སྡེ་དགེའི་བླ་མ་ཏི་སེ་རྒྱལ་བའི་སྐུ་གདུང་ཞུགས་འབུལ་གྱི་མཚམས་སྦྱོར་གནད་བསྡུས།

[ཟླ་ཚེས། 2019-03-03 10:45:09][རྩོམ་པ་པོ། དགོངས་རྫོགས་གོ་སྒྲིག་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 WechatIMG9.jpeg

   དེ་ཡང་རང་ཅག་གི་དྲིན་ཆེན་རྩ་བའི་བླ་མ་ངེས་པ་དོན་གྱི་རྣལ་འབྱོར་བ ༧ སྡེ་དགེ་ལྷོ་ཁོག་དཔོན་རྒན་དགོན་གཡུང་དྲུང་དར་རྒྱས་གླིང་གི་ཁྲི་འཛིན་དམ་པ ༧ ཁྱུང་དཀར་ཏི་སེ་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་བདུན་ཅུ་དོན་བདུན་བཞེས་ནས།  བོད་ས་མོ་ཕག་ལོའི་ཟླ་དང་པོའི་ཚེས་གཉིས་ཉིན་དགོངས་པ་བོན་དབྱིངས་སུ་བསྡུས་པའི་གནས་ཚུལ་སོགས་ཟུར་གསལ་ལྟར།

WechatIMG11.jpeg

   ཞག་གསུམ་དྲོས་བཞིའི་གདུང་མཆོད་དེ་ཉིད ༧ རྒྱལ་བ་མཉམ་མེད་ཆེན་པོའི་དུས་ཆེན་དང་ལྷན་དུ་ཁེལ་ཡོད་སྟབས།  མང་རི་དགོན།  སྐམ་ཚང་དགོན།  བླ་ཁྲི་དགོན།  དཔོན་རྒན་དགོན་ཏེ་ལྷོ་ཁོག་བོན་དགོན་བཞི་དང་གཡུ་རི་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་བཅས་ཀྱི་དབུ་བླ།  སྤྲུལ་སྐུ།  མཁན་པོ།  དགེ་བཤེས།  གྲྭ་མང་བཅས་དགེ་སློབ་བརྒྱ་སྐོར་ཞིག་ལྷན་དུ་འཛོམས་ནས།  ཉིན་མོ་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་ཆོ་ག་དང་།   མཉམ་མེད་བླ་མའི་ཚོགས་འཁོར་རྒྱས་འབུལ་སོགས་ཀྱིས་གདུང་མཆོད་ཕུལ་བ་མ་ཟད།   རྣམ་ལྔའི་མཆོད་པ་ལ་སོགས་ཀྱི་མཚན་མཆོད་རྒྱས་འབུལ་ཞུས་ཤིང་།  མཇུག་དུ་དེར་འདུས་བླ་སློབ་སེར་སྐྱ་མིང་མང་ཡོངས་ལ་མང་སྤྲུལ་དགེ་བཤེས་བསོད་ནམས་གཡུང་དྲུང་ལགས་ཀྱིས།   ཞིང་གཤེགས་མགོན་པོ་མཆོག་གི་སྐུ་གསུང་ཐུགས་ལ་ཡོན་ཏན་མངའ་ཚུལ་དང་།  བཀའ་དྲིན་དྲན་ཤེས་དགོས་ཚུལ་སོགས་ཀྱིས་གསུང་བཤད་ཟབ་རྒྱས་གནང་ནས་མཇུག་བསྡུས་པ་རེད།

   དེ་ནས་དགུང་ཞག་ཞེ་དགུའི་རིང་ལ་གྲྭ་བཙུན་འགའ་ཞིག་གིས་ཚེ་དབང་བོད་ཡུལ་མའི་ཚོགས་མཆོད་ཉིན་ལྟར་རྒྱས་འབུལ་ཞུ་རྒྱུ་དང་།  བདུན་ཚིགས་རེ་ལ་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་ཆོ་གའི་གཞུང་སྲང་རྒྱུ།   ཐུགས་དམ་གྲོལ་རྗེས་སུ་སྐུ་གདུང་རིན་པོ་ཆེའི་མདུན་སར་ཨ་སྙན་རྫོགས་གསུམ་དང་སྙན་བརྒྱུད་བཀའ་རྒྱུད་སྐོར་བཞི།  ཚེ་དབང་སྨོན་ལམ།   སྨོན་ལམ་རྣམ་གསུམ།   བོན་སྐུའི་སྨོན་ལམ་སོགས་སྔ་དྲོ་དང་ཕྱི་དྲོ་རེ་ལ་རྟག་པར་གསུང་རྒྱུའི་གོ་སྒྲིག་ཞུས་པ་བཞིན་ཕྱག་ལྟར་སྐྱོང་གནང་མཛད།

WechatIMG32.jpeg

   བདུན་ཚིགས་གཉིས་པ་དེ་འཕྲུལ་ངག་གཡུང་དྲུང་བོན་གྱི་བྱེད་པོ ༧ སྟོན་མཆོག་བརྒྱ་པའི་མགོན་པོ་གཤེན་རབ་མི་བོ་ཆེ་འཁྲུངས་མཆོད་བོད་ཚེས་བཅོ་ལྔ་ཉིན་ལྷན་དུ་ཁེལ་ཡོད་པས།  དེ་མཐུན་གྱི་ཉིན་མཆོད་དང་མཚན་མཆོད་ཟབ་རྒྱས་ཞུས་སྐོར་གྱི་གནས་ཚུལ་རིམ་བཞིན་ཟུར་དུ་གསལ་བར་ལྟར་ཡིན།

   དེ་ནས་རང་དགོན་གྱི་བླ་མ་གྲྭ་ཚང་དང་ལྷ་སྡེ་མི་མང་ཡོངས་རྫོགས་བསམ་པ་གཅིག་མཐུན་དང་ལག་པ་གཅིག་སྒྲིལ་གྱིས་ཀུན་རིག་ལས་བཞི་རྒྱུན་ལྔ་དགོན་པས་ཚར་གཅིག་དང་།  ལྷ་སྡེ་མི་མང་ཐུན་མོང་ནས་ཚར་གཅིག་བཅས་ཆ་གཉིས་བླུག་འཆར་ལྟར།  ཤིང་བྱང་འབྲི་བ་དང་།  རྫས་ཆ་བསག་པ་སོགས་ལག་ལེན་གནད་སྨིན་བགྱིས་ནས།  ཚེས་བཅུ་དགུ་ཉིན་ནས་གྲ་སྒྲིགས་སྟ་གོན་ཚགས་སུ་ཚུད་པ་བྱུང་།

WechatIMG20.jpeg

   བོད་ཚེས།  ༢༣ / སྤྱི་ཚེས།  27/  ཉིན་སྐུ་གདུང་ཞུགས་འབུལ་གྱི་དུས་ཚིགས་གཏན་ལ་འཁེལ་ཚེ།  སངས་རྒྱས ༧  གཡུང་དྲུང་བོན་གྱི་རྩ་བའི་གྲྭ་ས་འོག་མ ༧ རབ་ལེགས་གཡུང་དྲུང་གླིང་གི་མཁན་ཆེན་ ༧ སྐྱབས་རྗེ་༧ ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་མཆོག་ལ།   ངེད་དགོན་ཡུལ་གྲོང་གཉིས་ཀྱིས་སྐུ་གདུང་ཞུགས་འབུལ་གྱི་ཚོགས་མགོན་དུ་ཆིབས་བསྒྱུར་སྐྱོང་གནང་ཡོང་བའི་རེ་གསོལ་ནན་གྱིས་ཞུས་པ་བཞིན།  སྐྱབས་རྗེ༧ མཁན་རིན་པོ་ཆེ་ཁོང་ཉིད་ཀྱི་ཐུགས་བརྩེ་བླ་ན་མེད་པའི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་རེ་དོན་འབྲས་སྨིན་ཆོག་པའི་བཀའ་ཁྲོལ་ནས།  བོད་ཚེས་ཉེར་གཅིག་ཉིན་འདི་ག་དགོན་པའི་མཁན་པོ་དང་གདུང་འཛིན་ནམ་མཁའ་རྒྱལ་མཚན་གཙོས་པའི་སྐྱ་སེར་ཁག་གཅིག་གིས་སྐྱེ་དགུའི་གནམ་ཐང་ནས་ཕེབས་བསུ་ཞུས་ཤིང་དེ་ནུབ་སྐྱེ་དགུ་ལ་ངལ་གསོ་གནང་ནས་བཞུགས།

WechatIMG17.jpegWechatIMG13.jpeg

   བོད་ཚེས་ཉེར་གཉིས་ཉིན་དངོས་སུ་དགོན་པར་གདན་དྲངས་ཤིང་མནྜལ་སྐུ་གསུང་ཐུགས་རྟེན་ཕུལ་རྗེས།   ༧མཁན་རིན་པོ་ཆེ་བླ་བྲང་ནང་དུ་ཕེབས་ཤིང་ཞིང་གཤེགས་མགོན་པོ་མཆོག་གི་སྐུ་གདུང་མདུན་ནས་སྙན་གསན་གནང་བ་དང་གདུང་ཁྲུས་གསོལ་བ་སོགས་མཛད།  དེ་ནས་མཁན་ཆེན་རིན་པོ་ཆེ་སྒྲུབ་ཁང་དུ་ཕེབས་ནས་རབ་གནས་མཛད།

WechatIMG15.jpegWechatIMG19.jpegWechatIMG18.jpeg

   བོད་ཚེས་༢༣ ཉིན་གྱི་ཞོགས་པའི་དུས་ཚོད ༩: ནས་མཁན་རིན་པོ་ཆེ་དབུས་པའི་ལྷོ་ཁོག་བོན་དགོན་བཞི་ཡི་དབུ་བླ་གཡུ་རི་བཤད་སྒྲུབ་སློབ་གླིང་གི་མཁན་རིན་པོ་ཆེ་བསོད་ནམས་ཕུན་ཚོགས་གཙོས་བླ་སློབ་གྲྭ་འཁོར་བརྒྱ་ཕྲག་ལྷག་དང་།  ཕྱོགས་སོ་སོ་ནས་ཕེབས་པའི་དད་ལྡན་བརྒྱ་ཕྲག་མང་པོས་སྐུ་གདུང་རིན་པོ་ཆེ་སྤུར་ཁང་དུ་གདན་འདྲེན་ཞུས།

WechatIMG28.jpegWechatIMG24.jpeg

   དེ་ནས་མེ་ལྷ་སྤྱན་དྲངས་ཏེ་མཁན་རིན་པོ་ཆེས་སྐུ་གསུམ་སྡོང་བུ་མེ་སྤར་མཛད་དེ་སྐུ་གདུང་རིན་པོ་ཆེ་ཞུགས་ལ་ཕུལ་ཞིང་།  བླ་སྤྲུལ་གྲྭ་མང་མང་ཤོས་ཚོགས་ཆེན་མདུན་ཁང་དུ་ཕེབས་ཤིང་ལས་བཞི་རྒྱུན་ལྔའི་སྲེག་ཆོག་དང་།  བཤད་སྒྲུབ་སློབ་གླིང་གི་དགེ་སློབ་རྣམ་པས་རྟ་བབས་ཡང་ཐོག་ཏུ་གཡུང་དྲུང་ཀློང་རྒྱས་ཀྱི་ཆོ་ག་གསུངས།

WechatIMG26.jpegWechatIMG16.jpeg

   མགོན་པོ་ཞིང་གཤེགས་དམ་པའི་སྐུ་གདུང་ཞུགས་འབུལ་སྐབས་ཀུན་གྱི་སྣང་ཡུལ་དུ་གྱུར་བའི་འཇའ་སོགས་རྟགས་དང་ཡ་མཚན་བསམ་གྱིས་མི་ཁྱབ་པ་མང་ནའང་།  དེ་ལས་ཡ་མཚན་ཆེ་བ་ནི།  དབུ་གཡང་དང་།  ཐུགས་མེ་ཐུབ་མ་གཉིས།  རྗེས་འཇུགས་དད་འབངས་ཡོངས་ཀྱི་བསོད་ནམས་ཀྱི་བགོ་བསྐལ་དུ་བཞུགས་ཡོད།  ཐུགས་དེ་ཡང་གདུང་ཁང་སྲུང་མཁན་དག་གིས་རུས་མགོ་ཞིག་རེད་སྙམ་ཏེ།  མཆོད་སྐོར་ལྔ་དྲུག་ཙམ་གྱི་མཆོད་རྫས་ཀྱི་ལན་གྲངས་མང་པོར་ཞུགས་ལ་འབུལ་ཀྱང་འཚིག་པར་མ་གྱུར་པའི་ཡ་མཚན་དངོས་བྱུང་དུ་བཞུགས་ཡོད་པ་རེད།

WechatIMG25.jpegWechatIMG23.jpeg

   བོད་ཚེས་ ༢༤ ཉིན ༧ སྐྱབས་རྗེ་༧ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་མཆོག་གིས་འདི་འཁོད་བླ་སློབ་དད་ལྡན་བརྒྱ་ཕྲག་མང་པོ་ལ་དྲག་སྔགས་དབལ་མོའི་བཀའ་དབང་ཟབ་རྒྱས་གནང་།  དེ་ནས་མཁན་ཆེན་མཆོག་སྒྲུབ་གྲྭ་ཁང་དུ་ཕེབ་བསུ་ཞུས་ཤིང་ཕྱི་ནང་གི་རྟེན་དང་བརྟེན་པར་མངའ་དབུལ་རབ་གནས་དང་། མཉམ་མེད་གསོལ་འདེབས།  སྐྱབས་སེམས།  མཛད་བཅུ།  སྨྲ་སེང་མཆོད་བསྟོད།  རྗེ་ཏ་པའི་ཧྲི་ཙའི་གསོལ་འདེབས་བཅས་ཀྱི་ལྗགས་ལུང་བཀའ་དྲིན་བསྩལ་གནང་མཛད་རྗེས། སྡེ་དགོན་གཉིས་ཀྱི་འཐུས་ཚབ།  སྐྱ་སེར་ཁག་གཅིག་གིས་མཁན་ཆེན་མཆོག་ཕེབས་བསྐྱེལ་ཞུས།


WechatIMG27.jpeg

   བོད་ཚེས་ ༢༥ ཉིན་བླ་མ་གཡུང་དྲུང་གཙུག་ཕུད་རྒྱལ་མཚན་དབུ་བཞུགས་མཛད་དེ་སྡེ་དགོན་མཉམ་འཛོམས་ཐོག  ངེས་དོན་གྱི་རྣལ་འབྱོར་བ་༧སྐྱབས་རྗེ་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་བཀའ་དྲིན་རྗེས་དྲན་གྱི་དགོངས་རྫོགས་མཆོད་སྤྲིན།  མཎྜལ་དང་རྣམ་ལྔའི་མཆོད་འབུལ་ཟབ་རྒྱས་ཞུས་མཚམས།   དགོན་བདག་གཉེར་དང་དགོངས་རྫོགས་གོ་སྒྲིགས་ཚན་ཆུང་གི་སྟངས་འཛིན་འོག  དད་ལྡན་མི་མང་གིས་དགོངས་རྫོགས་མཆོད་འབུལ་གྱི་རྟེན་དོད་དང་བསྔོ་སྨོན་སོགས་ཀྱི་དད་རྫས་རྣམས་དགོངས་རྫོགས་གོ་སྒྲིག་ཚན་ཆུང་གིས་བསྡུ་ལེན་ཞུས་པ་བཞིན།  ཕར་སོང་ཚུར་བྱུང་གི་རྩིས་ཁྲ་གཙང་དག་ཐོག་དད་རྫས་རྣམས་ཀྱང་ཆུད་ཟོས་སུ་མ་སོང་བར་དགོངས་རྫོགས་མཆོད་འབུལ་གྱི་དགེ་རྩ་རང་དུ་ཐིམས་པར་བྱས་ཚུལ་སྙན་སྒྲོན་ཞུས།  དེ་ནས་རང་ཅག་ཤུལ་ལུས་དད་འབངས་རྣམས་ཀྱིས།  འདི་འདུས་ཀྱི་བླ་མ་མཁན་པོ་དང་།  དགོན་བདག་གཉེར།  གོ་སྒྲིག་མི་སྣ་སོགས་ཀྱིས་ཞིང་གཤེགས་མགོན་པོ་གང་ཉིད་ཀྱི་འདའ་ཁའི་ཁལ་ཆེམས་དང་མཛད་རྣམས་ཀྱི་རྗེས་སུ་བཟུང་དགོས་ཚུལ་གྱི་གསུང་མོལ་ཞིབ་རྒྱས་གནང་ཞིང་སྨོན་ལམ་ཀུན་གྱི་རྒྱལ་པོ་སྨོན་ལམ་རྣམ་གསུམ་དང་བསྟན་རྒྱས་སྨོན་ལམ་སོགས་ཀྱིས་མཇུག་ལེགས་པར་བསྡུས་པའི་གནད་བསྡུས་སུ།

                  དགོངས་རྫོགས་གོ་སྒྲིག་ཚན་ཆུང་ནས་སྤེལ།

                                ༢༠༡༩/༣/༣/ཉིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།