དཔེ་ཀློག་གསར་འགྱུར་གནད་བསྡུས།

[ཟླ་ཚེས། 2019-05-22 12:37:46][རྩོམ་པ་པོ། མཁན་པོ་ཚེ་རིང་ནོར་བུ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཉིས་སྟོང་བཅུ་དགུ་ལོའི་སྤྱི་ཟླ་ལྔ་པའི་ཚེས་བཅུ་དགུ་ཉིན་གྱི་ཕྱི་དྲོར། སི་ཁྲོན་ཞིང་ཆེན་ཁྲིན་ཏུ་གྲོང་ཁྱེར་གངས་རིན་པོ་ཆེ་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་ཟིའི་གཙོ་སྒྲུབ་འོག་དཔེ་ཀློག་མྱོང་གླེང་ཞེས་པའི་བགྲོ་གླེང་ཚོགས་འདུ་ཞིག་གངས་རིན་པོ་ཆེ་དཔེ་མཛོད་ཁང་དུ་བསྡུས།
 
ཐེངས་འདིའི་ཚོགས་འདུར་བོད་ཀྱི་ལོ་རྒྱུས་རིག་པའི་ཆེད་མཁས་པ་གྲགས་ཅན་མཁས་པ་སྡེ་རོང་ཚེ་རིང་དོན་གྲུབ་ལགས་དང་། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་རྫ་པ་ཚེ་རིང་འགྱུར་མེད་རྣམ་གཉིས་དབུ་བཞུགས་ཐོག་མཁན་པོ་ཚེ་རིང་ནོར་བུ་མཆོག་ནས་དཔེ་ཀློག་མྱོང་གླེང་གི་དགོས་པ་དང་དམིགས་ཡུལ་སོགས་གླེང་སྟེ་བཀྲ་ཤིས་པའི་དབུ་ཁྱུད་བྲིས།
 
མདོ་འཛིན་པ་གྲགས་ཅན་ཁ་བའི་སྒྲོལ་མ་དང་སྡེ་དགེ་ཚེ་རིང་གཡང་འཛོམས་གཉིས་ཀྱིས་ཚོགས་ཞུགས་མི་སྣ་རྣམས་རེ་རེ་བཞིན་ངོ་སྤྲོད་བྱས། ཁོང་ཚོ་ནི་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་འབུམ་རམས་པ་སྙན་བཟང་བྱམས་པ་ལགས་དང་། འབུམ་རམས་པ་བཀྲ་ཤིས་འཚོ། འབུམ་རམས་པ་ཞི་མོ། འབུམ་རམས་པ་བན་དེ་ལྷུན་གྲུབ། ཞིབ་འཇུག་སློབ་མ་བཀྲ་ཤིས་རྡོ་རྗེ། ཞིབ་འཇུག་སློབ་མ་ཚེ་རིང་གཡང་འཛོམས་སོགས་ཆེད་ལས་ཞིབ་འཇུག་པ་དང་། བྲག་མགོའི་སྤྲུལ་སྐུ་འཆི་མེད་གཡུང་དྲུང་དང་གྲྭ་བཙུན་སློབ་གཉེར་བ་འགྱུར་མེད་སོགས་མི་གྲངས་སུམ་ཅུ་ལ་ཉེ་བ་མཉམ་ཞུགས་བྱས་ཏེ། འབྲེལ་ཡོད་བོད་རིག་པའི་ནང་དོན་མང་པོ་སྒྲོག་སྦྱོང་དང་མཉམ་གླེང་བྱས་ནས་དཔེ་ཀློག་གི་མྱོང་བ་ཕུན་སུམ་ཚོགས་པར་བྱས།
 
ལྷག་པར་དུ་གཟེངས་སུ་ཐོན་པའི་ཁྱད་ཆོས་ཤིག་ཡོད་པ་ནི་ཞིབ་འཇུག་པ་རེ་རེས་རང་རང་གི་དཔྱད་རྩོམ་སྒྲོག་སྦྱོང་བྱས་མ་ཐག་རྒན་སྡེ་རོང་ཚེ་རིང་དོན་གྲུབ་དང་རྒན་ཚེ་རིང་འགྱུར་མེད་རྣམ་གཉིས་ནས་དཔྱད་བརྗོད་སྤེལ་ཅིང་། མི་འདིང་བའི་ཆར་ཁ་སྐོང་གི་མྱོང་བ་སོགས་གླེང་སྟེ་སྔར་ལས་གོ་བ་ཟབ་མོ་ཆགས་པར་ནུས་པ་གལ་ཆེན་ཐོན།
 
མཐར་མཁན་པོ་ཚེ་རིང་ནོར་བུ་མཆོག་ནས་ཡི་དམ་དབལ་གསས་རྔམ་པའི་ཆོ་གའི་སྐོར་གྱི་ངོ་སྤྲོད་དང་འབྲེལ་ཏེ་ཐེངས་འདིའི་དཔེ་ཀློག་མྱོང་གླེང་ཚོགས་འདུ་བདེ་བླག་ངང་གྲུབ་པར་བྱས། བཀྲ་ཤིས་བདེ་ལེགས།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།