བོན་གྱི་བཀའ་འགྱུར་གློག་འདོན་ཆེན་མོ།

[ཟླ་ཚེས། 2019-01-20 20:59:02][རྩོམ་པ་པོ། ཚུལ་ཁྲིམས་ཡེ་ཤེས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

7.jpg

    གཡུང་དྲུང་བོན་གྱི་སྐྱབས་འབངས་སུ་གཏོགས་པའི་གཡུང་དྲུང་སྤུན་གྲོགས་རྣམས་ལ་ཆེད་ཞུ། ད་ལམ་ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ༧གཡུང་དྲུང་གླིང་གི་མཁན་རིན་པོ་ཆེས་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་རྟེན་དོན་མཚོན་པའི་བོན་གྱི་བཀའ་འགྱུར་ཆེན་མོའི་དཔེའུ་ཙེའི་སྒྲ་སྒམ་ལེགས་གྲུབ་བྱུང་བའི་བརྡ་སྦྱོར།

1.jpg

བོན་གྱི་གདན་ས་ཆེན་མོ་རུ་ལག་གཡུང་དྲུང་གླིང་།

2.jpg

གཡུང་དྲུང་གླིང་གི་མཁན་ཆེན༧སྐྱབས་རྗེ་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ།
3.jpg

བཀའ་འགྱུར་ལྷ་ཁང།

1547990382503471.jpg1547990382105987.jpg

1547990383729991.jpg1547990383819325.jpg

བཀའ་འགྱུར་གཏོང་ཐབས་ཀྱི་གསལ་བཤད། རྒྱང་འཛིན་ཡོ་ཆས་ཀྱི་ཐོག་ནས་བཀའ་འགྱུར་གཏོང་ཐབས་ལ་རྣམ་པ་གསུམ་ཡོད།

 བཏོན་ཐབས་དང་པོ།   རྒྱང་འཛིན་ཡོ་ཆས་ཀྱི་ཐོག་ནས་གནོན་ན།  བཀའ་འགྱུར་གྱི་མགོ་ནས་མཇུག་བར་བཏོན་ཐུབ་ཀྱི་ཡོད། 

 བཏོན་ཐབས་གཉིས་པ།   རྒྱང་འཛིན་ཡོ་ཆས་ཀྱི་ཐོག་ནས་གནོན་ན།   བཀའ་འགྱུར་གྱི་སྡེ་ཚན་གང་དགོས་གདམ་བསལ་བྱེད་ཐུབ།

 བཏོན་ཐབས་གསུམ་པ།   རྒྱང་འཛིན་ཡོ་ཆས་ཀྱི་ཐོག་ནས་གནོན་ན།   བཀའ་འགྱུར་གྱི་སྡེ་ཚན་གང་གདམ་ཟིན་དེ་ལས་བཀའ་འགྱུར་གྱི་སྡེ་ཚན་གཞན་གྱི་དབུ་འཛུགས་མི་བྱེད་པར་མཚམས་འཇོག་བྱེད་ཐུབ།

1547990382978628.jpg

དཀར་ཆག

1547991108330398.jpg
14.jpg15.jpg16.jpg17.jpg18.jpg19.jpg20.jpg21.jpg22.jpg23.jpg24.jpg25.jpg26.jpg27.jpg28.jpg29.jpg30.jpg33.jpg
རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་བྱུང་རབས་དང་ཀློག་འདོན་གྱི་ཕན་ཡོན་རིན་ཆེན་ཚོམ་བུ་བཞུགས་སོ།།

   ས་དང་ལམ་གྱི་རིམ་པ་ཡོངས་སུ་བགྲོད་དེ་རང་དོན་དུ་བོན་སྐུ་བདེ་བ་ཆེན་པོའི་གོ་འཕང་བརྙེས་ཀྱང་། གཞན་དོན་དུ་ལྔ་བརྒྱ་དུས་ཀྱི་སྙིགས་མ་རྩོད་ལྡན་ཚེ་ལོ་བརྒྱ་པའི་འདྲེན་སྟོན་མཆོག་གི་སྤྲུལ་སྐུ་རྣམ་མཁྱེན་རྒྱལ་བ་གཤེན་རབ་མི་བོ་མཆོག ཡབ་རྒྱལ་བོན་ཐོད་དཀར་དང་ཡུམ་ཡོ་ཕྱི་རྒྱལ་བཞད་མ་གཉིས་ཀྱི་སྲས་སུ་རྟག་གཟིགས་འོལ་མོ་ལུང་རིང་གི་ཡུལ་དབུས།  སྐུ་མཁར་བར་པོ་སོ་བརྒྱད་དུ༼སྤྱི་ལོའི་སྔོན་གྱི་མི་ལོ་༡༦༠༡༧ལ་༽སྐུ་འཁྲུངས་ཤིང་འགྲོ་བ་གང་འདུལ་གྱི་ཐབས་དང་ཐུགས་རྗེ་འགག་པ་མེད་པའི་མཛད་ཆེན་སུམ་བརྒྱ་དྲུག་བཅུ་དང་། མཛད་པ་བཅུ་གཉིས་ཀྱི་སྒོ་ནས་བོན་བསྟན་ཞིང་།   མཛད་ཆེན་དེ་རྣམས་ཀྱི་ཁོངས་སུ་གསུང་པའི་དྲང་ངེས་ཀྱི་བཀའ་དང་།  ཕྱི་ནང་གསང་གསུམ།  སྒོ་བཞི་མཛོད་ལྔ། ཐེག་པ་རིམ་དགུ།  བརྒྱད་ཁྲི་བཞི་སྟོང་གི་བཀའ་ཐམས་ཅད་བཀའ་འཁོར་རིམ་པ་གསུམ་གྱི་ཁོངས་སུ་འདུས་པ་ནི།  ཡེ་ཤེས་གསལ་སྒྲོན་ལས།  བཀའ་རབ་འབྱམས་ཐེག་པ་བོན་གྱི་རྒྱ་མཚོ་ཡང་།  མདོ་རུ་བསྡུས་ན་བཀའ་ཐོག་མཐའ་བར་གསུམ་དུ་འདུས་ཏེ།   དེ་ཡང་བཀའ་དང་པོ་རྒྱུ་འབྲས་ཐེག་པ་རིམ་དགུ་རུ་གསུངས།  བར་པ་བདེན་གཉིས་སྒོ་བཞི་མཛོད་དང་ལྔ་རུ་གསུངས་པ་དང་། ཐ་མ་དོན་དམ་ཕྱི་ནང་གསང་གསུམ་དུ་གསུངས་པ་དང་གསུམ་མོ།  ཞེས་གསུང་པའི་བཀའ་འཁོར་རིམ་པ་གསུམ་གྱི་ཁྱབ་ཁོངས་སུ་ཐུན་མོང་གི་རིག་གནས་སྤྱི་དང་།  ཐུན་མིན་ནང་དོན་རིག་པ་མདོ་སྔགས་སེམས་གསུམ་གྱི་བརྗོད་བྱ་དང་རྗོད་བྱེད་ཕུན་སུམ་ཚོགས་པའི་བཀའ་འགྱུར་རོ་ཅོག་ཕལ་ཆེར་ཕྱོགས་གཅིག་ཏུ་བསྒྲིགས་པའི་གདམས་ངག་གི་ཚོམས་ཆེན་མོ། །ཞང་བོད་རིག་གནས་ཀྱི་མ་ལག་ཡོངས་སུ་ཚང་པའི་སྲིད་གསུམ་འགྲོ་བའི་མཆོད་སྡོང་ཆེན་མོ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་མཚན་དོན་ཡོངས་སུ་ཚང་པའི་གཡུང་དྲུང་བོན་གྱི་བཀའ་འགྱུར་རིན་པོ་ཆེ་འདི་ཉིད་དོ། །

   དེ་ཡང་ལོ་རྒྱུས་བྱུང་རབས་ཀྱི་དབང་དུ་བྱས་ན་དང་པོར་དབུ་བརྙེས་པ་དང་།  བར་དུ་ཡོངས་སུ་གྲུབ་པ།  ཐ་མར་དར་ནུབ་བྱུང་ཚུལ་བཅས་སྤྱི་ཡི་འཆིང་ཆེན་མོ་གསུམ་གྱི་བདག་ཉིད་དོ། །

   དང་པོ་ནི།༽བོན་གྱི་ལོ་རྒྱུས་ཁྲོད་དུ་གྲགས་པའི་གསས་ཁང་དཀར་ནག་བཀྲ་གསལ་ལམ་དོན་འཐོབ་བོན་གྱི་དཔེ་མཛོད་ཁང་ཆེན་མོ་དེར་རྟག་གཟིགས་འོལ་གླིང་གི་གདུང་རྒྱུད་རྒྱལ་པོ་སྡེ་དྲུག་གི་ནང་ཚན་རྒྱ་རྗེ་ཀོང་ཙེ་འཕྲུལ་རྒྱལ་ལ་དམུ་སྲས་འགྲོ་བའི་མགོན་པོས་༼སྤྱི་ལོའི་སྔོན་གྱི་མི་ལོ་༡༣༥༡༧ལ་༽ བསྟན་པ་རྗེས་སུ་བཞག་པ་ནས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དབུ་བརྙེས་ཤིང་།    དེ་ཡང་བསྟན་པ་གཉེར་གཏད་ཀྱི་མདོ་ལས།    དེ་ནས་སྒོ་བཞི་མཛོད་དང་ལྔ་ཡི་བོན།     རིན་ཆེན་གླེགས་བམ་བྱེ་བ་དུང་ཕྱུར་བཅས།  དཀར་ནག་བཀྲ་གསལ་བསྟན་པ་རྗེས་སུ་བཞག   ཅེས་གསུངས་སོ།།

   གཉིས་པ།༽  མདོ་འདུས་ལས།  ང་ནི་མྱ་ངན་འདས་འོག་ཏུ།  མདོ་འབུམ་རྒྱུད་མཛོད་བཞིར་ཕྱེས་ལ། འཁོར་རྣམས་བཀའ་ནི་བསྡུ་བར་གྱིས།  སྟོན་པ་གནས་འཁོར་དུས་དང་བོན།  ཕུན་སུམ་ཚོགས་པ་ལྔས་ཤོད་ཅིག ཅེས་གསུང་པ་ལྟར། གསུང་གི་བསྟན་པའི་འདུལ་དཔོན་ཆེན་མོ་གདུང་སོབ་མུ་ཆོ་ལྡེམ་དྲུག་གཙོས་པའི་བསྡུ་འཁོར་བཅུ་གསུམ་གྱིས་རྒྱལ་བའི་བཀའ་ཐམས་ཅད།  ཕུན་སུམ་ཚོགས་པ་མདོ་ཡི་སྡེ་དང་།   རྣམ་དག་རྒྱས་པ་འབུམ་གྱི་སྡེ་དང་།  ཟབ་ལམ་གསང་སྔགས་རྒྱུད་ཀྱི་སྡེ་དང་།  བླ་མེད་སེམས་ཕྱོགས་མཛོད་ཀྱི་སྡེ་དང་བཞིར་ཕྱེས་ཤིང་། རྟག་གཟིགས་འོལ་མོ་རིང་གི གླིང་ཆེན་བཅུ་གཉིས་ཀྱི་ནང་ཚན་ཤར་ཕྱོགས་གཡུང་དྲུང་བཀོད་པའི་གླིང་དུ་༼སྤྱི་ལོའི་སྔོན་མི་ལོ་༣༩༠༠ལོར་༽བཀའ་བསྡུའི་མཇུག་རྫོགས་པ་ནས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཡོངས་སུ་གྲུབ་པའོ།།

   གསུམ་པ་ནི།༽ མདོ་ལས། སྟོན་པའི་སྒྲོན་མར་མུ་ཆོ་ལྡེམ་དྲུག་སོང་།  གསུང་རབ་བཀའ་རྒྱུད་ཤོད་ལ་འགྲོ་བ་ཐར་པར་དྲོངས། ཞེས་དང་། ང་དང་མཉམ་པའི་རྩལ་ཤུགས་ཁྱོད་ལ་ཡོད། ཅེས་ལུང་གིས་མངགས་པ་ལྟར་ གདུང་ཚོབ་མུ་ཆོ་ལྡེམ་དྲུག་གིས་རྒྱལ་བའི་བཀའ་རིན་པོ་ཆེར་ཐོས་བསམ་སྒོམ་སྒྲུབ་དང་། འཆད་རྩོད་རྩོམ་གསུམ་གྱིས་སློབ་ཚོགས་ལེགས་པར་བསྐྱངས་པའི་ནང་ནས་མཆོག་ཏུ་གྱུར་པ་རྫུ་འཕྲུལ་གྱི་ཞབས་དང་ལྡན་པའི་ལོ་ཙྭ་བ་ཆེན་པོ་རྟག་གཟིགས་ཀྱི་མཁས་པ་དམུ་ཚ་ཏྲ་ཧེ་དང་།  ཞང་ཞུང་ལ་ཁྲི་ཐོག་སྤར་ཙ།  སུམ་པ་ལ་འགུ་ཧུ་ལུ་སྤར་ཡ། རྒྱ་གར་ལ་ལྷ་བདག་སྔགས་གྲོལ།  རྒྱ་ནག་ལ་ལེགས་ཏང་རྨང་པོ། ཁྲོམ་ལ་གསེར་ཐོག་ལྕེ་འབྱམས་བཅས་འཛམ་གླིང་མཁས་པའི་རྒྱན་དྲུག་བྱུང་ཞིང་རྒྱལ་བའི་བཀའ་རིན་པོ་ཆེ་རང་རང་གི་ཡུལ་དུ་དྲངས་ཏེ་སོ་སོའི་རང་སྐད་དུ་བསྒྱུར་ནས་རྟག་གཟིགས་དང་།  ཞང་ཞུང་།  རྒྱ་དཀར་ནག  ཕྲོམ་གེ་སར་སོགས་འཛམ་གླིང་དུ་རྒྱལ་བའི་བསྟན་པ་རིན་པོ་ཆེ་ནམ་ལངས་པ་ལྟ་བུའི་མཛད་པ་མངོན་པར་འཕགས་པ་འགྲོ་བའི་བསོད་ནམས་ཀྱི་དཔལ་དུ་ཤར་བ་དག་གོ  གཞང་ཡང་། བསྟན་པ་གཉེར་གཏད་ཀྱི་མདོ་ལས།  ནམ་མཁའ་སྣང་བ་མདོག་ཅན་ཁྱོད།  དེ་དུས་དེ་དང་དུས་མཉམ་དུ།  ཁ་བ་ཅན་གྱི་བོད་ཡུལ་དུ།  ལྷ་རི་གྱང་དོ་བྱ་བ་རུ།   ཁྲི་བདུན་བར་ལ་བདུན་ཚིག་དང་།   རྒྱལ་གཤེན་བསྟན་པ་མཉམ་ཆགས་མཛོད། ཅེས་གསུངས་པ་ལྟར།  གཤེན་ནམ་མཁའ་སྣང་བ་མདོག་ཅན་དང་། རྒྱལ་པོ་གཉའ་ཁྲི་ཡབ་སྲས་གཙོས་གནམ་གྱི་ཁྲི་བདུན་དང་། ཞང་ཞུང་ནས་གདན་དྲངས་པའི་མཁས་པ་བརྒྱ་རྩ་བརྒྱད། སྨད་ཀྱི་མཁས་པ་མི་བཞི་བཅས་རྒྱལ་གཤེན་དེ་རྣམས་ནུས་སྟོབས་གཅིག་ཏུ་སྒྲིལ་ཏེ་རྒྱལ་བའི་བཀའ་རིན་པོ་ཆེ་ཞང་སྐད་ལས་བོད་སྐད་དུ་བསྒྱུར་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བོད་གངས་ཅན་གྱི་ཞིང་དུ་དར་བར་མཛད་པ་ནས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་བོད་ལ་བྱུང་བ་ནི་སྔ་དར་དང་།     

   གཉིས་པ་གྲི་གུམ་དང་ཁྲི་སྲོང་བོད་རྒྱལ་སྔ་རྗེས་གཉིས་ཀྱིས་བོན་བསྟན་བསྣུབས་ཀྱང་།   ༼སྤྱི་ལོའི་སྔོན་༦༨༣་ལོར་༽ གྲི་གུམ་གྱི་སྐབས་སུ་མཁས་པ་མི་བཞི་གཙོས་པའི་ཞང་བོད་མཁས་གྲུབ་སེང་ཁྱུ་འཁྲུག་པ་ལྟ་བུས་རྒྱལ་བའི་བཀའ་རིན་པོ་ཆེ་ཟབ་གཏེར་སུམ་བརྒྱ་དྲུག་ཅུ་ཕྱེས་ཤིང་གཏེར་དུ་སྦས། ཕྱིས་སུ་༼སྤྱི་ལོ་༩༡༣་ལོར་༽ཟབ་མོ་གཏེར་གྱི་དབུ་བརྙེས་པ་ནས་རིམ་བཞིན་ལྷོ་བྱང་དབུས་གསུམ་སོགས་ནས་ཨ་ཙ་ར་དང་གཤེན་གྱེར་རྨ་དབྱིལ་སོགས་གཏེར་དང་སྙན་རྒྱུད་ཀྱི་སྒོ་ནས་གཏན་ལ་ཕབས་པའི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་རིག་གསར་གོང་དུ་ལག་བྲིས་དང་ཤིང་པར་ཟངས་པར་སོགས་བཞེངས་སྒྲུབ་བྱས་ཏེ་དར་བ་ནི་བོད་ལ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་བར་དར་དང་།   རིག་གསར་ནང་བོར་བརླག་ཆུད་གཟོན་མ་སོང་བའི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་འདི་ནི་ཧོར་བློན་ག་རྒྱ་ཚང་ནས་གཏེར་སྟོན་གསང་སྔགས་གླིང་པར་ཕུལ་བའི་ཉག་རོང་དབལ་ཁྱུང་དགོན་དུ་བཞུགས་པའི་བཀའ་འགྱུར་རིན་པོ་ཆེ་འདི་ཉིད་གཅིག་པུ་ཡིན་སྟབས་དེ་ཉིད་པར་སྐྲུན་བྱས་པའི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་བོད་ཡུལ་སྟོད་སྨད་བར་གསུམ་གཙོས་འཛམ་གླིང་ཡུལ་གྲུ་ཀུན་ལ་ཁྱབ་པར་དར་བ་ནི་བོད་ལ་མཚོན་ན་ཕྱི་དར་ཞེས་བརྗོད་ན་མི་འགྲིག་པ་མེད་དམ་སྙམ་པ་བཅས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་བྱུང་རབས་རགས་བསྡུས་སུ་བཀོད་པའོ།  

   གཉིས་པ་ཀློག་འདོན་གྱི་ཕན་ཡོན་ནི། ལྷར་བཅས་འགྲོ་བའི་གཙུག་རྒྱན་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་འགྲོ་བ་འདུལ་བའི་ཐབས་སུ་དཔེའུ་རྩེ་གསུམ་མམ་སྐུ་གསུང་ཐུགས་ཀྱི་མཛད་པ་གསུམ་དུ་བསྟན་པའི། འོ་སྐོལ་འགྲོ་བ་ལྷ་དང་བཅས་པ་གསུང་གི་བསྟན་པའི་གདུལ་ཞིང་དུ་གྱུར་བ་དག་གསུང་རབ་ཀློག་འདོན་གྱི་ཕན་ཡོན་ཚེ་ནོར་ལོངས་སྤྱོད་འཕེལ་བ་དང་།  ནད་མུག་མཚོན་གསུམ་གྱི་བར་ཆད་ཞི་བ་དང་།  མཐར་ཐུག་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྒྲོལ་བའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་པ་དམིགས་སུ་བཀར་ནས་གསུང་རབ་ཁག་ནས་ཟབ་རྒྱས་སུ་བསྟན་པ་དེ་དག་ཐམས་ཅད་འགོད་ཐབས་བྲལ་བས།   དཔེ་མཚོན་དུ་འདི་ལྟ་སྟེ།   གསེར་འོད་ནོར་བུ་འོད་འབར་ལས།  གང་ཞིག་འདི་ལ་ཀློག་པ་རྣམས།  ལོངས་སྤྱོད་ཕུན་སུམ་ཚོགས་ནས་སུ།  འཁོར་ལོ་བསྒྱུར་བའི་རྒྱལ་པོ་སྐྱེ།  ཉི་ཟླ་གཟའ་ཡིས་ཟིན་དུས་ཀློག་གྱུར་ན།  དེ་ཕྱིར་བར་ཆོད་རྐྱེན་རྣམས་ཞི།  ས་འགུལ་འབྱུང་དུས་ཀློག་གྱུར་ན།  འགལ་རྐྱེན་བར་ཆོད་ཀུན་ཞི་ནས།  ཚེ་ནོར་ལོངས་སྤྱོད་འཕེལ་བ་དང་།   ནད་ཡམས་བཟློག་ཕྱིར་ཀློག་གྱུར་ན།   ནད་མུག་མཚོན་གསུམ་ཞི་བ་དང་།   དུས་བཟང་རྟག་ཏུ་ཀློག་གྱུར་ན།  བར་ཆོད་རྐྱེན་རྣམས་ཀུན་ཞི་ནས།   ཚེ་ནོར་བསོད་ནམས་ལོངས་སྤྱོད་རྒྱས།  རྟག་ཏུ་མ་བརྗེད་ཀློག་གྱུར་ན།  མ་རིག་ཉོན་མོངས་དུག་ལྔ་འཇོམས།   ཡེ་ཤེས་ཆེན་པོ་ལྔ་དང་ལྡན།  ཞེས་དང་།    མདོ་ཕྲན་ལས།  ལེགས་འབྱོར་བཀྲ་ཤིས་འཕྲུལ་གྱི་ཡི་གེ་ནི།  རྣམ་གྲངས་མི་འགྱུར་དོན་རྣམས་ཀུན་སྟོན་བྱེད།  བྲིས་ལེགས་མདངས་ལྡན་ནོར་བུའི་ཕྲེང་པ་བཀོད།  བཀླགས་པས་ཁོང་ནས་སྣ་ཚོགས་དོན་སྟོན་པ།    ཡ་རབས་ཐབས་བསྟོད་གྲལ་གྱི་འགོ་འདྲེན་ཞིང་།  མ་རབས་སྐྱབས་བརྟེན་ཐབས་ཀྱི་ཕ་མ་སྟེ།  ལྷ་མི་ཀུན་ཀྱང་ངན་སོང་ཕྱགས་མས་འདེབས།  ཞེས་དང་།  བྱམས་འབུམ་ལས།  དད་པས་ངག་ཏུ་འདོན་པ་ནི།   ཕས་ཀྱི་རྐྱེན་རྣམས་བཟློག་པ་དང་།   ཞེས་དང་།   ཡན་ལག་བརྒྱད་པའི་མདོ་ལས།  ཀློག་དང་འཆང་བ་ལ་སོགས་སུས་བྱས་ན།  འདི་དང་ཕ་རོལ་གཉིས་ཀ་དགོས་པའི་དོན།  འགྲུབ་པར་འགྱུར་བ་འདི་ལ་ཐེ་ཚོམ་མེད།  ཅེས་གསུང་པ་ལྟར་གསུང་རབ་ཀློག་འདོན་གྱི་ཕན་ཡོན་སངས་རྒྱས་ཀྱིས་ལུང་དུ་བསྟན་པ་དེ་དག་གི་དོན་ཤེས་པར་གནང་སྟེ།  སྤོས་མེ་ཕྱག་མཆོད་ལ་སོགས་མཆོད་པ་ཅི་འབྱོར་བཤམས།  སངས་རྒྱས་དངོས་སུ་བཞུགས་ནས་བོན་གསུང་པའི་འདུ་ཤེས་བསྐྱེད་དེ།  སྔོན་འགྲོ་དངོས་གཞི་རྗེས་བྱ་གསུམ་ཚང་གི་སྒོ་ནས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་གློག་རྡུལ་སྒྲ་སྒམ་ནང་ནས་ཀློག་འདོན་བགྱིས་པའི་དགེ་བས་གསོན་གཤིན་གང་ལ་དམིགས་པའི་དོན་རྣམས་འགྲུབ་པའི་ཕན་ཡོན་རྒྱ་ཆེར་འབྱུང་བ་གོང་དུ་དྲངས་པའི་ལུང་དེ་དག་གིས་གསལ་ཤེས་ཐུབ་པ་ཡིན་ནོ།།སྙིགས་དུས་འགྲོ་བའི་སྐྱབས་གནས་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་རྣམ་འདྲེན་བརྒྱད་པ་༧རྒྱལ་བ་གཤེན་རབ་མི་བོ་མཆོག་གི་ཐུགས་བཅུད་སྲིད་གསུམ་འགྲོ་བའི་མཆོད་སྡོང་ཆེན་མོ་༧སངས་རྒྱས་གཡུང་དྲུང་བོན་གྱི་༧རྒྱལ་བའི་བཀའ་འགྱུར་རོ་ཅོག་ཕྱོགས་གཅིག་ཏུ་སྒྲིགས་པའི་གདམས་ངག་གི་ཚོམ་ཆེན་མོ་འདི་ཉིད་འཛམ་གླིང་ས་ཡི་ཡང་རྩེ་ཞང་ཞུང་ཕུག་པ་སྨར་གྱེར་རྟག་གཟིགས་འོལ་མོ་ལུང་རིང་དུ་སྤྱི་ལོའི་སྔོན་མི་ལོ་༡༣༥༡༦དབུ་བརྙེས་ནས་ཞང་བོད་ཀྱི་ཆོས་དང་རིག་གཞུང་གི་ཕ་ས་ཆེན་པོ་གྱུར་ཏེ།   འཛམ་གླིང་མཁས་པའི་རྒྱན་དྲུག འཇའ་ལུས་ཉེར་བཞི་དང་།  གྲུབ་ཆེན་བརྒྱད་ཅུ།  བོན་གཤེན་ཞེ་གཉིས། མཐུ་ཆེན་མི་དགུ  གཤེན་གྱེར་རྨ་དབྱིལ།  བྲུ་ཞུ་སྤ་རྨེའུ་སོགས་བསྟན་དང་འགྲོ་བའི་སྐྱབས་གནས།  ས་ཡི་བརྡུལ་གྲངས་དང་མཉམ་པའི་མཁས་གྲུབ་ཀྱི་ཁྱུ་ཚང་ཡོངས་སུ་བརྡོལ་བ་འདི་དག རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ལ་བརྟེན་ནས་བྱོན་པའི་བྱིན་བརླབས་ཀྱི་གྲོད་རླངས་མ་ཡལ་བའི་ཟབ་གདམས་ཁྱད་པར་ཅན་འདི་ཁོ་ནའོ།

གཡུང་དྲུང་བོན་གྱི་རྒྱལ་བའི་བཀའ་རིན་པོ་ཆེ་སྒྲ་འཇུག་གནང་སྐབས་ཀློག་པ་པོ་ཡིག་རམས་པ་གཉིས་ཀྱི་ངོ་སྤྲོད་མདོར་བསྡུས།
1547991007937705.jpg

   ཡིག་རམས་པ་ཨ་ངག་གམ་གྲྭ་བསྟན་འཛིན་རྣམ་རྒྱལ་ནི། སྤྱི་ལོ་༡༩༧༡ལོར་གཉན་རོང་རྫོང་སྟར་རྫོང་ཤང་བྲག་དཀར་གྲོང་ཚོར།  ཕ་གཙང་ཚ་བཟོད་པ་དང་མ་ཚ་བཟའ་ཨ་ལྕམ་གཉིས་ཀྱི་སྲས་སུ་འཁྲུངས།     རང་ལོ་དྲུག་ལ་སླེབས་སྐབས་ཕ་ཚེ་ལས་འདས་པས་མ་རྒན་གཅིག་པུས་སྙོར་སྐྱོང་བྱས་དགོས་བྱུང་། ཁོང་མ་བུ་རྣམས་འཚོ་བའི་དཀའ་ངལ་ཧ་ཅང་ཆེ་སྟབས་ཁོང་གི་ཨ་ཁུས་རང་ཁྱིམ་དུ་བསུས་ནས་ཡི་གེ་འབྲི་ཀློག་གང་ལེགས་བསླབ་པས་གཞན་དང་མི་འདྲ་བའི་བོན་ཆུང་འདོན་བཟང་ཞིག་ཏུ་གྱུར།  དེ་རྗེས་ལོ་༡༥ལོན་སྐབས་བོན་གྱི་གདན་ས་ཆེན་པོ་གཙང་སྨན་རི་དགོན་དུ་ཚ་རོང་བ་དགེན་གཡུང་དྲུང་གི་སྐུ་མདུན་དུ་རབ་ཏུ་བྱུང་སྟེ་སྐུ་ཞབས་རིན་པོ་ཆེ་ཀུན་གསལ་བློ་གྲོས་ཀྱི་མདུན་ནས་སྔོན་འགྲོ་ཟབ་རྒྱས་ཞུས་ཏེ་བསགས་སྦྱང་མཐར་ཕྱིན་པར་བྱས། དེ་ནས་ཤར་རུ་དགོན་གྱི་འདུས་སྡེར་ཞུགས་ནས་དེར་རྒྱུན་བཞུགས་བྱེད་བཞིན་མཆིས། ༢༠༡༤ཤིང་རྟ་ལོར་རྐོང་པོ་བོན་རི་ལ་བསྐོར་བརྒྱ་བསགས།    སྔ་རྗེས་སུ་ཁོང་གི་གསུང་རབ་ཇི་སྙེད་ཅིག་སྒྲ་འཇུག་གནང་པས་ཡིག་རམས་པའི་སྙན་པ་བོན་ཕྱོགས་ཀུན་ཏུ་གྲགས་པར་བརྟེན་སྤྱི་ལོ་༢༠༡༥ལོར་གཙང་རུ་ལག་གཡུང་དྲུང་གླིང་གི་མཁན་ཆེན་ཁྲི་རབས་བཅུ་གཅིག་པ་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེའི་སྐུ་མདུན་ནས་བཀའ་འགྱུར་གྱི་ལུང་ཆ་ཚང་ཞུས།   ལོ་དེར་སྐྱབས་རྗེ་མཁན་ཆེན་མཆོག་གི་བཀའ་དགོངས་བཞིན་རྒྱལ་བའི་བཀའ་འགྱུར་ཆེན་མོ་སྒྲ་འཇུག་གནང་སྐབས་པོད་གྲངས་བཅུ་ཕྲག་མང་པོ་སྒྲ་གསལ་འདོན་མགྱོགས་གྱི་ཁྱད་བོན་ལྡན་པའི་ཀློག་པ་པོའི་ཐུགས་འགན་བཞེས།

1547991007420893.jpg 

    ཡིག་རམས་པ་ཚེ་ཐར་དགེ་ལེགས་ནི། སྤྱི་ལོ་༡༩༨༥ལོར་གཉན་རོང་རྫོང་སེ་ཆེན་ཤང་གནང་ཆེན་གྲོང་ཚོར།  ཕ་ཁམས་པ་རྒྱལ་པོ་དང་མ་སོག་བཟའ་གཡུ་མཚོ་གཉིས་ཀྱི་སྲས་སུ་འཁྲུངས་ལོ་དྲུག་གི་ཐོག་ནས་སྲིང་མོ་རྣམ་སྒྲོལ་གྱིས་ཡི་གེ་བསླབ་པས་སྔོན་ལས་བཟང་པོ་ཞིག་གིས་མཐུ་ལས་མྱུར་དུ་ཚེགས་མེད་ཤེས་ཞིང་རིམ་བཞིན་བརྩོན་པ་ཆེར་སྐྱེད་བྱས་པས་ཡི་གེ་འབྲི་ཀློག་དང་འདོན་དབྱངས་སོགས་ལ་ཕུལ་དུ་ཕྱིན་པ་ཞིག་ཏུ་གྱུར།  དེ་རྗེས་རྐོང་པོ་བོན་རི་ལ་བསྐོར་བརྒྱ་བསགས།    ༢༠༡༥ལོར་གྲྭ་ས་འོག་མ་རུ་ལག་གཡུང་དྲུང་གླིང་གི་མཁན་རབས་བཅུ་གཅིག་པ་སྐྱབས་རྗེ་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེའི་སྐུ་མདུན་ནས་ཕྱག་ཁྲིད་དང་བཀའ་འགྱུར་གྱི་ལུང་ཆ་ཚང་ཞུས།   ལོ་དེར་སྐྱབས་རྗེ་མཁན་རིན་པོ་ཆེའི་བཀའ་དགོངས་ལྟར་རྒྱལ་བའི་བཀའ་འགྱུར་ཆེན་མོ་སྒྲ་འཇུག་གནང་སྐབས་པོད་གྲངས་བཅུ་ཕྲག་མང་པོ་སྒྲ་གསལ་འདོན་མགྱོགས་ཀྱི་ཁྱད་བོན་ལྡན་པའི་ཀློག་པ་པོའི་ཐུགས་འགན་བཞེས།

༄༅། །གཡུང་དྲུང་བོན་གྱི་སྐྱབས་འབངས་སུ་གཏོགས་པའི་

གཡུང་དྲུང་སྤུན་གྲོགས་རྣམས་ལ་ཆེད་ཞུ།

ད་ལམ་ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་ ༧ གཡུང་དྲུང་གླིང་གི་ཁྲི་འཛིན་མཁན་རིན་པོ་ཆེ་མཆོག་གིས་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་རྟེན་དོན་མཚོན་པའི་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོའི་དཔེའུ་ཙེའི་སྒྲ་སྒམ་ལེགས་འགྲུབ་བྱུང་བས་རྒྱ་ཆེའི་འཛད་སྤྱོད་ཐུགས་འདུན་ཡོད་རིགས་རྣམས་ལ་སྔོན་མངག་གི་ཚུལ་དུ་བརྡ་སྦྱོར་འཕྲིན་བཟང་འདི་ཉིད་སྙན་སྒྲོན་དུ་ཞུ་གསོལ།

 ༧ བསྐལ་ཆེན་འགྲོ་བ་འདུལ་བའི་སྟོན་པ་རྣམ་མཁྱེན་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བའི་ཐུགས་བཅུད་སྲིད་གསུམ་འགྲོ་བའི་མཆོད་སྡོང་ཆེན་མོ་སངས་རྒྱས་གཡུང་དྲུང་བོན་གྱི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་འདི་ཉིད་གཡུང་དྲུང་བོན་གྱི་བསྟན་པའི་གཙོ་འཛིན་བླ་ཆེན་དམ་པ་དུ་མས་འདོན་པའི་དབུ་འཛུགས་ཀྱི་བྱིན་རླབས་མཛད་པ་དང་། གྲགས་ཅན་གྱི་ཀློག་འདོན་པའམ་ཡིག་རམས་པ་གྲྭ་ཨ་ངག་བསྟན་འཛིན་རྣམ་རྒྱལ་དང་།  ཚེ་ཐར་དགེ་ལེགས་རྣམ་གཉིས་ཀྱིས་སྒྲ་དག་ཚིག་གསལ་དུ་དཀྱུས་བཞིན་ཀློག་འདོན་གནང་བ་ལྟར་མ་འཁྲུགས་པར་སྒྲར་ཕབས་ཤིང་ལོ་མང་རིང་དག་བཤེར་ཐེངས་མང་བགྱིས་པ་མ་ཟད་འཕྲུལ་ཆས་ཀྱི་མ་ལག་དང་བཟོ་སྐྲུན་སོགས་ཀྱི་ཐད་ནས་སྤུས་ཚད་ལེགས་ཤིང་བཀོལ་བདེ་བར་བཟོས་ཡོད།   སྒྲར་ཕབས་པའི་འཕྲུལ་ཆས་དེ་ནི་རྟེན་གསུམ་འདུས་པའི་བདག་ཉིད་ཅན་ཡིན་ཏེ་སྐུ་རྟེན་ནི་སྟོན་པ་ལོངས་སྤྱོད་རྫོགས་སྐུ། སྐུ་བརྙན་དང་། གསུང་རྟེན་ནི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ལྗགས་ཀློག་གི་སྒྲ་དང་།    ཐུགས་རྟེན་ནི་གཡུང་དྲུང་ཡོངས་སུ་རྫོགས་པའི་མཆོད་རྟེན་སྤུས་ལེགས་གཟུངས་གཞུག་འབུལ་ཆོག་པ་བཅས་ཡིན།  འཕྲུལ་ཆས་དེ་ནི་རིམ་ཁག་སྲིད་གཞུང་ནས་ཁྲིམས་མཐུན་གྱི་ཁས་ལེན་ཐོབ་པའི་ཚད་ལྡན་གྱི་མཚོན་རྟགས་ཅན་དག་བཞེངས་བྱས་ཏེ་དད་ལྡན་ཡོངས་ཀྱི་ཐུགས་འདོད་སྐོང་ཐུབ་ངེས་བྱུང་ཡོད།  དེ་ཡང་རྣམ་མཁྱེན་ཡང་དག་པར་རྫོགས་པའི་སངས་རྒྱས་༧ སྟོན་པ་ལོངས་སྤྱོད་རྫོགས་སྐུ། སྐུ་གསུང་ཐུགས་ཀྱི་རྟེན་མཆོག་ཁྱད་འཕགས་འདི་ཉིད་གཡུང་དྲུང་བོན་གྱི་གདན་ས་ཆེན་པོ་རུ་ལག་གཡུང་དྲུང་གླིང་གི་མཁན་རབས་བཅུ་གཅིག་པ་༧སྐྱབས་རྗེ་ཚུལ་ཁྲིམས་བསྟན་འཛིན་དབང་གི་རྒྱལ་པོ་རིན་པོ་ཆེ་མཆོག་གིས་ཐུགས་འགན་གཙོར་བཞེས་གནང་སྟེ་སྤྱིར་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་མཛེས་རྒྱན་དང་།   སྒོས་དད་ལྡན་སྐྱེ་འགྲོ་ཡོངས་ཀྱི་བསོད་ནམས་བསགས་པའི་ཆེད་དུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཆུ་རྒྱུན་སྐབས་མེད་ཀློག་པའི་ཐབས་མཆོག་བླ་ན་མེད་པར་དམིགས་ཏེ།   ཞྭ་དཀར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་རུ་ལག་གཡུང་དྲུང་གླིང་གིས་འགྲེམ་སྤེལ་ཞུ་རྒྱུ་ཡིན་པས་ཐུགས་འདོད་ཡོད་པའི་རྒྱ་ཆེའི་དད་འབངས་རྣམས་ཀྱིས་འབྲེལ་གཏུག་གནང་ཡུལ་གཤམ་གསལ་ལྟར་ཡིན་པས་དེ་ལུགས་ཐུགས་ལ་འཇགས་པར་ཞུ་ཞུ།

ནག་ཆུ་ས་ཁུལ། ཚུལ་ཁྲིམས་ཡེ་ཤེས།   13398067400  15889025999 སྦྱིན་པ་མཐའ་ཡས།    13549042333 ཤེས་རབ་དགེ་ལེགས།    15889067798

སྦྲ་ཆེན་རྫོང་།    ལྷག་པ།      18798970588  དྲི་མེད་རྣམ་དག     13989066777

ལྷ་ས་གྲོང་ཁྱེར། ནོར་བུ་ཚེ་རིང་།     13638963678

ཁྱུང་པོ་སྟེང་ཆེན།  སྤུ་རི་ཚེ་དབང་བསྟན་རྒྱལ།   13659559888 བཀྲ་ཤིས་ཚེ་རིང་།    13889059853

ཨ་མདོ་ཁོག ཨ་དཔལ་བཟང་།    13909043403   

རྒྱལ་སྤྱིའི་ཚད་ལྡན་དཔེ་དེབ་ཨང་རྟགས། ISBN978-7-900508-96-6

ཞེས་བཀྲ་ཤིས་བདེ་ལེགས་ཀྱི་མཚམས་སྦྱར་བཅས་གཙོ་སྐྱོང་པ་ཚུལ་ཁྲིམས་ཡེ་ཤེས་ཀྱིས་སྤེལ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།