གལ་ཆེ་བའི་འབོད་སྐུལ།

[ཟླ་ཚེས། 2019-05-02 09:11:45][རྩོམ་པ་པོ། མདོ་སྨད་སྣང་ཞིག་དགོན་འདུས་སྤྱི།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

666.png

   དད་པ་དམ་ཚིག་གི་དམིགས་པ་ཧྲིག་གེར་གཏད་ཅིང་དགེ་སྒྲུབ་ཚོགས་བསགས་ཀྱི་བསོད་ནམས་དང་དུ་ལེན་པའི་དད་ལྡན་ཡོངས་ལ་གུས་པས་ཞུ་གསོལ་ནི།

   མདོ་སྨད་སྨྲ་སེང་རྣམ་གསུམ་གྱི་ཡ་གྱལ་མཚན་བརྗོད་པར་དཀའ་བ་རབ་འབྱམས་རིག་པའི་མངའ་བདག་བཤད་སྒྲུབ་བསྟན་པའི་གསལ་བྱེད་དམ་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ༧རྗེ་བཙུན་ནམ་མཁའ་ཚུལ་ཁྲིམས་རིན་པོ་ཆེ་དགོངས་པ་བོན་དབྱིངས་སུ་བསྡུས་པའི་ཚུལ་བསྟན་པ་ཉེ་ལམ་ཞུས་ཟིན་པ་ལྟར་ལགས།

དེ་ཡང་འདི་ནས་རྗེ་བཙུན་བླ་མ་མཆོག་གི་སྐུ་གདུང་རིན་པོ་ཆེ་ལ་གདུང་མཇལ་ཞུ་བ་དང་།སྐུ་གདུང་རིན་པོ་ཆེ་ཞུགས་ལ་བཞེན་པའི་དུས་ཚོད་སོགས་ཕྱོགས་སོ་སོ་ན་བཞུགས་པའི་རང་རེ་བོན་འབངས་ཡོངས་དང་སྒོས་སུ་རྗེ་བཙུན་བླ་མ་དམ་པའི་སློབ་འབངས་དང་དད་ལྡན་གདུལ་བྱའི་ཚོགས་ལ་གསལ་བྱེད་ཞུ་བ་ལ།

   སྤྱི་ཟླ༥བའི་ཚེས༢ཉིན་ནས་གདུང་མཇལ་གྱི་འགོ་འཛིན་རྒྱུ་ཡིན་པར་མ་ཟད།  སྐྱེས་བུ་ཁྱད་པར་ཅན་འཁྲུངས་འདས་ཀྱི་དུས་ཚིགས་ནི་དགེ་སྡིག་གང་བྱས་འབུམ་འགྱུར་དུ་འགྲོ་བ་སྔོན་བྱོན་རིག་འཛིན་གོང་མའི་ཞལ་ནས་གསུངས་པ་བཞིན་རང་རེ་གདུལ་བྱ་ཡོངས་ཀྱིས་ཁ་འདོན་བཟླས་བརྗོད་དང་།ཕྱག་སྐོར་སྒྲིབ་སྦྱོང་སོགས་བསོད་ནམས་ཚོགས་བསགས་ཀྱི་ལས་ལ་འབད་རྒྱུ་ཤིན་ཏུ་གལ་ཆེན་ཡིན་ཞེས༧གོང་ས་སྣང་ཞིག་སྐྱབས་མགོན་རིན་པོ་ཆེས་གསུང་སྐུར་གནང་བ་བཞིན་ས་ཕྱོགས་གང་ན་བཞུགས་པའི་བོན་འབངས་ཡོངས་ཀྱིས་ཐུགས་ལ་ངེས་པར་ཞུ།

   དེ་བཞིན་སྨྲ་སེང་མི་ཡི་རྣམ་རོལ་རྗེ་བཙུན་བླ་མ་རིན་པོ་ཆེའི་སྐུ་གདུང་མཐོང་བ་རང་གྲོལ་ལ་མཇལ་མཚམས་འཇོག་པའི་དུས་ཚོད་ནི་སྤྱི་ཟླ༥བའི་ཚེས༨ཀྱི་ཉིན་གུང་ནས་གདུང་མཇལ་དབྱེ་མཚམས་འཇོག་རྒྱུ་དང་།སྤྱི་ཟླ༥ཚེས༩སྟེ་ཕུན་ཚོགས་སྦྱོར་བའི་ཉིན་མོ་སྐུ་གདུང་རིན་པོ་ཆེ་ཞུགས་ལ་དངོས་སུ་བཞེན་རྒྱུ་ཡིན།  གཟི་བརྗིད་ལས།རྒྱལ་བའི་སྐུ་ལ་སྐྱེ་འཆི་མི་མངའ་ཡང་།། བོན་ཅན་མཚན་མ་མི་རྟག་དཔེར་བསྟན་ཕྱིར།།བོན་ཉིད་དབྱིངས་སུ་མྱ་ངན་འདས་ཚུལ་སྟོན།།མཁའ་མཉམ་ཀློང་གདལ་བོན་ཉིད་དབྱིངས་སུ་འཁོད།། རྣམ་པར་གྲུབ་པ་ཁྱོད་ལ་ཕྱག་འཚལ་ལོ།།ཞེས་པ་ལྟར་མདོ་སྨད་སྣང་ཞིག་ཆེན་པོའི་དཔོན་སློབ་ཁྲི་རབས་བཅུ་གཉིས་པ་མདོ་སྔགས་གཞུང་བརྒྱའི་དགོངས་པ་སྒྲིབ་མེད་དུ་གཟིགས་པའི་སྨྲ་བའི་དབང་པོ་མཆོག་གིས་གདུལ་བྱ་རྟག་འཛིན་ཅན་རྣམས་འཁོར་བ་ལ་སུན་ཕྱུང་བའི་ཕྱིར་དུ།གཟུགས་སྐུ་ཟླ་བའི་དཀྱིལ་འཁོར་རེ་ཞིག་གདུལ་བྱ་གཞན་གྱི་དོན་དུ་ཕེབས་ཏེ་ཐུགས་དམ་གཡོ་བ་མེད་པའི་ངང་དུ་བཞུགས་པ་དང་།རང་ཅག་རྗེས་འབངས་ཡོངས་ཀྱིས་གདུང་སེམས་མཉམ་བསྐྱེད་ཀྱི་གསོལ་བ་དྲག་ཏུ་འདེབས་བཞིན་བསོད་ནམས་ཚོགས་བསགས་ཀྱི་ཐབས་ལ་འབད་པའི་གནས་སུ་གྱུར་ཏོ།།

ཞེས་མདོ་སྨད་སྣང་ཞིག་དགོན་འདུས་སྤྱི་ནས༢༠༡༩ ༤ ༣༠ ཉིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།