སྤུ་ལ་ཁྱུང་ནག་དགོན་ནས་སྐབས་གསུམ་པའི་སྒྲུབ་ཐོན་མཛད་སྒོ་སྤེལ་བ།

[ཟླ་ཚེས། 2019-08-03 16:24:55][རྩོམ་པ་པོ། གོ་སྒྲིག་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


དཔལ་གཤེན་བསྟན་སྤུ་ལ་ཁྱུང་ནག་དགོན་གཡུང་དྲུང་བསྟན་འཕེལ་གླིང་དུ་སྐབས་གསུམ་པའི་སྒྲུབ་ཐོན་པའི་མཛད་སྒོ་སྤེལ་བའི་གནས་ཚུལ་སྐལ་བཟང་བསྟན་པའི་སྒྲ་དབྱངས།


 

  གཤེན་གྱི་སྒྲུབ་ཐོན་པ་རྣམས་ནི་ལོ་ཆེན་གསུམ་གྱི་རིང་ལ་དགོན་གྱི་ལྕགས་རིའི་ཕྱི་ལོགས་སུ་མི་རྒལ་བའི་དམ་བཅའ་མཛད་དེ། ཨ་སྙན་རྫོགས་གསུམ་དང་གྲུབ་དབང་ཤར་རྫ་པའི་བཀའ་སྐོར་བཞིན་སྔོན་འགྲོ་དང་དངོས་གཞི། རྩ་རླུང་། མུན་མཚམས། ཐོད་རྒལ་སོགས་ཀྱི་ཁྲིད་ལུང་དང་སེམས་སྦྱོང་། ལུས་སྦྱོང་ཐམས་ཅད་ཚངས་ལ་མ་ནོར་བ་གསན་བསམ་ཚུལ་མཐུན་དུ་གནང་ནས། ཧོང་ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་ས་གནས་འདི་གའི་ཆུ་ཚོད་དགུ་པའི་ཐོག་སྐྱབས་རྗེ་དཔོན་གསས་བླ་མ་མདོ་སྔགས་བཤད་སྒྲུབ་ཉི་མ་རིན་པོ་མཆོག་དང་། དཔོན་སློབ་རིན་པོ་རྣམ་པ་གཉིས་བླ་བྲང་ནས་སྤོས་རྒྱས་སྣ་དྲངས་ཏེ་བཀྲ་གསལ་རྣམ་པར་རྒྱལ་བའི་གསས་ཁང་དུ་གདན་འདྲེན་ཞུས་པ་དང་། གཞན་ཡང་བཤད་སྒྲུབ་འདུས་སྡེའི་མཁན་རིན་པོ་ཆེ་དང་འདི་ཐོག་ཏུ་སྒྲུབ་ཐོན་མཛད་རྒྱུའི་སློབ་མ་རྣམས་ཀྱི་གཡས་གཡོན་དུ་མཆོད་སྤྲིན་ཚན་པའི་རུ་སྟར་སྒྲིག་ཏེ་མདུན་ནས་མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་གྱི་རྡ་རྟགས་ཆེན་མོ་དང་། སྲིད་པ་ཧོས་ཀྱི་ཕྱག་མཚན་གཡུང་དྲུང་ཆག་ཤིང་དང་། སྤོས་རྒྱ་བཅས་ཀྱིས་སྣ་དྲངས་ཏེ་བཀྲ་གསལ་རྣམ་པར་རྒྱལ་བའི་གསས་ཁང་དུ་གདན་འདྲེན་ཞུས་ནས་བཞུགས་གྲལ་དུ་ཞབས་སོར་འཁོད་པ་དང་ཆབས་ཅིག ཚོགས་ཆེན་དབུ་མཛད་ཀྱིས་འདོན་པ་དབུ་འཛུག་གནང་བ་དང་། དེ་ནས་རིམ་བཞིན་སྒྲུབ་ཐོན་པ་སོ་སོའི་ཡོན་བདག་རྣམས་ཀྱིས་འདུས་གྲྭར་སྐུ་འགྱེད་རྒྱས་འབུལ་གྲུབ་མཚམས་སུ། དཔོན་གསས་བླ་མ་མདོ་སྔགས་བཤད་སྒྲུབ་ཉི་མ་རིན་པོ་ཆེས་གཤེན་གྱི་སྒྲུབ་ཐོན་པ་སོག་རུ་གཡུང་དྲུང་བསམ་གཏན་དང་། དབྲ་ཁྱུང་ཡོན་ཏན་ཕུན་ཚོགས། ཁྱུང་པོ་ཚུལ་ཁྲིམས་ཕུན་ཚོགས་རྣམས་ལ་ཕྱག་ཁྱེར་དང་བྱིན་མདུད་བསྩལ་གནང་མཛད་པ་དང་། དེ་ནས་བསྔོ་བ་གསུང་ནས་མཆོད་པའི་སྤྲིན་ཚོགས་རྣམས་དམིགས་པ་མེད་པའི་དབྱིངས་སུ་རྒྱས་བཏབ་མཛད། འདུས་གྲྭ་རྣམས་ཀྱིས་རྗེ་རྒྱལ་བ་སོགས་གྱེར་ནས་ཚོགས་གྲོལ་བ་དང་། སྒྲུབ་ཐོན་པ་སོ་སོའི་བཞུགས་ཤག་ཏུ་སྐལ་བཟང་ལེགས་འབུལ་གྱིས་མཐའ་རྒྱན་ཏེ་བཀྲ་ཤིས་བདེ་ལེགས་ཀྱི་ངང་ནས་མཛད་སྒོ་མཇུག་གྲུབ་པའོ།།



  ཞེས་སྤུ་ལ་ཁྱུང་ནག་དགོན་གྱི་ཡིག་ཚང་ནས་༢༠༡༩ཟླ་༨ཚེས་༢ཉིན་སྤེལ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།