི་སྦྲུལ་མགོ་གཡུང་དྲུང་འབྲུག་གྲགས་མི་དམར་མཆེད་གསུམ་དང་གནམ་ལྷ་འབྲུག་གྲགས་སོགས་གནས་རི་ས་མིག་ཁྱད་ཆོས་ངོ་མཚར་ལྡན་པའི་རི་རྒྱུད་དང་། ལྷོ་ནུབ་སྒོ་སྲུང་ཤ་ལ་གཤིན་རྗེའི་དྲེགས་པ་ནི་ཆམས་ཀྱི་ཟོ་དོར་བྱུ་རུ་སྤུན་གསུམ་ཞེས་ཆེ་བ་བདུད་རྗེ་དམུ་བཙན་སྨུག་པོ། འབྲིང་བ་བཙན་རྗེ་དམར་པོ། ཆུང་བ་ཀླུ་རྗེ་སྔོན་པོ་དང་གསུམ་བཅས་བོན་ཚ་གཡུང་དྲུང་ལྷ་རྩེའི་ཕྱོགས་བཞིའི་རུ་འདྲེན་བཞི་དང་མཚམས་བཞིའི་སྒོ་སྲུང་བཞི་སོགས་གསང་ཐའི་ཡུལ་སྐྱོང་ཟོ་དོར་གཙོ་བོར་འཛིན་པ་མ་ཟད་གསང་ཐ་ཤོག་ཁའི་རྒྱབ་རི་གལ་ཆེན་ཞིག་ཏུ་བརྩི་སྲོལ་ཡོད།
   རྒྱབ་རི་འདི་ཡི་ཁྱད་བོན་འབུར་དུ་ཐོན་པ་ནི། དབུས་བོན་ཚ་གཡུང་དྲུང་ནོར་བུ་ལྷ་རྩེ་ནི་རི་བཟང་རྒྱ་ཆེ་དཔང་མཐོ་ལ། ཞི་བའི་ཚུལ་དུ་དར་ཡོར་འཐེན་འདྲ། དབང་གི་ཚུལ་དུ་ཟླ་གམ་ལྡན་པ། རྒྱས་པའི་ཚུལ་དུ་རིན་ཆེན་འབར་བ། དྲག་པོའི་ཚུལ་དུ་ཁྱུང་གཤོག་བརྐྱང་འདྲ། དངོས་གྲུབ་གཏེར་ཁ་འབྱུང་རྟགས་ཕྱོགས་མཚམས་ཀུན་ཏུ་དིལ་ཆེན་དིལ་ཆུང་ཕྱེ་མར་སྤུངས་འདྲ། འདོད་དགུ་ལྷུན་གྱིས་གྲུབ་རྟགས་ན་དམར་རྒྱ་ཆེན་རྒྱ་ཆུང་གསེར་གཞོང་བདུད་རྩིས་བཀང་འདྲ། ལོངས་སྤྱོད་ཕུན་སུམ་འཚོགས་རྟགས་ཆུ་འགོ་རྒྱ་ཆེན་རྒྱ་ཆུང་རིན་ཆེན་ཚོམ་བུ་བཀྲམ་འདྲ། འཁོར་འབངས་དར་རྒྱས་འཛོམས་རྟགས་རི་ལུང་ཀུན་ལ་རྩི་ཤིང་མེ་ཏོག་སྐར་ལྟར་བཀྲ་བ། ཁམས་གསུམ་དབང་དུ་བསྡུད་རྟགས་རི་ཕྲན་ཀུན་ཀྱང་གུས་པའི་ཚུལ་གྱིས་ཕྱག་རྒྱ་བསྣོལ་འདྲ། སྲིད་གསུམ་ཟིལ་གྱིས་གནོན་རྟགས་སྲིད་པའི་བྱ་གཟན་རི་གཡུང་བྲན་ལྟར་འཁོར་བ། བོན་གཡུང་དྲུང་གི་བསྟན་པ་དར་རྟགས་བོན་ཚའི་ཕྱོགས་མཚམས་ཀུན་ལ་བོན་གྱི་བསྭོ་སྒྲས་ཁེངས་པ་སོགས་ཁྱད་ཆོས་ཡོན་ཏན་ཕུན་སུམ་ཚོགས་པའི་གསང་གི་དཀར་མགོན་མཆེད་གསུམ་ཞེས་གཙོ་བོའི་དཀར་མགོན་བོན་ཚ་དཀར་པོ་རྩེ་རྒྱལ། ཤར་གྱི་དཀར་མགོན་གནས་མཆོག་རྫོང་དཀར་རི་བྲག། བྱང་གི་དཀར་མགོན་གསང་གི་ཏི་སེ་དཀར་པོ་བཅས་ཡུལ་སྐྱོང་གཙོ་འཁོར་མཆེད་གསུམ་དེ་ཡུལ་ལུང་འདི་ཡི་མཆོད་བསྟོད་ཀྱི་གནས་མཆོག་གཙོ་བོ་ཞིག་དང་།
   གནའ་དུས་ཡབ་མེས་གོང་མའི་དུས་ནས་ད་བར་སྐྱེས་ལྷ་ལྟ་བུར་ངོས་འཛིན་ཏེ་ཡུལ་ཕྱོགས་འདི་རུ་ལོ་ལྟར་བཞིན་ལོ་དུས་ཀྱི་གསོལ་ཁ་དང་ཟླ་དུས་ཀྱི་མཆོད་པའི་སྐབས་སུ། གསང་གི་དཀར་མགོན་མཆེད་གསུམ་གཙོས་པའི་དཀར་ཕྱོགས་སྐྱོང་བའི་ཡུལ་རི་གཞི་བདག་ཕར་རི་གཡས་ལ་གནས་པ། ཚུར་རི་གཡོན་ལ་གནས་པ། ཕུའི་གངས་ལ་གནས་པ། མདའི་གཙང་ལ་གནས་པ། སྲ་བ་བྲག་ལ་གནས་པ། འབབ་པ་ཆུ་ལ་གནས་པ། སྐྱེ་བ་ཤིང་ལ་གནས་པ། འགྲོ་བ་ལམ་ལ་གནས་པའི་ཡུལ་སྐྱོང་ཟོ་དོར་འདི་རྣམས་སྤྱིར་སངས་རྒྱས་ཀྱི་བསྟན་པ། སྒོས་སུ་སེམས་ཅན་གྱི་བདེ་སྐྱིད། ཁྱད་པར་དུ་ཡུལ་ལུང་འདི་ལ་གནས་པའི་སྐྱེ་འགྲོ་ཡོངས་ཀྱི་ཕན་བདེའི་ཆེད་དུ་བོས་ན་འོང་བ། རྦད་ན་འགྲོ་བ། བསྟེན་ན་འཁོར་བ། ལུས་དང་གྲིབ་བཞིན་འཁོར་བའི་ཡུལ་སྐྱོང་ཟོ་དོར་འདི་རྣམས་འབོད་སྦད་བསྐུལ་བའི་དུས་སུ་སྙན་མི་སྲ། མཆོད་ཅིང་བསྐང་བའི་དུས་སུ་ལས་མི་གཡེལ། མངའ་གསོལ་བྱིན་འབེབ་དུས་སུ་རྒྱང་མི་རིང་།  ཀི་བསྭོ་ལྷ་འབོད་དུས་སུ་རྟགས་མི་ཞན།  ཡུལ་འདིའི་རྒྱུ་སྦྱོར་ཡོན་བདག་འཁོར་དང་བཅས་པ་རྣམས་གཞིས་བྱེས་རི་ལུང་། ཕྱོགས་བཞི་མཚམས་བརྒྱད་གར་འགྲོ་གར་གནས་ཀྱང་སྔོན་ནས་བསུ་ཞིང་རྒྱབ་ནས་སྐྱོར། མི་ལེགས་ཉེས་ཚོགས་ཀུན་སེལ་ཏེ་ལེགས་པ་སྟོང་གི་ཁ་འཛིན་སྡོང་གྲོགས་རྒྱ་ཆེན་པོར་མཛད་པའི་དཀར་ཕྱོགས་སྐྱོང་བའི་ཡུལ་སྐྱོང་ཟོ་དོར་ཞིག་ཡིན་པའི་གནས་ཚུལ་འཁོད་པའོ། །
གསུམ་པ་གསང་གི་བོན་ཚའི་རྡོ་འབུམ་ཆེན་མོའི་ངོ་སྤྲོད་ཞུ་བ་ལ། གསང་གི་ཁ་འཛིན་སྐུ་གསུང་ཐུགས་གསུམ་གྱི་རྟེན་དུ་སྐུ་ཞི་བ་ཡུལ་སྐྱོང་ཟོ་དོར་བོན་ཚ་གཡུང་དྲུང་ནོར་བུ་ལྷ་རྩེ། ། གསུང་རྒྱས་པའི་ཚུལ་དུ་བོན་ཞིང་དབྱར་མོ་བོན་ཐང་དུ་བོན་གྱི་བསྭོ་སྒྲས་དུས་བཞིར་སྒྲོགས་པ། ཐུགས་དྲག་པོའི་རྟེན་དུ་དྲག་པོ་ཟུར་གསུམ་ཟིལ་གནོན་གྱི་ཚུལ་དུ་རྡོ་འབུམ་ཆེན་མོ་དང་གསུམ་ཡོད། སྔ་མ་གཉིས་གོང་དུ་བཤད་ཟིན་ལ།
   འདིར་ཐུགས་རྟེན་རྡོ་འབུམ་གྱི་བྱུང་ཁུངས་ནི། གསང་གི་ཡུལ་སྐྱོང་ཟོ་དོར་བོན་ཚའི་མདུན་དུ་ཡོད་པའི་སྔོན་ཡོད་རྡོ་འབུམ་ཆུང་བ་དེ་རྨང་གཞི་བྱས་ཏེ་ད་ཐེངས་རྡོ་འབུམ་གཞི་རྒྱ་ཆེ་རུ་གཏོང་བའི་གནད་ཀྱིས་གསང་གི་བོན་ཚའི་རྡོ་འབུམ་ཆེན་མོ་ཞེས་མཚན་གསོལ་ལ། རྡོ་འབུམ་འདི་ཐོག་མར་དེང་གི་རྡོ་འབུམ་ཆེན་མོའི་གནས་ས་ལ་བྲག་རྩི་སྔོ་དམར་ལྡན་པའི་རྡོ་ཕུང་ཆུང་ངུའི་རྡོ་འབུམ་ཞིག་ཡོད། རྡོ་འབུམ་དེ་ཡུལ་མི་རྒན་རབས་ཁ་ཤས་ཀྱིས་བོན་ཞིང་དབྱར་མོ་བོན་ཐང་ཡོད་པ་ནས་ཡོད་ཟེར། ཁ་ཤས་ཀྱིས་ཉི་འབུམ་གྱི་རྡོ་འབུམ་ཞེས་འབོད། གང་ལྟར་རྡོ་འབུམ་ཆུང་ངུ་དེ་གནའ་དུས་ནས་ཡོད་པ་ཞིག་ཡིན་ལ།
   ལོ་རྒྱུས་ཀྱི་འགྲོས་ལ་དཔྱད་ན། ཕལ་ཆེར་༡༨༥༤ལོར་སྐུ་འཁྲུངས་པའི་ཉི་འབུམ་གྱི་དུས་སུ་བོན་ཞིང་སྤྱི་རིམ་ཆེན་མོ་སྔར་ལས་ལྷག་པ་ཞིག་ཡར་རྒྱས་བཏང་བས་སྐབས་དེར་རྡོ་འབུམ་དེ་བཞེངས་ཡོད་སྲིད། དེ་ནས་དུས་རབས་འཕེལ་རྒྱས་འགྲོ་བའི་མོད་ལ། མེད་པ་ནས་ཡོད་པ། ཆུང་བ་དེ་ཆེ་བའི་ཕྱོགས་ལ་འགྲོ་བ་དེ་འཕེལ་རྒྱས་ཀྱི་རང་བཞིན་ཡིན་པས། ཉེ་སྔོན་༢༠༡༦ལོར་སྤ་བླ་བསྟན་པ་འབྲུག་གྲགས་རིོན་པོ་ཆེས་ས་དམིགས་དེ་གལ་ཆེན་དུ་གཟིགས་ཏེ་སྔོན་ཡོད་རྡོ་འབུམ་ཆུང་བའི་གནས་དང་ཉེ་སར་ཚ་ཁང་ཞིག་བཞེིངས་རྒྱུའི་གྲོས་འགོ་བཏོན་པས་ལྷག་བསམ་དད་ལྡན་གཞོན་སྐྱེས་ཁྱུ་གཅིག་གིས་ཚ་ཁང་བཞེངས་འགོ་བརྩམས་རྗེས་བླ་མ་ཁོང་གིས་རྡོ་འབུམ་གཞི་རྒྱ་ཆེ་རུ་གཏོང་རྒྱུར་མཛུབ་ཁྲིད་གནང་།
   ༢༠༡༧ལོ་ནས་བཟུང་དགེ་བའི་བཤེས་གཉེན་ཆེན་མོ་འགོ་པ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་རིན་པོ་ཆེའི་དབུ་ཁྲིད་ལམ་སྟོན་དང་རྒྱབ་སྐྱོར་ཤུགས་ཆེའི་འོག གསང་ཐའི་དད་ལྡན་མང་ཚོགས་ཀྱིས་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་རྒྱུ་ཡོད་ཀྱིས་རྒྱུ་འདོན་དང་ནུས་ཡོད་ཀྱིས་ནུས་འདོན།
   བོན་གཤེན་གླིང་གི་འགན་འཛིན་ཚང་མས་བསྟན་འགྲོར་སྨན་པའི་སྲི་ཞུ་རྒྱ་ཆེན་བསྒྲུབ་པའི་ནུས་པ་དབེན་ཀྱང་རང་འཁྲིའི་ལས་འགན་ལོ་ངོ་གསུམ་རིང་དཀའ་བའི་ཚེགས་དང་དཀོན་པའི་རྒྱུ་སོགས་ངལ་བ་དང་དུ་བླངས་ཏེ་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་འཛམ་གླིང་ཞི་བདེ། སྒོས་སུ་སེམས་ཅན་གྱི་བདེ་སྐྱིད་དང་རྒྱལ་ཁམས་བཀྲ་ཤིས།
   ཁྱད་པར་དུ་ཡུལ་ལུང་འདི་ལ་གནས་པའི་སྐྱེ་འགྲོ་ཡོངས་ཀྱི་ཕན་བདེའི་བསོད་ནམས་ཀྱི་བགོ་སྐལ་དུ་གསང་གི་བོན་ཚའི་རྡོ་འབུམ་ཆེན་མོ་བཞེངས་རྒྱུའི་སྐལ་བཟང་གི་གོ་སྐབས་དང་འབྲེལ་ཐོག་མའི་ལས་འགོ་བརྩམས་པ་ནས་བཟུང་།
    ༢༠༡༩/༧/༢༨ གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉིན་དེར་བོན་ཞིང་དབྱར་མོ་བོན་ཐང་དུ་གསང་ཐ་གྲོང་ཚོའི་ལོ་རེའི་སྤྱི་རིམ་ཆེན་མོའི་སྐབས་སུ་ཤི་དགེ་གསོན་རིམ་དང་འབྲེལ་བའི་འཕན་ཡུལ་འདོན་པའི་སྡེ་དང་མཆོད་པའི་སྡེ་གཉིས་གཙོས་ལྷ་བླའི་ལུང་རྟགས་བབས་པའི་རྡོ་འབུམ་ཆེན་མོའི་སྣ་སེལ་རིམ་གྲོ་གནད་སྨིན་འདོན་པའི་སྡེ་ལ་ཀླུ་གཉན་ས་བདག་གཏོད་བཅས་ཀྱི་འབུམ་སྡེ་བཞི་དང་ས་བདག་ཉེ་ལམ་སྡེ་བཞི། མཆོད་པའི་སྡེ་ལ་ལོ་རེའི་རྣམ་རྒྱལ་སྟོང་མཆོད་རྒྱས་འབུལ།
   དེ་བཞིན་ལོ་དུས་ཀྱི་བོན་སྐྱོང་རྒྱས་བསྒྲུབ་མ་བདུད་བཙན་རྒྱལ་སོགས་ཀྱི་ཚོགས་མཆོད་རྒྱས་འབུལ་དང་། ལྷག་ཏུ་ད་ཐེངས་གསང་གི་རྡོ་འབུམ་ཆེན་མོའི་རབ་གནས་དང་འབྲེལ་བའི་མདོ་ཆོག་ཆོ་ག་བཅུ་གཉིས་ཀྱི་དཀྱིལ་འཁོར་གྱི་ཞལ་ཕྱེས་ཏེ་རབ་གནས་རྒྱས་པར་མཛད་པ་སོགས་རྣམ་དཀར་དགེ་ཚོགས་འབུམ་གྱིས་ཕྱུག་པའི་སྒོ་ནས་མཛད་སྒོ་ཕུན་སུམ་ཚོགས་པའི་ངང་དུ་ལེགས་གྲུབ་བྱུང་ལ།
   དེས་ན་གསང་གི་བོན་ཚའི་རྡོ་འབུམ་ཆེན་མོ་བཞེངས་པའི་རྣམ་དཀར་གྱི་དགེ་བའི་ཕན་ཡོན་ནི། སྡིག་བཤགས་གསེར་གྱི་སྤུ་གྲི་ལས། གྲོ་བོ་ལ་བྲིས་ནས་ས་མདོ་ལ་བཞག་ན། གང་གི་མཐོང་བའི་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་བྱང་བར་འགྱུར། མཆོད་རྟེན་རེ་རེ་བཞེངས་བས་དགེ་བ་ཆེའོ། །
ཞེས་གསུངས་པ་ལྟར་གྱི་གསང་ཐའི་སྤྱི་རིམ་ཆེན་མོ་དང་འབྲེལ་བའི་རྡོ་འབུམ་རབ་གནས་ཀྱི་མཛད་སྒོའི་གནས་ཚུལ་མདོར་བསྡུས་སུ་བཀོད་པའོ། །
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།