ཤར་དུང་རིའི་རིག་གཞུང་བགྲོ་གླེང་ཐེངས་དང་པོ་དགའ་མལ་དགོན་ཆེན་དུ་འཚོགས་པ།

[ཟླ་ཚེས། 2019-06-17 08:44:06][རྩོམ་པ་པོ། བཀོད་སྒྲིག་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

འབྱུང་ལྡན་༣༠༠༡ནང་ཚན། བོད་རབ་བྱུང་བཅུ་བདུན་ས་ཕག་ལོ་བོད་ཟླ་༤པའི་ཚེས་བཅུ་བཞི་ཉིན། སྤྱི་ལོ་༢༠༡༩ལོ་ཟླ་༦པའི་ཚེས་༡༦ཉིན། ཤར་དུང་རིའི་རིག་གཞུང་བགྲོ་གླེང་ཐེངས་དང་པོ་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་སྨྲ་སེང་སྟོང་སྐུའི་གཞལ་ཡས་ཁང་དུ་འཚོགས།
 
   ཤར་དུང་རིའི་རིག་གཞུང་བགྲོ་གླེང་ཚོགས་འདུའི་དབུ་བཞུགས། སྐྱབས་རྗེ་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་། སྐྱབས་རྗེ་སློབ་དཔོན་ཤེས་རབ་མཐར་ཕྱིན་རིན་པོ་ཆེ་དང་། འདུལ་འཛིན་ཆེན་མོ་སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་རིན་པོ་ཆེ། སྣང་ཞིག་མཆོག་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན་རིན་པོ་ཆེ། སྣང་སྟོན་ཟླ་བ་རྒྱལ་མཚན་རིན་པོ་ཆེ། རྣལ་འབྱོར་བ་ལྷུན་གྲུབ་བསྟན་འཛིན་རིན་པོ་ཆེ། ཁྱུང་ནག་གདུང་འཛིན་བསྟན་འཛིན་གཙུག་རྒྱལ་རིན་པོ་ཆེ། རི་ཁྲོད་པ་བྲག་དཀར་གཡུང་དྲུང་དགོན་གྱི་དབུ་བླ་འབྲས་བུ་བོན་འཛིན་རིན་པོ་ཆེ། ཞང་ངུའི་གསས་གླིང་དགོན་པའི་དབུ་བླ་ཨུ་རུ་གདུང་འཛིན་པ་ཤེས་རབ་སྐལ་བཟང་ཚུལ་ཁྲིམས་རིན་པོ་ཆེ། ཤར་དུང་རི་མཁའ་སྐྱོང་དགོན་སྤྲུལ་སྐུ་བསྟན་འཛིན་གྲགས་པ་རིན་པོ་ཆེ། ཁོད་སྤུངས་ཆུ་འབྲུག་གདུང་འཛིན་ཚེ་དབང་གཡུང་དྲུང་རིན་པོ་ཆེ། ཁོད་སྤུངས་རི་སྐེད་ཚང་སྤྲུལ་སྐུ་དབང་རྒྱལ་ཚེ་རིང་རིན་པོ་ཆེ། ཁོད་སྤུངས་རབ་དབེན་དགོན་པའི་སློབ་དཔོན་སྨན་རིའི་དགེ་བཤེས་ཐབས་མཁས་རྒྱ་མཚོ་མཆོག ཤར་པ་དགེ་བཤེས་ངག་དབང་བློ་གྲོས་མཆོག   ལྷ་རིས་པ་དགེ་བཤེས་གཉན་ཀླུ་རྒྱལ། མཛོད་དགེ་རྫོང་བྲག་བྱ་རྒོད་དགོན་པའི་ལྷ་རིས་པ་གཡུང་དྲུང་བསྟན་འཛིན།

རྫོང་བོད་ཡིག་སློབ་འབྲིང་གི་དགེ་རྒན་རྣམ་པ།

གཙོ་ཚང་དགོན་གྲོང་རྡལ་གྱི་སློབ་ཆུང་དང་པོའི་དགེ་རྒན་རྣམ་པ།

   ཟུང་ཆུ་རྫོང་བོད་ཡིག་སློབ་འབྲིང་སློབ་གཙོ་ཁྲོ་བོ་འབུམ་གཙོས་པའི་དེ་གའི་དགེ་རྒན་རྣམ་པ། གཙོ་ཚང་དགོན་གྲོང་བརྡལ་ལོ་ཆུང་དང་པོ་སློབ་གཙོ་ཨ་ཡིག་བསྟན་འཛིན་གཙོས་པའི་དེ་གའི་དགེ་རྒན་པ་རྣམ་པ། ཟུང་ཆུ་རྫོང་སློབ་གསོ་ཅུས་ཀྱི་ཐང་སྟོང་སྐྱབས། ཧ་འཕེན་སློབ་ཆུང་དགེ་རྒན་ཟླ་བ་བསམ་འཕེལ། ཟུང་ཆུ་རྫོང་རི་ཆུའི་རིག་གནས་ཀྱི་རྩོམ་སྒྲིག་པ་ཞང་ངུའི་ཀུན་དགའ་གཙོས་པའི་མཁན་སློབ་བླ་སྤྲུལ་གྲྭ་མང་འདུས་པ་རྒྱ་མཚོ་སོགས་མི་སྣ་བརྒྱ་ལྷག་ཚོགས་བཞུགས་གནང་།

   དེ་ཡང་ཞོགས་ཀའི་དུས་ཚོད་དགུ་བའི་ཐོག་ཕྱོགས་ཁག་ནས་ཕེབས་པའི་སྐུ་མགྲོན་རྣམ་པའི་མཚན་ཐོ་བཀོད་པ་དང་། ཤར་དུང་རིའི་རིག་གཞུང་བགྲོ་གླེང་ཚོགས་ཞུགས་མི་སྣ་ཡོངས་རྫོགས་སྨྲ་སེང་ལྷ་ཁང་དུ་ཡར་ཚོགས་ནས་སྐྱབས་མཆོག་དམ་པ་གསུངས་ནས།
   མདོ་འཛིན་པ་དགེ་བཤེས་བདེ་ལེགས་ཀུན་འབྱུང་གིས་མདོ་འཛིན་གནང་སྟེ། ཤར་དུང་རིའི་རིག་གཞུང་བགྲོ་གླེང་གི་ཚོགས་གཙོ་རབ་འབྱམས་པ་རིན་སྤུངས་ཚུལ་བསྟན་ནས། ཚོགས་ཞུགས་མི་སྣ་ངོ་སྤྲོད་དང་ཤར་དུང་རིའི་རིག་གཞུང་བགྲོ་གླེང་གི་དམིགས་ཡུལ་སོགས་ངོ་སྤྲོད་ཟབ་རྒྱས་གནང་།
   དེ་ནས་ཟུང་ཆུ་རྫོང་བོན་གྱི་རིག་གནས་སྐུལ་སྤེལ་ཚོགས་པའི་ཚོགས་གཙོ་༧སྐྱབས་རྗེ་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་། ཟུང་ཆུ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཆེན་མོ་༧ སྣང་ཞིག་མཆོག་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན་མཆོག་རྣམ་པ་གཉིས་ནས། ཤར་དུང་རིའི་རིག་གཞུང་བགྲོ་གླེང་ཐེངས་དང་པོའི་དབུ་འབྱེད་མཛད་སྒོའི་ཤིས་ཚིག་དང་བཀའ་སློབ་ཟབ་རྒྱས་གནང་།
   དེ་ནས་ཚོགས་ཞུགས་མི་སྣ་ཡོངས་ནས། ཀོང་ཙེ་འཕྲུལ་རྒྱལ་གྱི་གསུངས་པའི། སྟོན་པའི་ཐུགས་རྗེ་ཆེ་བར་ཤོག །ཞེས་པའི་སྨོན་ལམ་གསུངས་ཤིང་མཁན་སློབ་རྣམ་པས་སྣང་གསལ་མར་མེ་སྤར་ཏེ་བགྲོ་གླེང་དངོས་སུ་འགོ་བརྩམས།
   སྔ་དྲོའི་བགྲོ་གླེང་བ་སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་མཆོག་ནས། སྐུ་གཟུགས་དང་མཆོད་རྟེན་གྱི་གཟུངས་གཞུག་འབུལ་བའི་ལག་ལེན་སྐོར་ཅུང་ཙམ་གླེང་བ། ཞེས་པའི་ཁ་བྱང་ཐོག་ནས་བགྲོ་གླེང་མཛད།
 
   དེ་ནས་སྨན་རིའི་དགེ་བཤེས་ཐབས་མཁས་རྒྱ་མཚོ་མཆོག་གིས། བོན་བསྟན་སྤྱི་དང་བྱེ་བྲག་ཟིང་ཆུའི་བསྟན་འབྱུང་གནད་བསྡུས། ཞེས་པའི་ཁ་བྱང་ཐོག་ནས་བགྲོ་གླེང་མཛད།
 
  དེ་མཚམས། ཞང་ངུ་ཀུན་དགའ་མཆོག་ནས། ཞང་ཞུང་སྐད་དུ་སྨར་བྱ་བ་དང་དེང་གི་རྭ་མ་མི་རིགས་བར་གྱི་འབྲེལ་བར་དཔྱད་པ་སྐྱ་རེངས་གསར་བ། ཞེས་པའི་ཁ་བྱང་ཐོག་ནས་བགྲོ་གླེང་ཟབ་རྒྱས་མཛད།
    དེ་ནས་ཟུང་ཆུ་རྫོང་བཤད་སྒྲུབ་སློབ་གླིང་གི་སློབ་གཉེར་བ་ཚེ་དབང་ཕུན་ཚོགས་མཆོག་ནས། ཤར་བྲིས་བྱུང་བ་ཟུར་ཙམ་གླེང་བ། ཞེས་པའི་ཁ་བྱང་ཐོག་ནས་བགྲོ་གླེང་གནང་།
 
   དེ་མཚམས། དགེ་བཤེས་མེ་སྟག་ཕྲ་མོ་ནས། ཐེག་རིམ་མདོ་རྒྱུད་གསུང་མཁན་གྱི་སྟོན་པ་གཤེན་ལྷ་འོད་དཀར་དེ་གང་ལ་ངོས་འཛིན་ནམ། ཞེས་པའི་ཁ་བྱང་ཐོག་ནས་བགྲོ་གླེང་གནང་སྟེ་སྔ་དྲོའི་བགྲོ་གླེང་བ་མི་སྣ་ལྔའི་བགྲོ་གླེང་གི་མཇུག་རྫོགས།
   ཚོགས་ཞུགས་མི་སྣ་ཡོངས་རྫོགས་ཚོགས་གྲོལ་བ་དང་། སྨྲ་སེང་ལྷ་ཁང་མདུན་དུ་དྲན་རྟེན་སྐུ་པར་མཉམ་བསྒྲོན་བྱས།
   ཕྱི་དྲོ་ཆུ་ཚོད་གཉིས་པའི་སྟེང་དགེ་བཤེས་མེ་སྟག་ཕྲ་མོ་ནས་མདོ་འཛིན་གནང་སྟེ། རབ་འབྱམས་པ་རིན་སྤུངས་ཚུལ་བསྟན་མཆོག་ནས། ཟིང་ཆུ་སོགས་ཀྱི་ཐ་སྙད་སྐོར་ལ་དཔྱད་པ། ཞེས་པའི་ཁ་བྱང་ཐོག་ནས་བགྲོ་གླེང་གནང་།
   དེ་ནས་དགེ་བཤེས་ཤར་པ་ངག་དབང་མཆོག་ནས། བླ་སློབ་བར་གྱི་སེམས་ཐག ཅེས་པའི་ཁ་བྱང་ཐོག་ནས་བགྲོ་གླེང་མཛད།
 
  དེའི་མཚམས། རབ་འབྱམས་པ་གཙོ་ཁམས་ཆེན་མཆོག་ནས། ཐེག་ཆེན་ལམ་གྱི་འཇུག་སྒོ་སེམས་བསྐྱེད་རགས་ཙམ་གླེང་བ། ཞེས་པའི་ཁ་བྱང་ཐོག་ནས་བགྲོ་གླེང་མཛད།
 
  དེ་ནས་གཟི་རྩ་རི་སྐེད་ཚང་སྤྲུལ་དབང་རྒྱལ་ཚེ་རིང་མཆོག་ནས། ཁོད་སྤུངས་གཟི་རྩ་སྡེ་དགུའི་ལོ་རྒྱུས་སྐོར་ལ་དཔྱད་པ། ཞེས་པའི་ཁ་བྱང་ཐོག་ནས་བགྲོ་གླེང་མཛད།
 
 དེའི་མཚམས། ལྷ་རིས་པ་དགེ་བཤེས་ཀླུ་གཉན་རྒྱལ་མཆོག་ནས། ཐང་ག་འབྲི་བཞེངས་ཀྱི་ཆ་རྐྱེན་སྐོར་གླེང་བ། ཞེས་པའི་ཁ་བྱང་ཐོག་ནས་བགྲོ་གླེང་མཛད།
 
དེ་ནས་ཨ་དཔལ་བཟང་་མཆོག་ནས། གདན་ས་ཆེན་མོ་རབ་ལེགས་གཡུང་དྲུང་གླིང་དང་འབྲེལ་བའི་ཤར་ཁོག་སྐྱེས་ཆེན་ཁག་གི་ངོ་སྤྲོད། ཅེས་པའི་ཁ་བྱང་ཐོག་ནས་བགྲོ་གླེང་མཛད།
 
དེ་ནས་མཁའ་ཡགས་བསྟན་འཛིན་རྣམ་རྒྱལ་མཆོག་ནས། ཟིང་ཆུ་ཞེས་པའི་བླ་དྭགས་བྱུང་རབས་མདོར་ཙམ་གླེང་བ། ཞེས་པའི་ཁ་བྱང་ཐོག་ནས་བགྲོ་གླེང་མཛད།
 
དེ་ནས་དགེ་བཤེས་བདེ་ལེགས་ཀུན་འབྱུང་མཆོག་ནས། རྟག་གཟིགས་འོལ་མོ་ལུང་རིང་ཞེས་པའི་སྐོར་ལ་ཅུང་ཙམ་དཔྱད་པ། ཞེས་པའི་ཁ་བྱང་ཐོག་ནས་བགྲོ་གླེང་མཛད་པ་དང་ཕྱི་དྲོའི་བགྲོ་གླེང་བ་བརྒྱད་ཀྱི་བགྲོ་གླེང་མཇུག་བསྡུས།
དེ་ནས་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་སློབ་དཔོན་སྨན་རིའི་དགེ་བཤེས་ཤེས་རབ་མཐར་ཕྱིན་རིན་པོ་ཆེ་མཆོག་ནས། མ་འོངས་པར་ཤར་དུང་རིའི་རིག་གཞུང་བགྲོ་གླེང་འདི་ལ་སྐྱ་སེར་ཡོངས་དང་བླ་སྤྲུལ་མཁན་གསུམ་རྣམ་པས་ཐུགས་ཁུར་རྒྱབ་སྐྱོར་མཛད་རྒྱུ་གལ་ཆེན་ཡིན་ཚུལ། གཞོན་སྐྱེས་རྣམ་པས་ལོ་རྒྱུས་སྨྲ་བ་ལ་དཔང་རྟགས་རྒྱུ་མཚན་གཙོ་ཆེ་ཡིན་ཚུལ་བཅས་དགེ་འདོན་སྐྱོན་སེལ་གྱི་བཀའ་སློབ་ཟབ་རྒྱས་གནང་ཞིང་།
མཐར་ད་ལན་ཤར་དུང་རིའི་རིག་གཞུང་བགྲོ་གླེང་ཚོགས་འདུའི་ཆ་རྐྱེན་ཡོངས་རྫོགས་རྒྱབ་སྐྱོར་གནང་མཁན་གྱི་བྱང་བྱ་དུར་དགའ་མལ་དགོན་ཆེན་ལ་ཐུགས་རྗེ་ལེགས་གསོལ་གྱི་བཀའ་དྲིན་ཞུ་ཡིག་ཕུལ།
   མཐར་ཚོགས་ཞུགས་མི་སྣ་ཡོངས་ཀྱིས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུངས་ཏེ་ཐེངས་དང་པོ་ཤར་དུང་རིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་རྒྱལ་ཁའི་ངང་མཇུག་རྫོགས་སོ། །
ཤར་དུང་རིའི་རིག་གཞུང་བགྲོ་གླེང་གི་ནང་དོན་ཁ་ཕྱོགས། ༡༽སྤྱིར་གནའ་བོའི་ཞང་བོད་ཀྱི་རིག་གཞུང་དང་འབྲེལ་བའི་སྐོར། ༢༽སྒོས་སུ་ཨ་མདོ་ཤར་པའི་རིག་གཞུང་དང་འབྲེལ་བའི་སྐོར། ༣༽དུས་རབས་དང་མཐུན་པའི་སློབ་གསོ་དང་འབྲེལ་བའི་སྐོར། ༤༽ཟིང་ཆུ་ཡུལ་ལུང་དམངས་སྲོལ་རིག་གནས་དང་འབྲེལ་བའི་སྐོར། ༥༽དགོན་སྡེ་ཁག་གི་བཤད་སྒྲུབ་སྒོམ་གསུམ་དར་སྤེལ་དང་འབྲེལ་བའི་སྐོར། ༦༽རྒྱལ་ཕྱི་ནང་གི་རིག་གཞུང་དང་འབྲེལ་བའི་སྐོར་སོགས་ཡིན།
བགྲོ་གླེང་གནང་སྟངས། དུས་རབས་དང་མཐུན་པའི་བགྲོ་གླེང་རྣམ་པ་ཅན་དུ་གནང་རྒྱུ། བགྲོ་གླེང་པ་རྣམས་ཀྱིས་དཔྱད་རྩོམ་ངེས་པར་དུ་ཡོད་དགོས་པ། དམིགས་བསལ་ཡུལ་ལུང་དང་མི་རིགས་ལ་ཕན་པའི་སློབ་གསོ་མཁས་ཅན་དང་དམངས་སྲོལ་རིགས་ཀྱི་ཆེད་མཁས་པ་སོགས་ལ་དམིགས་བསལ་རྩོམ་ཡིག་མེད་ན་ཆོག བགྲོ་གླེང་པ་རྣམས་ཀྱིས་དཔྱད་རྩོམ་སྒྲོག་སྦྱང་དང་དྲི་བ་དྲིས་ལན་གྱི་རྣམ་པ་ཡོད་དགོས་པ་བཅས།
བགྲོ་གླེང་ཚོགས་འདུའི་བཀོད་སྒྲིག་འགན་ཁུར་བ། སྒྲུབ་སློབ་ཤེས་རབ་ལྷུན་གྲུབ། དགེ་བཤེས་ཁ་དྲག་བཙན་དབང་། གདུགས་དཀར། ཨ་དཔལ་བཟང་། རིན་སྤུངས་ཚུལ་བསྟན། ཉི་མ་ཚུལ་ཁྲིམས། གཙོ་ཁམས་ཆེན། བཀྲ་ཤིས་དོན་འགྲུབ། དགེ་བཤེས་བདེ་ལེགས་ཀུན་འབྱུང་། དགེ་བཤེས་བསོད་ནམས་ཚེ་རིང་། དགེ་བཤེས་མེ་སྟག་ཕྲ་མོ། མཁའ་ཡགས་བསྟན་འཛིན་རྣམ་རྒྱལ། ཁྲི་བཙུན་ཀུན་གསལ་ཡེ་ཤེས་བཅས་ཀྱིས་འགན་ཁུར་གནང་བ་བཅས་སོ། །
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།