ཁྱུང་ནག་བསམ་གཏན་གླིང་དུ་སྐབས་གཉིས་པའི་ལོ་འཁོར་ཡིག་རྒྱུགས།
[ཟླ་ཚེས། 2018-10-31 16:32:08][རྩོམ་པ་པོ། ཁྱུང་བསོད་བློ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
༧ རྒྱ་ཆེ་བའི་གནམ་མཐའ་སྔོ་ཞིང་དྭངས་ལ། ཁོད་སྙོམ་པའི་ས་གཞི་ཉི་འོད་ཀྱིས་དྲོ་བའི་དེ་རིང་བཀྲིས་པའི་ཉིན་མོར། རྔམ་ཞིང་བརྗིད་ལ་གཏུམ་ཞིང་ཕྱུག་པའི་རྒྱབ་རི་དབང་ལྷ་བཙན་རྒོད་འབར་བའི་མདུན་ཞོལ་དང་། གསེར་འཕྲུའི་སེར་ཞག་འཁྱིལ་བའི་ས་ཆེན་པོ་སུམ་པ་གླང་གི་སྒལ་གཞུང་སྟེ། སྔགས་འཆང་དབལ་འབར་སྟག་སླག་སོགས་གསང་བདག་རིག་འཛིན་དུ་མའི་སྒོམ་སྒྲུབ་ཀྱི་བཅད་རྒྱ་དམ་སའི་ཁྱུང་ནག་ཕོ་བྲང་འབར་བའི་བསྟི་གནས་ཆེན་མོ། དཔལ་གཤེན་བསྟན་ཁྱུང་ནག་བསམ་གཏན་གླིང་དུ་བསྟན་དང་འགྲོ་བའི་དོན་དུ་ཆེད་འགན་བཞེས་ལ། ཐབས་དང་ཤེས་རབ་ཀྱིས་ཕྱུག་པའི་དགོན་འདི་ཡི་ཁྲི་འཛིན་མཁན་པོ་སྨན་རིའི་དགེ་བཤེས་བསམ་གཏན་དགེ་ལེགས་རིན་པོ་ཆེ་མཆོག་དང་། བཟོ་བྲིས་ལྷ་རིས་དང་། དཀྱིལ་ཐིག་རྡུལ་ཚོན་དང་། རྩིས་བརྡ་སྙན་ངག་སོགས་མཚན་མ་ཕྱི་ཡི་རིག་གནས་དང་། ཉམས་ཅན་མར་ཁུ་འདྲ་བའི་མདོ་སྔགས་སེམས་གསུམ་དང་ཐུན་མིན་ནང་གི་རིག་གནས་སོགས་གང་གི་ཕྱོགས་ལ་གནད་བརྒྱ་གཅིག་གིས་ཁྲོལ་མཁན། བུ་ཕོ་བརྒྱ་ལས་གཅིག་གོ་ཆོད་པའི་མཁས་བཙུན་བཟང་གསུམ་གྱི་མཁན་པོ་ཡེ་ཤེས་རབ་གསལ་རྣམ་པ་གཉིས། ཁྱུང་ནག་སྡེ་དགོན་ཡོངས་ཀྱི་ཕྱག་སོར་དད་པའི་སྤྱི་གཙུག་ཏུ་བཞུགས་པའི་བསོད་ནམས་ཀྱི་ཉི་མ་ནུབ་མེད་མཁའ་ནས་ཤར་བ་ཐུགས་རྗེའི་བྱིན་རླབས་ཆེ་བའི་གྲུ་ཁ་ནས། མཁན་པོ་བཟོད་པ་ཚུལ་ཁྲིམས་དང་། དགེ་བཤེས་བསོད་ནམས་བློ་གྲོས་སོགས་འདིར་བཞུགས་དགེ་རྒན་རྣམ་པས་སྟངས་འཛིན་འོག་ཏུ།
ང་ཚོ་ཁྱུང་ནག་བསམ་གཏན་གླིང་སྒོ་བཞི་མཛོད་ལྔའི་བཤད་སྒྲུབ་སློབ་གླིང་གི་སྐབས་གཉིས་པའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་སྟེ། 2018/10/31/ཞོགས་པ་/ཆུ་ཚོད/ 10-ནས་དབུ་རུ་བཟུང་སྟེ། ཐོས་བསམ་འཆད་ཉན་གྱི་སྡེ་དང་། སྒོམ་སྒྲུབ་ཉམས་ལེན་གྱི་སྡེ་གཉིས་ཀྱི་སློབ་གཉེར་བ་རྣམས། བསླབ་པ་གོ་རིམ་ལྟར་རབ་མཛེས་ངུར་སྨྲིག་སྤུད་པའི་དམར་སེར་བྱུ་རུའི་ཕྲེང་བ་བསྟར་ཏེ་གཡུ་མདོག་སྔོན་པོའི་གདན་ལ་བཞུགས་ནས། ལོ་གཅིག་གི་གཞུང་ཁྲིད་སྐབས་བབ་སྦྱོང་བྱ་དང་བསྟུན་པའི་རྒྱུགས་ཤོག་གི་དྲི་བ་ལ་གནད་ཕིག་པའི་དྲི་ལན་འབྲི་རྒྱུ་དང་། རྩ་གཞུང་དཀའ་གནད་དང་། ཁྲིད་གཞུང་ཆ་ལག་ནང་གི་མཚན་ཉིད་དབྱེ་བ་སོགས་ཡིད་ངོ་ལ་ཡོད་པའི་རྣམས་གྲངས་དུ་མ་ཤོག་ཐོག་ཏུ་ཕབ་དགོས་པའི་དྲི་ལན་ཡིག་རྒྱུགས་ལ་ཞུགས་ཏེ།
དེ་རིང་སྔ་དྲོ་ཆུ་ཚོད་10/ ནས/12/ བར་ཆུ་ཚོད་གཉིས་ཀྱི་རིང་ལ་གཞུང་ལུགས་རྒྱུགས་སྤྲོད་ལ་ཞུགས། དྲོ་གཞུང་ཆུ་ཚོད་2/ནས་/3:30/ བར་ཆུ་ཚོད་གཅིག་དང་ཕྱེད་ཀའི་རིང་ལ་བརྡ་སྤྲོད་རིག་གཞུང་གི་རྒྱུགས་སྤྲོད་སྟབས་གཅིག་ཏུ་གཉེར་བ་དང་།
མཇུག་ཏུ་མཁན་པོ་ཡེ་ཤེས་རབ་གསལ་གྱིས་ཁྱུང་ནག་དགོན་པའི་སློབ་གཉེར་བ་རྣམ་པར། སློབ་སྦྱོང་ལ་ནམ་ཡང་འབད་པ་ཞུམ་མི་རུང་བའི་དམ་བཅའ་དགོས་ཚུལ་དང་། ཕྱི་ཚུལ་འདུལ་བ་དང་མཐུན་པའི་ཀུན་སྤྱོད་ཚུལ་བཟང་དང་། ནང་ཁྲིམས་སེམས་དཔའ་ལ་འགྲན་པའི་སྡོམ་གཙང་ཉམས་ལེན་སོགས་ལ་རང་རང་སོ་སོས་ཐུགས་འགན་ཆེད་བཞེས་དགོས་ཚུལ་སོགས་གསུང་བཤད་བསླབ་བྱ་མི་ཉུང་བར་གནང་མཛད་པ་དང་། དགེ་རྒན་རྣམ་པས་ཀྱང་ལྷག་བསམ་རྣམ་པར་དག་པས་ཀུན་སློང་གིས་རྣམ་དཀར་དགེ་ཚོགས་བསགས་པའི་མཐུན་རྐྱེན་དང་། མ་འོངས་པར་སློབ་སྦྱོང་ཡར་སྐྱེད་ཀྱི་རྟིང་སྐུལ་དུ་དམིགས་ནས་གསུང་བཤད་གནང་བ་བཅས་དེ་རིང་གི་གནས་བསྡུས་སུ་སྤེལ་བའོ།།།
སྤྱི་ལོ/ ༢༠༡༨/༡༠/༣༡/ཉིན་ཁྱུང་ནག་བསམ་གཏན་གླིང་གི་གསས་ཁང་བ་རབས་ཡོངས་འདུལ་གྱི་དབུ་རྩེ་ནས་བསོད་ནམས་བློ་གྲོས་ཀྱིས་བྲིས་སོ།།