སྐྱབས་རྗེ་གཤེན་སྲས་རིན་པོ་ཆེ་མཆོག་གིས་བཀའ་འགྱུར་སྒྲིག་ཞུའི་བྱ་བར་རྟོག་ཞིབ་གནང་།
[ཟླ་ཚེས། 2018-12-28 15:48:18][རྩོམ་པ་པོ། མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
སྐྱབས་རྗེ་རྒྱལ་བ་གཤེན་སྲས་རིན་པོ་ཆེ་མཆོག་གིས་བཀའ་འགྱུར་སྒྲིག་ཞུའི་བྱ་བར་རྟོག་ཞིབ་གནང་།
༢༠༡༨ ལོའི་ཟླ་ ༡༢ པའི་ཚེས་ ༢༦ ཉིན། དམུ་རིགས་གཤེན་གྱི་གདུང་འཛིན་བདག་ཉིད་ཆེན་པོ ༧ སྐྱབས་རྗེ་རྒྱལ་བ་གཤེན་སྲས་རིན་པོ་ཆེ་མཆོག་ཉིད་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་དུ་ཆེད་ཕེབས་གནང་སྟེ། རྒྱལ་ཁབ་རིམ་པའི་པར་སྐྲུན་ལས་གཞི་གཙོ་གནད་ཀྱི་གྲས་སུ་ཚུད་པའི་ལས་གཞི། ཨང་རྟགས་2018H-008ཅན་གྱི་ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོར་སྒྲིག་ཞུ་བྱེད་པའི་ལས་ཀའི་སྐོར་ལ་གཟིགས་ཞིབ་གནང་།
ཐེངས་འདིར་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་དང་། དྲུང་ཆེ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས། དྲུང་ཡིན་ཆེན་མོ་གཞོན་པ་རིན་སྤུངས་ཚུལ་བསྟན། བཀའ་འགྱུར་སྒྲིག་ཞུ་བ་དགེ་བཤེས་འཇམ་དབྱངས་བརྩོན་འགྲུས། མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་གི་སྒྲུབ་ཁང་ཨ་མཆོད་གཡུང་དྲུང་རྣམ་རྒྱལ་བཅས་ཀྱིས། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ངོས་ནས། བཀའ་འགྱུར་མ་དཔེ་སྒྲིག་ཞུ་གཏན་འབེབས་རྩོམ་སྒྲིག་ཚོགས་པ་དང་། དགེ་བའི་བཤེས་གཉེན་རྣམ་པས་དཔེ་བསྡུར་སྒྲིག་ཞུ་བྱས་པའི་བརྒྱུད་རིམ་སྟེ། རྒྱལ་བའི་བཀའ་རིན་པོ་ཆེའི་མ་ཕྱི་གཏན་འབེབས་བྱ་བ་དང་། རྒྱལ་བའི་བཀའ་རིན་པོ་ཆེའི་མ་དཔེ་དང་བུ་དཔེ་ཐོད་གཏུག་གི་བྱེད་ཕྱོགས། རྒྱལ་བའི་བཀའ་རིན་པོ་ཆེའི་པར་གཞི་མི་འདྲ་བར་གཤིབ་བསྡུར་བྱས་ཏེ་ཡིག་ནོར་ཐག་ཆོད་པ་རྣམས་བཅོས་ཤིང་། ཐེ་ཚོམ་ཅན་རྣམས་ལ་བསྡུར་མཆན་འགོད་པའི་བྱ་བ། ལྷག་པར་དུ་རྒྱལ་བའི་བཀའ་རིན་པོ་ཆེའི་དཔེ་རྙིང་འཚོལ་བསྡུ་ཚན་ཁག་གིས་མདོ་དབུས་ཁམས་གསུམ་ནས་འཚོལ་བསྡུ་བྱས་པ་དག་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་སྒྲུབ་ཁང་ནས་ཇི་ལྟར་དཔར་སློག་བཏབས་པ་དང་། དཔར་སློག་བཏབ་ཟིན་པའི་པར་གཞི་དག་ཕྱོགས་སོ་སོར་བཞུགས་པའི་བཀའ་འགྱུར་སྒྲིག་ཞུ་བ་རྣམས་ལ་བརྒྱུད་བསྐུར་བྱས་པའི་བརྒྱུད་རིམ་སོགས་ཕྱོགས་གང་ཐད་ནས་སྙན་སེང་ཞུས་པ་རེད།
༧སྐྱབས་རྗེ་གཤེན་སྲས་རིན་པོ་ཆེས་བསྡུར་དཔེ་ཁག་ལ་གཟིགས་ཞིབ་གནང་བཞིན་པ།
༧ སྐྱབས་རྗེ་རྒྱལ་བ་གཤེན་སྲས་རིན་པོ་ཆེ་མཆོག་གིས་ཡུལ་དངོས་རྟོག་ཞིབ་ཀྱི་གནས་ཚུལ་དང་འབྲེལ་ཏེ་ཐེངས་འདིའི་སྙན་ཞུ་སོགས་ལ་ཞིབ་པར་གསན་ཞིང་། མཉམ་འབྲེལ་ལྷན་ཚོགས་ཀྱི་སྔར་སོང་ལས་ཀའི་སྐོར་ལ་ཚད་མཐོའི་གདེང་འཇོག་གནང་བ་མ་ཟད་རྗེས་ཀྱི་བྱ་བར་བཀའ་སློབ་ལམ་སྟོན་གནང་དོན། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་བཅོས་བསྒྱུར་ལས་གཞི་དང་། རྒྱལ་ཁབ་དཔེ་སྐྲུན་མ་དངུལ་རོགས་སྐྱོར་གྱི་ལས་གཞིའི་རྣམ་གྲངས་ཏེ། རྒྱལ་བའི་བཀའ་རིན་པོ་ཆེ་པར་སྐྲུན་གྱི་ལས་གཞི་འདི་ཉིད་གཟི་བརྗིད་ལྡན་པའི་ངང་ལེགས་འགྲུབ་ཡོངས་ཐུབ་མིན་ནི་གཙོ་བོ་སྒྲིག་ཞུའི་བྱ་བ་གནང་མཁན་གྱི་དགེ་བཤེས་རྣམ་པར་རག་ལས་ཡོད་པས།
ང་ཚོ་ཚང་མས་ཕྱོགས་སོ་སོ་ནས་དཀའ་བ་དང་དུ་བླངས་ཏེ་གཟབ་ནན་ངང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དུས་ཚོད་གཏན་འཁེལ་ཐག་བཅད་ལྟར། ༢༠༡༩ ལོའི་ལོ་མཇུག་ཏུ་སྒྲིག་ཞུའི་ལས་ཀ་ཡོངས་སུ་འགྲུབ་ཐུབ་པར་བྱ་རྒྱུ་དང་། ༢༠༢༠ ལོར་པར་སྐྲུན་འགྲེམ་སྤེལ་ལེགས་འགྲུབ་ཡོང་དགོས་པའི་ཐད་ཀྱི་དགོངས་ཚུལ་ནན་གྱིས་བསྟན།
༧སྐྱབས་རྗེ་གཤེན་སྲས་རིན་པོ་ཆེ་མཆོག་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྲུབ་ཁང་དུ་ཕེབས་ཏེ་ཐུགས་སྨོན་དང་རབ་གནས་གནང་བ།
༧ སྐྱབས་རྗེ་མཁན་སློབ་གཤེན་གསུམ་སྤྱི་དང་། ནང་དགོས་སུ་དམུ་རིགས་རྒྱལ་བ་གཤེན་སྲས་རིན་པོ་ཆེའི་རྒྱ་ཆེ་ཞིང་ཕུ་རིང་བའི་ཐུགས་བསྐྱེད་ཟབ་མོ་ཇི་ལྟ་བ་བཞིན་དུ། ང་ཚོས་ཀྱང་བསྐལ་བ་བརྒྱ་ལ་དུས་ཚོད་གཅིག་ཅེས་པའི་དཔེ་ལྟར་རླབས་ཆེན་གྱི་ལས་དོན་འདིར་དུས་ཚོད་དམ་འཛིན་གནང་སྟེ། རྒྱལ་ཁ་དང་གཟི་བརྗིད་ལྡན་པའི་ངང་ལེགས་འགྲུབ་ཡོང་བར་འབྲེལ་ཡོད་མི་སྣ་རྣམས་ལ་ནན་གྱིས་རེ་སྐུལ་ཞུས་པ་དང་། ཡང་ཆེད་རྒྱལ་བའི་བཀའ་རིན་པོ་ཆེའི་དཔེ་རྙིང་འཚོལ་བསྡུའི་ཁྲོད་འདུལ་འབུམ་དང་། རིན་ཆེན་གཏོར་ཟློག་གི་མདོ་སོགས་པོད་བཅུ་གཉིས་ལ་བསྡུར་གཞི་གཞན་མིག་སྔར་རྙེད་སོན་མ་བྱུང་སྟབས། བོད་ཀྱི་ཤེས་རིག་སྤྱིའི་འཛིན་སྐྱོང་ལ་དོ་སྣང་དང་ལྷག་བསམ་དག་པའི་དཔྱོད་ལྡན་ཡོངས་ཀྱིས་དེ་ལུགས་ཐུགས་འཇགས་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུས་པའོ། །
གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་ནས།
༢༠༡༨ལོའི་ཟླ་༡༢ ཚེས་ ༢༨ ཉིན།