གཤེན་གྱི་སྒྲུབ་སྡེ་གྱང་རི་རིག་འཛིན་ཐུགས་རྗེ་བྱང་ཆུབ་གླིང་གི་གསས་ཁང་བསྐྱར་བཞེངས་ལེགས་གྲུབ་བྱུང་བ།
[ཟླ་ཚེས། 2018-11-19 16:34:44][རྩོམ་པ་པོ། ཁྱུང་བཟང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
བསྐྱར་བཞེངས་མ་བྱས་སྔོན་གྱི་གྱང་རིའི་རིག་འཛིན་ཐུགས་རྗེ་བྱང་ཆུབ་གླིང་གི་གསས་ཁང་།
རྟེན་བཞེངས་སོགས་ལེགས་པར་གྲུབ་པའི་གྱང་རི་རིག་འཛིན་ཐུགས་རྗེ་བྱང་ཆུབ་གླིང་།
༧དཔལ་སྐྱང་སྟོན་རྒྱལ་བའི་དབང་པོ་མཆོག་སྤྲུལ་ཚུལ་ཁྲིམས་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་མཆོག་གིས་གསས་ཁང་སྒོ་འབྱེད་དང་མངའ་དབུལ་རབ་གནས་མཛད་བཞིན་པ།
བླ་ཆེན་པོ་དྲན་པ་ནམ་མཁའ་དང་གྱང་རིའི་གྲུབ་ཆེན་ཐུགས་རྗེ་དབང་འབུམ་ཞབས།
གྱང་རིའི་གསས་ཁང་ལེགས་འགྲུབ་དང་འབྲེལ་བའི་ཤིས་ཚིག་བདུད་རྩིའི་ཆར་བ།
འོ་ལགས་སོ།། བོན་སྐུ་ཀུན་ཏུ་བཟང་བོ། རྫོགས་སྐུ་གཤེན་ལྷ་འོད་དཀར། སྤྲུལ་སྐུ་གཤེན་རབ་མི་བོས་མཚོན་པའི་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་སྒོ་གསུམ་དྲི་མ་མེད་པའི་དབྱིངས་སུ་སྤྱན་དྲངས། དེ་ནས་བླ་ཆེན་དྲན་པ་ཡབ་སྲས། ཞང་བོད་གྲུབ་ཆེན་བརྒྱད་ཅུ། ལོ་པཎ་མཁས་ཆེན་སྡེ་དགུ། མདོ་ཁམས་ཞིག་པོ་བཅོ་བརྒྱད། རེབ་གོང་གྲུབ་ཐོབ་རྣམ་གསུམ། དྲིན་ཆེན་རྩ་བའི་བླ་མས་མཚོན་པའི། གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་མི་ཕྱེད་པའི་དད་པ་བརྟན་པོས་ཕྱག་བགྱིས། དེ་ནས་སྐུ་ཁྲོ་བོ་དབལ་གསས་རྔམ་པ། གསུང་ཁྲོ་བོ་ལྷ་རྒོད་ཐོག་པ། ཐུགས་ཁྲོ་བོ་གཙོ་མཆོག་མཁའ་འགྱིང་། ཡོན་ཏན་དབལ་ཆེན་གེ་ཁོད། འཕྲིན་ལས་ཕུར་བའི་ལྷ་ཚོགས། དབལ་བོན་སྟག་ལ་མེ་འབར། སྲུང་ཟློག་སྤུ་གྲི་དམར་ནག ཁྲོ་རྒྱལ་རགྴ་སྤྱི་འདུལ་གྱིས་མཚོན་པའི་ཡི་དམ་ཞི་ཁྲོའི་ལྷ་ཚོགས་རྣམས་དང་། བཀའ་སྐྱོང་ཡེ་ཤེས་དབལ་མོ། སྲིད་རྒྱལ་དྲེའུ་དམར་ནག སྲིང་ཅིག་སྒྲ་བླའི་རྒྱལ་མོ། དམུ་བདུད་འབྱམས་པ་ཁྲག་མགོ། བྲག་བཙན་ཨ་བསྭེ་རྒྱལ་བ། སྐྱེས་བུ་གནམ་ལྷ་དཀར་པོ། བསྟན་སྲུང་རྨ་རྒྱལ་སྤོམ་ར་སོགས་ཀྱིས་མཚོན་པའི་བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པར་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པའི་སྤྲིན་དཀྲིགས། དེ་ནས་གཟའ་སྐར་འཕྲོད་སྦྱོར་གྱི་དགེ་བའི་མཚན་མ་མངོན་པར་བཞད་པའི་བཀྲ་ཤིས་ལེགས་ཚོགས་ཀྱི་དཔལ་དང་ཡོངས་སུ་མཐུན་པར།
ད་ཐོག་མར། དཔལ་གྱང་རི་རིག་འཛིན་བྱང་ཆུབ་གླིང་འདི་དང་འབྲེལ་བའི་སྔོན་གྱི་བྱུང་བ་ཕྲན་བུ་རེ་ཞུས་ན། ད་དང་པོ་སྟོན་པ་གཤེན་རབ་མི་བོའི་སྲས་མཆོག གསུང་གི་བསྟན་པའི་དབུ་མཛད་མུ་ཆོ་ལྡེམ་དྲུག་གི་འཁོར་སློབ། འཛམ་གླིང་མཁས་པ་རྒྱན་དྲུག་གི་ནང་ཚན། ཕྲོམ་མཁས་པ་གསེར་ཐོག་ལྕེ་འབྱམས་གང་ཉིད། མདོ་སྨད་མཚོ་སྔོན་གྱི་ཕྱོགས་སུ་བྱོན་ནས། གཡུང་དྲུང་བསྟན་པའི་དབུ་འཕང་དགུང་དུ་བསྟད་ཅིང་། བཤད་དང་སྒྲུབ་པའི་འཁོར་ལོ་ཕྱོགས་མེད་དུ་བསྐོར་བ་དང་། དེ་བཞིན་དུ་ཀ་ཅུའི་གཙུག་ཕུད་རྒྱལ་བ། མཁན་ཆེན་མུ་ཟི་གསལ་བཟང་། ཕྲོམ་གཤེན་རྔམ་པ་ལྕེ་རིང་། སེ་བོན་ཀརྨ་མུ་ཕྱོ། མེ་ཉག་ནམ་ར་རྩེ་དགུ། སུམ་པ་མུ་སྤུངས་གསལ་ཏིང་། སུམ་པ་ལི་ཕྱོ་ཧ་ར། མེ་ཉག་ལྕེ་ཚ་མཁར་བུ་སོགས་རིམ་པར་བྱོན་ཏེ་བསྟན་པ་བྱང་ནས་བྱང་དུ་སྤེལ་བར་མཛད། ཁྱད་པར་དུ། བླ་ཆེན་དྲན་པ་ནམ་མཁའ་རེབ་གོང་མཐིལ་དུ་བྱོན་ཏེ། བྱང་གི་གུང་མོ་གུར་ཁང་ནས་སྒྲུབ་པ་མཛད། ཨ་བ་ངོས་བཟང་གི་དགོན་པ་བཏབ། སློབ་རྒྱུད་ཕྱོགས་སུ་མཆེད་དེ། ལྷ་རི་དཀར་པོའི་གཡོན་ཟུར་དུ་དབལ་མོ་གནས་ཀྱི་དགོན་པ་དང་། ཁྱུང་བོ་ལ་ཁ་ན་ཁྱུང་བོ་དར་ལྡིང་དགོན་པ། ཧོར་ནག་ན་གནམ་སྟེང་དགོན་པ། ཤར་སྤྱི་ཚང་མཁར་ཞོལ་ན་སྤྱི་དགོན་ཆེན་མོ། ལྷོ་ཕྱོགས་ན་དཀོན་མོ་ཉིན་དགོན་སོགས་དགོན་སྡེ་མང་བོ་དར་ཞིང་རྒྱས། སྒོས་སུ་བསྟན་པ་ཕྱི་དར་གྱི་དུས་སུ་གྲུབ་ཐོབ་རྣམ་གསུམ་དབུས་ནས་བྱོན་ཏེ། བཙན་གྱི་སྡོང་བོ་ཟན་གྱི་གཏོར་མས་བཅད། འགྲོ་བ་སེམས་ཅན་བདེ་བའི་ལམ་དུ་བཀོད། ངོ་སྤྱི་ཁྱུང་གསུམ་ནས་གདན་ས་བཟུང་། དབལ་རམ་འབུམ་གསུམ་གྱི་སྒྲུབ་པའི་རྒྱལ་མཚན་དགུང་དུ་བཙུགས། ལྷག་པར་དུ་རླངས་ཚངས་གྱང་རི་ཆེན་པོ་འདི། ཤར་དཀོན་མོ་ཉིན་དགོན་འཇིག་རྗེས་ངོ་མོའི་སྒྲུབ་སྡེ་ནས་ཆད་དེ། སྟག་ལུང་དཔལ་གྱི་རི་བོར་སྒོམ་སྒྲུབ་མཛད། དེའི་བྱང་གི་རི་ངོས་ནས་སྒྲུབ་སྡེ་བཟུང་བས་གྱང་རིར་འབོད། གྲོང་སྔགས་ཀྱི་རྣམ་པས་སྔོན་བྱོན་དམ་པའི་ཕྱག་ལེན་གྱི་རྒྱུན་བསྐྱངས། སྒྲུབ་པ་མཐར་སོན་པའི་གཤེན་པོ་མང་དུ་བྱུང་། ནང་སྒོས་སུ་སྙན་པའི་འབྲུག་སྟོང་ཕྱོགས་སུ་ལྡིར་བའི་དཔོན་གསས་ཆེན་པོ། གྱང་རི་ཐུགས་རྗེ་དབང་འབུམ་བྱོན། རྩེ་ཞིག་རབ་འབྱམས་པ་བླ་མའི་གཙོ་བོར་མཛད། སྟག་ལུང་དཔལ་གྱི་རི་བོར་བསྒོམས་པས་གྲུབ་པ་བརྙེས། མ་བདུད་བཙན་གསུམ་དང་སྒྲ་བླའི་རྒྱལ་མོ་བྲན་བཞིན་བཀོལ། རྒྱལ་བོ་བླ་མ་རིག་འཛིན་དཔལ་ལྡན་བཀྲ་ཤིས་དང་གདམས་པ་འབུལ་རེས་མཛད། ལྷ་སྲིན་སྡེ་བརྒྱད་དང་གཞི་བདག་མང་བོ་དམ་ལ་བཏགས། ར་རྒྱ་བཀྲ་ཤིས་འབྱུང་གནས་ཀྱི་གྲྭ་སྲི་བཅད། ཕྱག་སིལ་གཤང་ཆུང་དགོན་པའི་རྟེན་སྐལ་དུ་བསླངས། དེའི་བརྒྱུད་འཛིན་དུ་གྱང་རིའི་སྒྲུབ་གཤེན་མགོན་པོ་དང་། གྱང་རིའི་བསྟན་པ་དར་རྒྱས། གྱང་རིའི་དཔོན་རྒན་རྒྱ་མཚོ་ལ་སོགས་པའི་སྒྲུབ་པའི་རྒྱལ་མཚན་མཐོན་པོར་བསྒྲེངས་པའི་རིག་འཛིན་ཕྲེང་བརྒྱུད་དུ་བྱོན་པ་རྩིས་ཀྱིས་མི་ལང་ངོ་།།
དེ་ལྟར་སྔོན་བྱོན་དམ་པ་གོང་མ་རྣམས་ཀྱི་ཐུགས་རྗེའི་བྱིན་རླབས་ཀྱི་དྲོད་མ་ཡལ་བའི་སྐུ་དྲིན་དང་། ད་ལྟའི་གསང་སྔགས་རིག་འཛིན་རྣམས་ཀྱི་བླ་མའི་བཀའ་དང་མི་འགལ་བའི་ཐུགས་དམ་རྒྱུད་གཙང་གི་གཟི་དཔལ་མ་ཉམས་པའི་ཡོན་ཏན་གྱིས། སྙིགས་མའི་རང་མཚང་གང་སར་བརྡོལ་བའི་དུས་འདིར་ཡང་། རང་དོན་དུ་ཐོས་བསམ་སྒོམ་གསུམ། གཞན་དོན་དུ་འཆད་རྩོད་རྩོམ་གསུམ། ཉིན་ཀུན་ཏུ་བསྙེན་སྒྲུབ་ལས་གསུམ་ལ་འབད་འབུངས་བགྱིད་པའི། རྣམ་དཀར་འཕྲིན་ལས་ཀྱི་རྒྱུན་རྣམས་ཡར་ངོའི་ཟླ་ལྟར་གོང་ནས་གོང་དུ་འཕེལ་བཞིན་པ་དང་། ལྷག་པར་དུའང་ཉེ་བའི་ལོ་ཕྱི་ནང་འདིར། ལྷ་སྡེ་འདིའི་རྒན་མགོ་དཀར་གྱིས་དགེ་བའི་སྣེ་ཁྲིད། གཞོན་སོ་དཀར་གྱིས་ལས་ཀྱི་ཁུར་བླངས། བར་དར་མ་ཡིས་བྱ་བའི་སྲོག་བཟུང་། མདོར་ན་སྐྱེ་ཕོ་མོའི་དབྱེ་བ་མེད་པར་དཀའ་བའི་ལས་བསྒྲུབས། དཀོན་པའི་རྒྱུ་བཏང་། མཐུན་པའི་དཔུང་བ་གཅིག་ཏུ་སྦྲེལ་ཏེ། དཔལ་གྱང་རི་རིག་འཛིན་བྱང་ཆུབ་གླིང་འདིའི་བསྐྱར་བཞེངས་ཀྱི་ལས་དོན་རྒྱན་དུ་བླངས་པས། ད་ལྟ་ཀུན་གྱི་མཐོང་ལམ་ན་ལྷའི་དབང་བོ་བརྒྱ་བྱིན་གྱི་རྣམ་པར་རྒྱལ་བའི་ཁང་བཟང་ལའང་ཅོ་འདྲི་བའི་ཚུལ་གྱིས། ལྷམ་མེར། ལྷན་ནེར། ལྷང་ངེར་མངོན་པ་འདི་ལགས་ན། འདིར་རང་ཅག་རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱས་ཀྱང་། མེ་ཏོག་ཆུང་རུང་ལྷ་རྫས་དང་། གུར་གུམ་ཉུང་རུང་སྨན་རྫས་ཀྱི་དཔེ་བཞིན། གསས་ཁང་ལེགས་འགྲུབ་ཀྱི་བཀྲ་ཤིས་རྟེན་འབྲེལ་དུ་དམངས་སྒོར×××དང་། ཇ་ཁ་བཏགས་གོས་དར་དང་བཅས་པ་ལེགས་སྐྱེས་སུ་འབུལ་བའི་ཞོར་དུ། གཡང་གི་སྡེ་ཆེན་པོ་འདིར་བཀྲ་ཤིས་བདེ་ལེགས་ཀྱི་ཁ་གཡང་དྲོན་མོ་རེའང་འབོད་པར་བྱའོ།།
ཡ། ད་གཡང་གི་མི་སྡེ་ཆེན་པོ་འདིའི་རྟ་ར་གོང་མ་རྟ་གི་གང་ང་། རྟ་མགོ་མ་ཁ་དཀར་རྐྱང་ང་འདྲེས་ཨ། ནོར་ར་བར་མ་ནོར་གི་གང་ང་། ནོར་བར་མ་བྲེ་སེར་འབྲོང་ང་འདྲེས་ཨ། ལུག་ར་ཞོལ་མ་ལུག་གི་གང་ང་། ལུག་གཞུག་མ་གུག་པོ་གནའ་ལ་འདྲེས་ཨ། ད་ཕྱི་བཀྲ་ཤིས་ཉི་མ་དགུང་ནས་འཆར་ར། ནང་དོན་གྲུབ་གཡང་གི་མཚོ་མོ་འཕྱུར་ར། མྱི་རྒན་རྒོན་ནད་མེད་ལོ་བརྒྱ་ཐུབ་བ། ལོ་བརྒྱ་ཐུབ་བས་སྟོན་བརྒྱ་འཐུང་ང་། བར་དར་མའི་ཚེ་བསོད་དབང་ཐང་དར་ར། དབང་ཐང་དབྱར་གྱི་མཚོ་དང་མཉམ་མ། ཆུང་བྱིས་པའི་རིག་པའི་འདབ་ལག་རྒྱས་ཨ། ལེགས་བཤད་མ་ལུས་ཁོང་དུ་ཆུད་ལ།
ཡ། ད་འདིར་བཞུགས་ཚང་མའི་ལས་བརྒྱའི་མགོ་འཁྱོངས་ང་། དོན་བརྒྱའི་མཐའ་འགྲུབ་བ། ཆར་ཆུ་དུས་སུ་འབབ་བ། ལོ་ཕྱུགས་རྟག་ཏུ་ལེགས་ག། མི་རྒྱུད་ཆུ་ལས་རིང་ང་། ཆོས་རྒྱུད་གངས་ལས་མཐོ་ཨ། ད་ཕྱི་ན་དགྲ་མེད། ནང་ན་གྱོད་མེད། བར་ན་དོམ་མེད། མདོར་ན་གཡང་སྡེ་འདིའི་ལྟོ་གོས་གཏམ་གསུམ། སྲིད་འབྱོར་རིག་གསུམ། བསྙེན་སྒྲུབ་ལས་གསུམ། ཚེ་བསོད་དབང་ཐང་སོགས་ཡར་ངོའི་ཟླ་བ་བཞིན་དུ་འཕེལ་ཞིང་། དབྱར་གྱི་མཚོ་མོ་བཞིན་དུ་རྒྱས་ཏེ། རི་རབ་ལྷུན་པའི་གཏོས། རྨ་འབྲི་གཙང་བོའི་རྒྱུན། སྔོ་བསངས་ནམ་མཁའི་མཐའ་དང་མཉམ་པའི་བཀྲ་ཤིས་སྨོན་འདུན་ཡང་ཡང་དུ་ཞུས་པ་ལགས་སོ།།
ཞེས་སྤྱི་ལོ༢༠༡༨ལོའི་ཟླ༡པའི་ཚེས༣ཉིན་ལ་རེབ་གོང་བོན་མང་གི་དགེ་བསྐོས་ཆེན་མོ་ཀུན་ཏེ་ཡིས་ཇི་ལྟར་བསྐུལ་བ་བཞིན་དུ་ཁོང་དང་ཤ་རུས་གཅིག་པའི་མཆེད་གྲོགས་སུ་གྱུར་བ་ཁྱུང་བཟང་གིས་བྲིས་པ་དགེའོ།།