རྩེ་དགོན་དུ་དབུ་སེམས་ཟབ་སྦྱོང་བྱས་པའི་གནས་བསྡུས།

[ཟླ་ཚེས། 2019-05-28 18:29:14][རྩོམ་པ་པོ། ཁྲ་ཉག་ཕྲན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

རྩེ་དྲུག་དགོན་གྱི་སློབ་གཉེར་བ་རྣམས་ཀྱིས་དབུ་སེམས་ཟབ་སྦྱོང་བྱས་པའི་གནས་བསྡུས།
   ད་ལན་ཁྱུང་པོ་རྩེ་དྲུག་དགོན་གྱི་སློབ་དཔོན་རིན་པོ་ཆེ་དང་དགེ་རྒན་རྣམ་པའི་བཀའ་དགོངས་ལྟར་བོད་ས་ཕག་ལོའི་བོད་ཟླ་༣པའི་ཚེས་༡༡ཉིན་ནས་དབུ་བཟུང་སྟེ་བདུན་ཕྲག་གཉིས་ཀྱི་རིང་།  སྟོན་པའི་བཀའ་ཐེག་འགྲེལ་མེ་ལོང་དགུ་བསྐོར་ལས་དབུ་སེམས་གཉིས་ཀྱི་སྐོར་ནས་ཟབ་སྦྱོང་འཚོགས་ཡོད་པ་རེད།  
  དེ་ཡང་གླིང་འདིའི་སྐབས་བབ་ལས་འཛིན་རྣམ་པའི་བཀོད་སྒྲིག་འོག་རབ་འབྱམས་དགེ་བའི་བཤེས་གཉེན་ཆེན་མོ་དགེན་ཤེས་རབ་རྣམ་རྒྱལ་དང་། དགེན་ཕུན་ཚོགས་དབང་འདུས་རྣམ་གཉིས་ཀྱིས་སྟོན་པའི་བཀའ་ཐེག་འགྲེལ་མེ་ལོང་དགུ་བསྐོར་ལས་དབུ་སེམས་གཉིས་དེ་བདུན་ཕྲག་གཅིག་གི་རིང་ལ་ཐུགས་རྗེ་སེམས་དཔའ་དང་།   བདུན་ཕྲག་གཅིག་གི་རིང་ལ་གཡུང་དྲུང་སེམས་དཔའ་སྤྲོས་མེད་པའི་གཞུང་ལུགས་ཉིན་ལྟར་ཟབ་ཁྲིད་མཛད་ཅིང་། 
   ཐོས་བསམ་གླིང་དང་ལུང་རིགས་གླིང་ཞེས་ཕན་ཚུན་གླིང་གཉིས་སུ་ཕྱེས་ནས་ཕྱོགས་སོ་སོས་དཔེ་བལྟ་དང་བགྲོ་གླེང་།  རྟགས་གསལ་སྒྲིག་རྒྱུ་བཅས་ལ་འབད་བརྩོན་རྒྱ་ཆེར་བྱས་ཏེ།  ཉིན་བཅུ་གསུམ་རིང་ལ་དཀའ་གནད་ཀྱི་མདུད་པ་མང་པོ་བཀྲོལ་ནས་འཆད་རྩོད་བོན་ཀྱི་འཁོར་ལོ་བསྐོར་ཡོད་པ་མ་ཟད། ཉིན་བཅུ་གཉིས་པར་ཉིན་གུང་དུས་ཚོད་གཉིས་དང་ཕྱེད་ཀའི་སྟེང་ ༧ སློབ་དཔོན་ལུང་རྟོགས་བསྟན་པའི་རྒྱལ་མཚན་རིན་པོ་ཆེ་དང་དགེ་རྒན་རྣམས་དབུ་བཞུགས་མཛད་ནས་ཐུག་ཆེན་དམ་བཅའ་འཚོགས་ཤིང་།   གླིང་གཉིས་ཀྱིས་དུས་ཚོད་གཅིག་དང་ཕྱེད་ཀ་རེ་བྱས་ནས་ཕན་ཚུན་རྟགས་གསལ་གསུམ་རེ་རེས་མོལ་བྱས་ནས་བཏང་ཡོད་པ་དང་།   མཇུག་ཏུ་སློབ་དཔོན་རིན་པོ་ཆེ་མཆོག་གིས་སློབ་གཉེར་བ་དག་གི་གཞུང་ལུགས་ཀྱི་གོ་བ་དང་རྟགས་གསལ་གྱི་དབལ་ཁ།  ཧུར་བརྩོན་གྱི་ངང་ཚུལ་དག་ལ་བསྔགས་བརྗོད་བྱས་ཤིང་སྒོས་སུ་སློབ་གཉེར་རང་རང་གི་ཐོས་བསམ་སློབ་གཉེར་བྱེད་ཕྱོགས་དང་ཡང་སྒོས་སུ་མ་འོངས་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་བྱེད་སྟངས་སྐོར་ནས་བཀའ་སློབ་གསེར་ཞུན་མ་ལྟར་གནང་བ་བཅས།   
རྗེ་མཉམ་མེད་པའི་ཞལ་སྔ་ནས།
དགག་སྒྲུབ་ཚུལ་ལ་མཁས་པ་ཡི།།
སྐྱེས་བུ་དེ་ནི་བསྟོད་འོས་ཏེ།།
བདེ་ཆེན་ལམ་སྟོན་སངས་རྒྱས་ཀྱི།།
བསྟན་པ་དེ་ཡིས་འཛིན་པ་ཡིན།། 
ཞེས་མཚམས་སྦྱར་ཏེ་རྗེས་བྱ་བསྔོ་བ་སྨོན་ལམ་དམ་པ་འཁོར་གསུམ་མི་དམིགས་པའི་རྒྱས་བཏབ་ནས་བཀྲ་ཤིས་བདེ་ལེགས་ངང་མཇུག་ཡོངས་སུ་གྲུབ་པའོ།།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།