༧སྐྱབས་རྗེ་མཆོག་སྤྲུལ་ཞུ་གཡས་ཉི་ཟླ་ཚེ་དབང་རིན་པོ་ཆེ་མཆོག་གཟུགས་སྐུ་བོན་དབྱིངས་སུ་བསྡུས་པའི་གནས་ཚུལ།

[ཟླ་ཚེས། 2019-07-25 22:13:33][རྩོམ་པ་པོ། གོ་སྒྲིག་ཚོགས་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཨེ་མ་ཧོ།། མཁའ་སྤྱོད་གྲུབ་བརྒྱའི་མཁྱེན་བརྩེ་ནུས་རྩལ་མཐུའི།།

བྱིན་རླབས་གཅིག་བསྡུས་ལྔ་སྙིགས་འདུལ་དཔོན་ཆེ།།

ཉི་ཟླ་ཚེ་དབང་ཁྱེད་ལ་གུས་གསོལ་འདེབས།།

འགྲོ་དྲུག་ཐར་པའི་ལམ་སྣ་དྲང་དུ་གསོལ།།

  ཅེས་དཔལ་ལྡན་རྩ་བའི་བླ་མར་གསོལ་བ་རྩེ་གཅིག་བཏབ་ཏེ། དད་པས་མཆི་མ་འཁྲུག སྐྱོ་བས་མགྲིན་པ་བརྣང་བཞིན་བོན་འབྲེལ་ལྷ་མི་ཡོངས་ལ་ཡིད་སྐྱོ་བའི་གནས་ཚུལ་ཞིག་ཞུ་རྒྱུར། མཛད་བཟང་གསེར་འཁོར་ལོས་རླབས་ཆེན་ལུགས་གཉིས་ཁ་ལོ་བསྒྱུར་ཏེ། རྒྱ་ཆེན་དོན་གཉིས་འགྲུབ་པའི་ཕ་མཐར་སོན་ཡང་མཁྱེན་བརྩེ་ཡེ་ཤེས་ཀློང་དུ་རང་བས་གཞན་དོན་གཙོར་བྱེད་པའི། གཡུང་དྲུང་སེམས་པའི་སྤྱོད་པ་དུས་རྟག་ཏུ་མི་འབྲལ་བ། སྤྱིར་མཉམ་མེད་ཐོད་དཀར་སྲས་པོའི་རྗེས་འཇུག་ཀུན་གྱི་མིག་དཔེ་དང་སྤོབས་པ་རུ་འོས་ཤིང་། སྒོས་རྒྱལ་ཤོད་འགྲོ་བ་ཡོངས་ཀྱི་སྙིང་ཁོང་གི་སྒྲོན་མེ་དང་། འཇིག་རྟེན་གྱི་མིག་འབྱེད། ཐར་ལམ་གྱི་དེད་དཔོན། གཙུག་གི་རྒྱན་དང་ལུས་ཀྱི་ལྷ་རུ་གྱུར་པའི་༧ཁམས་རྒྱལ་ཤོད་གསའ་མདའ་བོན་དགོན་མི་གཡོ་བསམ་གཏན་གླིང་གི་ཁྲི་རབས་བཅུ་གཉིས་པ་༧སྐྱབས་རྗེ་མཆོག་སྤྲུལ་ཞུ་གཡས་ཉི་ཟླ་ཚེ་དབང་རིན་པོ་ཆེ་མཆོག་སྐུ་ཡི་འགྲོ་དོན་རྒྱ་ལག་ཕྱེད་ནས། ད་ལན་དགུང་གྲངས་གྱ་དྲུག་ཐོག སྤྱི་ལོ་༢༠༡༩ཟླ༧ཚེས་༢༤དང་། བོད་འབྱུང་ལྡན་སུམ་བརྒྱ་གཅིག་གི་ས་མོ་ཕག་གི་ལོ་བོད་ཟླ་ལྔ་པའི་ཚེས་༢༢ཉིན་གྱི་ཐོ་རངས་ཆུ་ཚོད་གཉིས་པའི་ཐོག ལྷ་ལྡན་ཉི་མའི་གྲོང་གི་གཟིམ་ཁང་གཡུང་དྲུང་འཁྱིལ་བའི་ནང་དུ་འདིར་སྣང་སྐུ་ཡི་བཀོད་པ་བསྡུས་ཏེ་ཡ་མཚན་གྱི་འདས་ཚུལ་དང་བཅས་ཏེ་དགོངས་པ་ཞིང་ཁམས་ལ་ཕེབས་སོང་། དེར་བརྟེན་དད་ལྡན་བུ་སློབ་རྣམས་དང་། འབྲེལ་ཡོད་སེར་སྐྱ་ཀུན་གྱིས་དེ་དོན་ཐུགས་ལ་བཞག་ནས་སྐྱེས་བུ་དམ་པའི་འདས་མཆོད་དང་བསྟུན་ཏེ་དགེ་ཚོགས་གང་ཞིག་བསྒྲུབ་ན་རང་གཞན་ཀུན་ལ་ཟད་པ་མེད་པའི་བསོད་ནམས་ཀྱི་ཚོགས་སུ་འགྲོ་ངེས་པ་ཡིན་པས། རྣམ་པར་དག་པའི་དགེ་བའི་ཚོགས་སུ་འཇུག་ཕྱིར་གནས་ཚུལ་འདི་ཁྱབ་བསྒྲག་བྱས་པ་ཡིན། སྐུ་གདུང་རིན་པོ་ཆེ་མཇལ་ཁ་གཏོང་བའི་དུས་ཚོད་དང་། གདུང་བསྲེག་འབུལ་བའི་དུས་ཚོད་རྗེས་སུ་དུས་ཚེས་གཏན་འཁེལ་བྱུང་རྗེས་ཀུན་ལ་དྲན་སྐུལ་ཞུ་རྒྱུ་ཡིན།

  རྒྱལ་ཤོད་གསའ་མདའ་བོན་དགོན་མི་གཡོ་བསམ་གཏན་གླིང་འདུས་སྤྱི་ནས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།