སྤུ་རྒྱལ་ཤེས་རིག་དཔྱད་གླེང་གྲོས་ཚོགས་སྐབས་གསུམ་པ་སྐུ་འབུམ་ཉི་ཤར་དགོན་དུ་འཚོགས་པ།
སྔོན་འཆར་ལྟར་ཁྱུང་ཡུལ་སྤུ་རྒྱལ་ཁུལ་གྱི་དགོན་སྡེ་རི་ཁྲོད་རྣམས་ཀྱི་དབུ་བླ་དང་མཁན་པོ་དགེ་བཤེས། དེ་བཞིན་ཁུལ་དེ་གའི་ལྷག་བསམ་ཅན་གྱི་མི་སྣ་རྣམ་པ་ལྷན་དུ་ཚང་འཛོམ་གྲོས་ཆོད་ཐོག ས་གནས་དེ་གའི་གཞོན་སྐྱེས་ཤེས་ཡོན་ཅན་སྐྱེད་བསྲིངས་ཀྱི་ཆེད་དང་། དེ་བཞིན་ཞང་བོད་ཤེས་རིག་གི་སྒོ་དུ་མར་དམིགས་ཏེ། སྤུ་རྒྱལ་ཤེས་རིག་དཔྱད་གླེང་ཞེས་པའི་གྲོས་ཚོགས་འདི་བཞིན་ལོ་རེར་སྤུ་རྒྱལ་ཁུལ་གྱི་དགོན་སྡེ་རི་ཁྲོད་རྣམས་ལ་མཉམ་འབྲེལ་རེས་མོས་ཀྱི་སྒོ་ནས་འཚོགས་འཆར་ཡོད་པ་ལྟར། འདི་ལོར་སྤུ་རྒྱལ་ཁུལ་གྱི་སྐུ་འབུམ་ཉི་ཤར་དགོན་གཤེན་བསྟན་མཐའ་རྒྱས་གླིང་གི་སྡེ་དགོན་གཉིས་ཀྱིས་གྲ་སྒྲིག་ཟབ་རྒྱས་གནང་བ་དང་འབྲེལ། སྤུ་རྒྱལ་ཤེས་རིག་དཔྱད་གླེང་གོ་སྒྲིག་ཚོ་ཆུང་གི་སྐབས་བབ་འགན་ཁུར་དང་གོ་སྒྲིག་བརྒྱུད། སྐབས་གསུམ་པའི་སྤུ་རྒྱལ་ཤེས་རིག་དཔྱད་གླེང་འདི་ཉིད་གདན་ས་སྐུ་འབུམ་ཉི་ཤར་དགོན་དུ་གཟབས་རྒྱས་ངང་བསྡུས།
༢༠༡༩/༧/༡༥/ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ལྔ་པའི་ཐོག་ཚོགས་ཞུགས་མི་སྣ་རྣམ་པས་རིམ་པ་བཞིན་འབྱོར་ཐོ་བཀོད་རྗེས་ཕྱི་ཉིན་ཆུ་ཚོད་དགུ་པའི་ཐོག་དངོས་གཞིའི་བགྲོ་གླེང་དབུ་འཛུགས་གནང་། དེ་ལྟར་ཁྱུང་ཡུལ་གཙོས་པའི་ས་ཕྱོགས་གང་ས་ནས་ཕེབས་པའི་རྒན་རབས་ཉམས་མྱོང་མཁན་དང་། གཞོན་སྐྱེས་རྩོམ་འབྲི་བ་རྣམས་ཀྱིས་རིག་གཞུང་ལྟ་ཚུལ་དང་འབྲེལ་བའི་དཔྱད་རྩོམ་བཞི་ཅུ་མ་ཟིན་ཙམ་ཞིག་བགྲོ་གླེང་ལྷུག་བརྗོད་གནང་ཡོད། བགྲོ་གླེང་ཐོག་ཏུ་མདོ་འཛིན་མཁན་དང་། དཔྱད་བརྗོད་པ། དྲི་བ་དྲི་ལན་བཅས་ཀྱིས་ཚ་ཚ་འུར་འུར་གྱི་སྒོ་ནས་སྐབས་དོན་དང་འབྲེལ་བའི་དོན་གནད་ཁག་ལ་ལྟ་ཚུལ་འདོན་རེས་གནང་སྟེ། དེ་ལྟར་རྒྱལ་རབས་ལོ་རྒྱུས་དང་། མཚན་ཉིད་གཞུང་ལུགས། ས་གནས་དང་འབྲེལ་བའི་དམངས་སྲོལ་གྱི་རིག་ཚན། དེང་རབས་དང་མཐུན་པའི་སློབ་གསོ་བཅས་སྡེ་ཚན་མི་འདྲ་བ་བཞི་ཡི་ཐོག་ནས་ཉིན་གཉིསཀྱི་རིང་ལ་དངོས་གཞིའི་བགྲོ་གླེང་གི་བྱ་རིམ་དང་། དེར་ཕེབས་སྐུ་མགྲོན་རྣམས་དང་ཉན་པ་པོ་རྣམས་ཀྱིས་ཚད་མཐོའི་བསྟོད་བསྔགས་དང་གདེང་འཇོག་གི་དགའ་བསུ་ཐོབ། བར་གསེང་དུས་ཚོད་རྣམས་སུ་དམངས་སྲོལ་རིག་གནས་ལ་མཁས་པའི་རྒན་རབས་ཉམས་མྱོང་ཅན་དག་ལས་ཁྱུང་པོའི་བྲིས་གཟུགས་སོགས་དང་། སྤུ་རྒྱལ་ཁུལ་གྱི་ཐུན་མིན་དམངས་སྲོལ་རིག་གནས་རྣམས་ལ་རྒྱུན་ལོན་དང་བཀའ་འདྲི་དགོངས་སྐོར་ཞུ་བ་སོགས་ཀྱི་དུས་ཚོད་དམ་འཛིན་དམ་འཛིན་གནང་།
ཟུར་དུ་ཁྱུང་ཡུལ་སྤུ་རྒྱལ་ཁུལ་གྱི་འབྲེལ་ཡོད་དགོན་སྡེ་ཁག་གི་དབུ་བླ་རྣམས་དང་། གོ་སྒྲིག་ཚོ་ཆུང་གི་ལས་འཛིན་རྣམས་ཀྱིས་ཟུར་དུ་གྲོས་མོལ་ཚོགས་འདུ་འཚོགས་ཤིང་། གྲོས་ཆོད་བྱུང་དོན་ལྟར། ཉིན་གསུམ་པའི་སྔ་དྲོོའི་ཆུ་ཚོད་དགུ་པའི་ཐོག་ཏུ༼༢༠༡༧༽ལོ་ནས་བཟུང་ད་ལྟའི་བར་དུ་སྐབས་གསུམ་གྱི་ལས་འཛིན་མི་སྣ་རྣམ་པ་བརྗེ་ལེན་སོགས་ཀྱི་མཛད་རིམ་འཚོགས་ཤིང་། ལོ་གསུམ་གྱི་རིང་གི་ལས་འཛིན་རྣམས་ཏེ། དབྲ་ཁྱུང་ཐེག་མཆོག་གྲགས་པ། དགེ་བཤེས་བསྟན་འཛིན་རྣམ་རྒྱལ། དགེ་བཤེས་བསྟན་འཛིན་ཡེ་ཤེས། དགེ་བཤེས་ཚུལ་ཁྲིམས་མཐར་ཕྱིན། དགེ་བཤེས་དྲང་སྲོང་རྒྱལ་མཚན། ཞུ་ཚང་སྐལ་བཟང་རྒྱལ་མཚན་བཅས་ལ་ལས་དོན་ལེགས་གྲུབ་བྱུང་བའི་གཟིགས་གསོལ་བྱ་དགའ་དང་ཕྱག་རྟགས་བཅས་ཕུལ། གསར་དུ་འདེམས་ཐོན་བྱུང་བའི་ལས་འཛིན་མི་སྣ་སྟེ། སྔར་རྒྱུན་བཞིན་སྤྱི་ཁྱབ་ཀྱི་འགན་ཁུར་དང་སློབ་སྟོན་བཅས་ཀྱི་རྩ་འགན་དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ་མཆོག་གིས་མུ་མཐུད་བཞེས་རྒྱུ་དང་། དེ་བཞིན་ཁྱུང་དཀར་ཕྱོགས་ཀྱི་དགེ་བཤེས་བློ་གྲོས་རབ་གསལ། དབྲ་ཁྱུང་ཐེག་མཆོག་གྲགས་པ། དགེ་བཤེས་བསྟན་འཛིན་ཡེ་ཤེས། དགེ་བཤེས་ཚུལ་ཁྲིམས་མཐར་ཕྱིན་བཅས་ཀྱིས་འཛུབ་སྟོན་པའི་འགན་བཞེས་རྒྱུ་བཅས་དང་། གོ་སྒྲིག་ཚོ་ཆུང་གི་ལས་སྒྲུབ་མཁན། ཚོགས་གཙོ་དགེ་བཤེས་བསྟན་འཛིན་རྣམ་རྒྱལ་དང་། དྲུང་ཡིག་ཞུ་ཚང་སྐལ་བཟང་རྒྱལ་མཚན་གཉིས་བསྐྱར་དུ་འདེམས་ཐོན་བྱུང་བ་དང་། ཚོགས་གཞོན་དགེ་བཤེས་བསོད་ནམས་ཚུལ་ཁྲིམས། ཁོང་མི་བློ་གྲོས་རྒྱལ་མཚན། སྦྲ་ཆེན་ཕྱོགས་ཀྱི་དགེ་བཤེས་སྨོན་ལམ་ཚུལ་ཁྲིམས། དངོས་གྲུབ་བཅས་འདེམས་ཐོན་བྱུང་བར་སྤུ་རྒྱལ་ཁུལ་གྱི་དགོན་སྡེ་རི་ཁྲོད་རྣམས་ཀྱི་སྐུ་ཚབ་དབྲ་ཁྱུང་སྐལ་བཟང་ནོར་བུ་མཆོག་གིས་མགུལ་དར་བསྒྲོན་ཏེ་ལས་འཛིན་ཁྱབ་བསྒྲགས་བྱས། དེ་ནས་དགའ་བསུའི་ཐལ་སྒྲའི་ངང་ནས་སྐབས་འདིའི་མཛད་སྒོའི་རིམ་པ་རྣམས་མཇུག་གྲུབ་པ་དང་། གཙུག་ལག་ཁང་མདུན་དུ་དྲན་རྟེན་མཉམ་པར་བསྒྲོན་ཏེ་སྤུ་རྒྱལ་ཤེས་རིག་དཔྱད་གླེང་སྐབས་གསུམ་པ་རྒྱལ་ཁའི་ངང་མཇུག་གྲུབ་པ་བཅས་ཀྱི་གནས་བསྡུས་སུ། ༢༠༡༩/༧/༡༨ཉིན་བགྲོ་གླེང་གོ་སྒྲིག་ཚོ་ཆུང་ནས།