ལོ་གསུམ་རིང་གི་བྱ་བའི་ལས་དོན་གྲོས་ཚོགས་ལ་ཕུལ་བའི་སྙན་ཞུ།

[ཟླ་ཚེས། 2018-10-04 10:36:51][རྩོམ་པ་པོ། དྲུང་ཆེ་དགེ་བཤེས་བསྟན་འཛིན་འབྲུག་གྲགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

IMG_5050.JPG
གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱས་འཛོམས་ཚོགས་ཆེན་ཐེངས་གཉིས་པའི་དངོས་གཞིའི་ཚོགས་འདུའི་སྟེང་གི་ལོ་གསུམ་རིང་གི་བྱ་བའི་ལས་དོན་གྲོས་ཚོགས་ལ་ཕུལ་བའི་སྙན་ཞུ།

             གུས་ཞིང་བརྩེ་བའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ་དང་།   ཚོགས་གཙོ་ཆེན་མོ།   རྒྱུན་ལས་ཚོགས་གཞོན།   བློ་འདྲི་མི་སྣ།   ཚོགས་གཞོན།   དྲུང་ཡིག་ཚན་ཁག   རྒྱུན་ལས་ལས་འཛིན་མི་སྣ་བཅས་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་རྣམ་པ་དང་། དེ་བཞིན་ད་ལོའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱས་འཛོམས་ཚོགས་ཆེན་ཐེངས་གཉིས་པར་གདན་ཞུས་ལྟར་ཆེད་དུ་ཕེབས་པའི་མདོ་དབུས་ཁམས་གསུམ་གྱི་དགོན་པ་དང་རི་ཁྲོད་ཁག་གི་བླ་མ་དང་སྤྲུལ་སྐུ། དགེ་བཤེས་དང་མཁན་པོ། གཞན་ཡང་བཙུན་མའི་སྡེ་དང་གསང་སྔགས་རིག་པ་འཛིན་པའི་སྡེ་སོགས་གྲྭ་བཙུན་སྔགས་གསུམ་དང་རྣམ་དཀར་དད་འདུན་ཅན་གྱི་རྒྱ་ཆེའི་དད་ལྡན་མང་ཚོགས། ལྷག་པར་དུ་ལེ་དབར་ཁྲི་སྟོང་མང་པོའི་ས་ནས་ཆེད་དུ་ཕེབས་པའི་རྣམ་དཀར་དད་ལྡན་གྱི་རྒྱ་ཆེའི་དད་ལྡན་མང་ཚོགས། གཞན་ཡང་རྒྱལ་ནང་ཞིང་ཆེན་ཁག་གི་རྒྱ་རིགས་གཙོས་པའི་བོན་གྱི་སློབ་མ་གཡུང་དྲུང་སྤུན་གྲོགས་རྣམ་པ། མདོར་ན་ཐེངས་འདིའི་ཚོགས་ཞུགས་གནང་མཁན་རྣམ་པ་ཚང་མ་ལ་ཁོ་བོས་སྒོ་གསུམ་གུས་པ་ཆེན་པོའི་ཤིས་སྨོན་དང་སྦྲག  རྣམ་པ་ལྷན་རྒྱས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།  དེ་རིང་བཀྲ་ཤིས་པའི་སྐལ་བཟང་གི་ཉིན་མོ་འདིར། མདོ་སྨད་ས་ཡི་ཐིག་ལེ། བོད་ཀྱི་རིག་གནས་དང་ལོ་རྒྱུས་ཀྱིས་ཕྱུག་ཅིང་དཔའ་མཛངས་ཤེས་རིག་བཀྲ་བའི་རྔ་ལྗོངས་ཕྱུག་མོའི་ཡུལ། དཔལ་གཤེན་བསྟན་སྣང་ཞིག་རྒྱལ་བསྟན་ཕུན་ཚོག་གླིང་ལ། སྟོད་གངས་རྒྱལ་ཏི་སེ་ནས་སྨད་ཨ་མདོ་རྒྱལ་རོང་ཡར་ཚུད་པ། དེ་རིང་བསམ་བཞིན་དུ་ཕེབས་པའི་བླ་སྤྲུལ་དགེ་བའི་བཤེས་གཉེན་སྐྱེས་ཆེན་རྣམ་པ་དང་། རིས་སུ་མ་མཆིས་པའི་གྲུབ་མཐའ་ཁག་གི་བསྟན་འཛིན་གྱི་སྐྱེས་བུ་རྣམ་པ། དེ་བཞིན་དམ་ཚིག་གོང་བུ་གཅིག་འབྲེལ་གྱི་མི་རིགས་ཁག་གི་སྤུན་ཟླ་རྣམ་པ་ཚང་མ་ལས་དང་སྨོན་ལམ་ཕུན་སུམ་ཚོགས་པའི་སྒོ་ནས་དེ་རིང་འདིར་ལྷན་འཛོམས་ཐུབ་པ་དེ། ང་ཚོ་ཚང་མ་རྒྱུ་རྐྱེན་རྟེན་འབྲེལ་སྨོན་ལམ་ཕུན་སུམ་ཚོགས་པའི་ལོ་རྒྱུས་ཀྱི་རིན་ཐང་སྤྱི་དང་།  ཁྱད་པར་དུ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ་སྣང་ཞིག་སྐྱབས་མགོན་རིན་པོ་ཆེས་དབུ་ཁྲིད་ལམ་སྟོན་འོག  འབྲེལ་ཡོད་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར། ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་མདོ་སྨད་སྣང་ཞིག་དགོན་ཆེན་གྱི་འགན་འཛིན་རྣམ་པ་གཙོས་གཡུང་དྲུང་སེམས་དཔའི་སྡེ་དང་། རྣམ་དཀར་དགེ་ལ་དད་ཅིང་དུས་དང་རྣམ་པ་ཀུན་ཏུ་ཕ་དགོན་གྲགས་པ་ཅན་ལ་ཞབས་ཞུ་དང་གཞོག་འདེགས་རོག་སྐྱོར་གནང་མཁན་ལྷ་སྡེ་མི་མང་།  མདོར་ན་སྡེ་དགོན་གཉིས་ཀྱིས་ལོ་མང་རིང་ལ་དཀོན་པའི་རྒྱུ་དང་། དཀའ་བའི་ཚེགས་སོགས་འབད་བརྩོན་མང་པོ་བྱས་པའི་གྲུབ་འབྲས་ལ་དེ་རིང་མདོ་སྨད་སྣང་ཞིག་དགོན་ཆེན་གྱི་ཕྱི་ནང་རྟེན་དང་བརྟེན་པ་ཐམས་ཅད་ལེགས་གྲུབ་བྱུང་སྟེ་དགོན་འདིར་འཆད་ཉན་བཤད་སྒྲུབ་བསྟན་པའི་ལྗོན་རྩ་གསར་དུ་བསྐྲུན་པ་ནས་བཟུང་ལོ་བརྒྱ་འཁོར་བའི་རྟེན་འབྲེལ་གྱི་མཛད་སྒོ་དབུ་བརྙེས་པ་འདི་དུས་ནམ་ཡང་བརྗེད་པར་དཀའ་བའི་ཉིན་མོ་ཞིག་རེད་ལ། ཁྱད་པར་དུ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱས་འཛོམས་ཚོགས་ཆེན་ཐེངས་གཉིས་པ་དང་། གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་གཉིས་པ། ཞང་བོད་ཤེས་རིག་གཞུང་བརྒྱའི་བགྲོ་གླེང་ཆེན་མོ་ཐེངས་གཉིས་པ་བཅས་ཚོགས་ཆེན་གསུམ་གཙོས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚན་ཁག་བཅུ་གསུམ་པོ་ཀུན་ལྷན་ཅིག་ཏུ་མདོ་སྨད་སྣང་ཞིག་དགོན་ཆེན་དུ་འཚོགས་ཐུབ་རྒྱུ་དེ་ཆེས་རིན་ཐང་ལྡན་པའི་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་རེད་སྙམ། དེས་ན་དེ་རིང་རྟེན་འབྲེལ་ཕུན་སུམ་ཚོགས་པའི་ཚོགས་ཆེན་འདི་ལྷན་ཚོགས་ཀྱི་ངོས་ནས་བཤད་ན་ཆེས་གལ་འགངས་དོན་སྙིང་ལྡན་པའི་ཚོགས་འདུ་ཞིག་དང་། སྐབས་གཉིས་པའི་རྒྱུན་ལས་རྣམས་ཀྱིས་ལོ་དྲུག་རིང་ལས་དོན་བསྒྲུབ་རྒྱུའི་ནང་ནས་ལས་འགན་ལྗི་ལ་ཆེས་དོན་སྙིང་ལྡན་པའི་ཚོགས་འདུ་ཞིག་རེད། དེར་བརྟེན་དེ་རིང་རྒྱས་འཛོམས་ཚོགས་ཆེན་འདིའི་ཐོག་ལ་ངས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་ལོ་གསུམ་རིང་ལྷན་ཚོགས་ཀྱི་ལས་ཀ་བསྒྲུབ་པའི་ལས་སྡོམ་སྙན་སྒྲོན་ཞུ་རྒྱུ་དེ་རེད།  ལུང་ལས་ལོ་རྒྱུས་ཁུངས་ནས་མ་བཤད་ན། ཡིད་མི་ཆེས་པའི་རྒྱུ་རུ་འགྱུར།  ཞེས་པ་ལྟར་བྱ་བ་ཆེ་ཆུང་གང་ཞིག་ཡིན་རུང་ཐོག་མར་འགོ་འཛུགས་དང་། བར་དུ་ལས་ཀའི་བརྒྱུད་རིམ།  ཐ་མའི་གྲུབ་འབྲས་གསུམ་དགོས་པ་ནི་ལས་དོན་གང་ཞིག་གི་རྩ་བའི་གྲུབ་ཆ་ཞིག་དང་། ལས་ཀ་གང་བྱས་ལྐོག་གྱུར་གྱི་ཚུལ་དང་ལྐུགས་པས་བུ་རམ་གྱི་རོ་མྱོང་བ་ལྟར་མ་ཡིན་པར་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་མིག་གིས་མཐོང་རྒྱུ་ཡོད་པ་དང་། རྣ་བས་གོ་རྒྱུ་ཡོད་པ་ཞིག་དགོས་པར་བརྟེན། སྤྱི་ལོ། ༢༠༡༦ལོ་ནས་༢༠༡༨ལོ་བར་ལོ་གསུམ་རིང་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་འཁོར་ལས་སྡོམ་དེ་སྐབས་གཉིས་པའི་རྒྱས་འཛོམས་ཚོགས་ཆེན་ཐེངས་གཉིས་པའི་ཐོག་སྙན་ཞུ་འབུལ་རྒྱུ་དེ་ཡིན།

དང་པོ། 2016ལོར་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལས་དོན་བསྒྲུབ་ཚུལ་སྐོར།

         དེ་ནས་༢༠༡༥།༡༢།༢༧ཚོགས་གཙོ་དང་དྲུང་རྒན་གཞོན་གཉིས་བཅས་ལྷན་འཛོམས་གནང་སྟེ་༢༠༡༦ལོར་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་བསྒྲུབ་ཕྱོགས་གཙོ་བོ་ཚོགས་གཙོའི་དགོངས་གཞི་དང་འབྲེལ་བ།  འདི་ལོར་མཉམ་འབྲེལ་ལྷན་ཚོགས་ཀྱི་བོད་ཡིག་དྲ་བ་བཟོ་རྒྱུ་དང་། དེ་བཞིན་རང་ཚོགས་པའི་དུས་དེབ་བཟོ་རྒྱུ། འདི་ལོར་དམིགས་བསལ་ཚོགས་པའི་ངོས་ནས་བོད་ལྗོངས་ནག་ཆུ་སྦྲ་ཆེན་རྫོང་དང་འབྲི་རུ་རྫོང་དག་ལ་འཚམས་འདྲི་དང་འབྲེལ་བའི་བལྟ་བསྐོར་འགྲོ་རྒྱུ།  ཚོགས་པའི་གཞུང་ལས་ཁང་བཅས་བསྒྲུབ་རྒྱུའི་ཁ་ཚ་དགོས་གཏུགས་ཀྱི་ལས་དོན་དེ་དག་བསྒྲུབ་རྒྱུའི་གྲོས་ཐག་བཅད་པ་ལྟར། དང་པོ་བོད་ཡིག་དྲ་བ་རང་ཚོགས་པའི་དྲ་བ་གངས་ལྗོངས་བོན་གྱི་ནང་། བོད་ཡིག་དྲ་བ་བཟོ་རྒྱུ་དང་། དྲ་བའི་ཁྱོན་ཡོངས་འགན་འཛིན་དང་སྦྱིན་བདག་ཐར་བདེ་སྤྲུལ་སྐུ་ཚེ་དབང་འཇིག་མེད་ཀྱིས་གནང་རྒྱུ། བོད་ཡིག་དྲ་བའི་འགན་ཁུར་གཙོ་བོ། དྲུང་གཞོན་རིན་སྤུངས་ཚུལ་བསྟན་དང་། གཟི་ཚ་ཁུལ་བླ་མ་དབང་རྒྱལ་ཚེ་རིང་རྣམ་གཉིས་ཀྱིས་གནང་རྒྱུ་བཀོད་སྒྲིག་བྱས།

          གཉིས་པ་མཉམ་འབྲེལ་ལྷན་ཚོགས་ཀྱི་བོད་ཡིག་དུས་དེབ་ཀྱི་འགན་འཛིན་དང་སྦྱིན་བདག་གཙོ་བོ་ཉག་སྤྲུལ་བསོད་ནམས་རྒྱ་མཚོས་གནང་རྒྱུ་དང་། དེའི་ཕྱག་རོགས་ལས་བྱེད་སྦྲ་ཆེན་ལུང་དཀར་དགོན། དྲུང་ཡིག་པ་གཡུང་དྲུང་བསྟན་འཛིན། ཨ་དཔལ་བཟང་གསུམ་གྱིས་གནང་རྒྱུ་བྱས། ཚོགས་པའི་དུས་དེབ་དེ་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ལྷན་ཚོགས་འགོ་ཚུགས་པའི་ལོ་ནས་བཟུང་ལོ་རེར་དུས་དེབ་རེ་ངེས་ཅན་དུ་འགྲུབ་ཐབས་གནང་རྒྱུ་དང་དུས་དེབ་ཀྱི་ནང་དོན་སྙན་རྩོམ་རིགས་མི་དགོས་ལ་གཙོ་བོར་བོན་དང་འབྲེལ་བའི་ཞང་བོད་ཀྱི་ཤེས་རིག་ལོ་རྒྱུས་སྐོར་དཔྱད་རྩོམ་རིགས་གཙོ་བོར་འཛིན་དགོས་རྒྱུ། དྲ་བ་དང་དུས་དེབ་གང་ཡིན་ཡང་མཉམ་འབྲེལ་ལྷན་ཚོགས་ཀྱི་ལངས་ཕྱོགས་དང་། བོན་གྱི་ཁ་ཕྱོགས་མཐུན་དགོས་པ་ལས་དེ་ལས་ལྡོག་པའི་ལས་རིགས་བྱེད་མི་ཆོག་རྒྱུའི་ཐག་བཅད་བྱས།  ལོ་དེབ་ཀྱི་རྩོམ་ཡོང་ཁུངས་ལོ་རེའི་རྒྱུན་ལས་ཚོགས་འདུའི་སྐབས་བོན་གྱི་བགྲོ་གླེང་ཚོགས་འདུ་རེ་བསྐང་ཚོགས་བྱེད་དེ་སྔ་ཙམ་ལོ་དེར་དགེ་བཤེས་དང་མཁས་དབང་རྣམས་འབྲེལ་བ་བྱེད་དེ་དཔྱད་རྩོམ་བསྡུ་རྒྱུ་དང་། བགྲོ་གླེང་སྐབས་སྒྲོགས་བྱང་ཟིན་པའི་དཔྱད་རྩོམ་ཁག་དུས་དེབ་ནང་བཀོད་རྒྱུ་བྱས་ན་ལེགས་ཚུལ་གྲོས་འཆམ་བྱུང་།

         གསུམ་པ་འདི་ལོར་དམིགས་བསལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ངོས་ནས་བོད་ལྗོངས་ལྷ་ས་དང་། ནག་ཆུ་སྦྲ་ཆེན་རྫོང་དང་འབྲི་རུ་རྫོང་དག་ལ་འཚམས་འདྲི་དང་འབྲེལ་བའི་བལྟ་བསྐོར་འགྲོ་རྒྱུའི་ཐད། ༢༠༡༦།༥།༡༥དགོང་མོར་དྲ་འཕྲིན་བརྒྱུད་རྒྱུན་གཙོ་བཞི་གྲོས་བསྡུར་གནང་སྟེ་འདི་ལོར་བོད་ལྗོངས་འགྲོ་རྒྱུའི་དུས་ཚོད་ནི། ༢༠༡༦།༦།༢༧ལ་ལྷ་སར་འཛོམས་རྒྱུའི་གྲོས་ཐག་བཅད། དེ་ནས་གོང་གསལ་དུས་ཚོད་ལྟར་སྤྱི་ཟླ་བདུན་པའི་ནང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་དང་། ཚོགས་གཞོན་རག་ཤི་ཀུན་གསལ་སྙིང་པོ། དྲུང་ཆེ་འགོ་པ་དགེ་བཤེས་བསྟན་འཛིན་འབྲུག་གྲགས། དྲུང་གཞོན་རིན་སྤུངས་ཚུལ་བསྟན་བཅས་བོད་ལྗོངས་ནག་ཆུ་གྱེར་བསྟན་གླིང་དང་སྦྲ་ཆེན་རྫོང་གི་དགོན་རི་ཁྲོད་བཅུ་དྲུག་པོ་རེ་རེ་བཞིན་དུ་བལྟ་བསྐོར་དང་འཚམས་འདྲི། མཉམ་འབྲེལ་ལྷན་ཚོགས་ཀྱི་དགོངས་པ་དང་དམིགས་ཡུལ་གསལ་བཤད། མང་ཚོགས་ཀྱི་བསམ་འཆར་གང་ཡོད་བསྡུ་ལེན་བྱས་པའི་ཟིན་ཐོ་ཟུར་དུ་གསལ་ཡོད་ལ། སྐབས་དེའི་ལས་དོན་ཆ་ཚང་དེ། ༢༠༡༦།༨།༡༩། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་དང་པོ་མདོ་ཁམས་ཐར་བདེ་དགོན་དུ་འཚོགས་སྐབས་གྲོས་ཚོགས་ཐོག་ཏུ་སྙན་ཞུ་ཕུལ་ཟིན་ལ། གོང་གསལ་ཐེངས་འདིའི་ལྷན་ཚོགས་ཀྱི་འགན་འཛིན་རྣམ་པ་དང་ཞབས་ཞུ་བ་རྣམས་ཉིན་བཅུ་གསུམ་རིང་འཚམས་འདྲི་དང་བལྟ་བསྐོར་ཕེབས་རིང་རླངས་འཁོར་དང་སྣུམ་རིན། ཞབས་ཞུའི་ཁ་ལོ་བའི་འགྲོ་གྲོན་ཆ་ཚང་ཚོགས་གཞོན་རག་ཤི་ཀུན་གསལ་སྙིང་པོ་དང་དྲུང་ཆེ་འགོ་པ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་གཉིས་ཀྱིས་ལེགས་སྐྱེས་ཕུལ་ཡོད།

༢༠༡༦།༧།༡༨།ཉིན་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་འཕྲལ་ཡུན་ཕུག་གསུམ་གྱི་དགོས་དམིགས་ལ་གཟིགས་ཏེ་བོད་ཀྱི་ལྟེ་གནས་ལྷ་ལྡན་ཉི་མའི་གྲོང་ལ་རྒྱུན་ཞུགས་གནང་མཁན་མདོ་དབུས་ཁམས་གསུམ་གྱི་བོན་གྱི་ལྷ་སྡེ་མང་ཚོགས་རྣམས་ཕན་ཚུན་ངོ་ཤེས་དང་། འཆམ་མཐུན་མཉམ་གནས། སྐྱིད་སྡུག་མཉམ་མྱོང་སོགས་ཀྱི་ཁེ་ཕན་ལ་དམིགས་ཏེ་ལོ་ལྟར་བོད་ཟླ་ལྔ་པའི་ཚེས་བཅོ་ལྔ། གཟའ་སྐར་འབྱུང་འཕྲོད་བཟང་བའི་འཛམ་གླིང་སྤྱི་བསང་ཉིན་མོ་ལ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ལྷ་སར་ཡོད་པའི་བོན་འབངས་ལྷན་འཛོམས་གནང་རྒྱུའི་འཆར་གཞི་བཟོས་ནས་ཉིན་ཁ་ཤས་རིང་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་དང་དྲུང་རྒན་གཞོན་གཉིས་བཅས་ཚོགས་པའི་ངོས་ནས་ལྷ་སར་ཡོད་པའི་ཨ་མདོ་ཤར་པ་དང་རྔ་པའི་ཚོང་པ་ཐུན་མོང་། འབྲི་རུ་དཔལ་འབར་ལྷ་རི་བཅས་ཀྱི་མི་སྣ། སྦྲ་ཆེན་རྫོང་དང་སྟེང་ཆེན་རྫོང་དག་གི་ཚོང་པ་རྣམས་ལ་ཐོག་མར་འཚམས་འདྲི་དང་འབྲེལ་བའི་སྒོ་ནས་ཕན་ཚུན་མཇལ་འཕྲད་དང་ངོ་ཤེས། མ་འོངས་པར་ལོ་ལྟར་འཛམ་གླིང་སྤྱི་བསང་ཉིན་བོན་པོ་ཚང་མ་ལྷན་འཛོམས་གནང་རྒྱུའི་གྲོས་ཐག་བཅད། ཉིན་དེ་ནི་འཛམ་གླིང་སྤྱི་བསང་དང་། ཞྭ་དཀར་བསྟན་པའི་གཙུག་རྒྱན། ༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པའི་སྐུའི་བླ་གཟའ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དེའི་རྟེན་འབྲེལ་མཛད་སྒོ་དབུ་བཙུགས་གནང་བ་བཅས་བཀྲ་ཤིས་བཟང་པོ་སུམ་ལྡན་གྱི་གནས་སུ་གྱུར། དེ་ནས་ལོ་རེ་བཞིན་འགན་བཞེས་མཁན་བསྐོ་བཞག་བྱས་ཏེ་དབུ་འཛུགས་ཀྱི་ལོ་འདིར་ཐོག་མར་སྦྲ་ཆེན་རྫོང་དང་སྟེང་ཆེན་རྫོང་དག་གི་ཚོང་པ་རྣམས་ཀྱིས་སྦྱིན་བདག་དང་འགན་ཁུར་རྒྱུ་བྱས། ལོ་གཉིས་པར་ཨ་མདོ་ཤར་པ་དང་རྔ་པའི་ཚོང་པ་རྣམས་ཀྱིས་སྦྱིན་བདག་དང་འགན་ཁུར་རྒྱུ། ལོ་གསུམ་པར་ཁམས་པའི་ཚོང་པ་རྣམས་ཀྱིས་སྦྱིན་བདག་དང་འགན་ཁུར་རྒྱུ། ལོ་བཞི་པར་གཉན་རོང་རྫོང་དང་འབྲི་རུ་རྫོང་གི་དག་གིས་འགན་ཁུར་རྒྱུ་དེ་ནས་རིམ་བཞིན་རེས་མོས་བྱ་རྒྱུའི་བཀོད་སྒྲིག་བྱས།

       ༢༠༡༦།༧།༡༩།ཉིན་ད་བར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མི་ཕལ་ཆེར་ནི་བླ་མ་གྲྭ་པ་ཤས་ཆེ་སྟབས་མ་འོངས་པར་ལྷན་ཚོགས་ནང་སེར་མོ་བའི་སྡེ་ཁོ་ན་མིན་པར་བསྟན་ལ་ལྷག་བསམ་དཀར་བའི་དད་སྦྱིན་གྱི་ཚོང་པ་ཆེ་ཁག་དང་། དེ་བཞིན་སྤྱི་ཚོགས་ཐོག་སེམས་ཤུགས་ནུས་ཤུགས་ལྡན་པའི་གྲགས་ཅན་མི་སྣ། དེང་རབས་ཤེས་ཡོན་གྱིས་ཕྱུག་པའི་ན་གཞོན་བློ་གསལ་གྱི་སྡེ་སོགས་སྐྱ་སེར་དང་ཕོ་མོ་རིས་སུ་མ་མཆིས་པའི་སྒོ་ནས་མི་སྣ་འཛོམས་པོ་ངེས་པར་དུ་ཡོད་དགོས་པའི་གནས་ཚུལ་ལ་གཞིགས་ཏེ་འདི་ལོར་སྔོན་འགྲོའི་ཚུལ་དུ་ལྷ་སར་གནས་སྡོད་ཀྱི་མདོ་དབུས་ཁམས་གསུམ་གྱི་ཚབ་མཚོན་འགན་ཁུར་མི་སྣ། ཨ་མདོ་ཤར་ཁོག་ནས་རྩེ་རྒྱལ་དང་ཨ་ཚེ་རིང་གཉིས། རྔ་པ་ནས་རྟ་མེ་དང་སྐལ་བཟང་དོན་འགྲུབ་གཉིས། ཁམས་ཕྱོགས་ནས་རྫ་པ་ད་ལོ་དང་ཡེ་ཤེས་ཚེ་བརྟན་གཉིས། སྦྲ་ཆེན་ནས་ནོར་བུ་དབང་འདུས་དང་ཚེ་རིང་དཔལ་དར་གཉིས། སྟེང་ཆེན་ནས་བ་མང་ཉི་སྡིས་དང་གཡུང་དྲུང་འགྱུར་མེད་གཉིས། འབྲི་རུ་ནས་ཡེ་ཤེས་དབང་རྒྱལ་བཅས་ཁུལ་སོ་སོ་དང་དོ་བདག་སོ་སོས་ཁས་ལེན་ལེགས་གྲུབ་བྱུང་ཡོད་པ་དེ་དག་གྲོས་ཚོགས་ལ་སྙན་སེང་ཞུས་ཟིན་པའོ།།

         ༢༠༡༦།༩། པའི་ནང་སྐོར།  གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་རྒྱུས་དང་ངོ་སྤྲོད་སྐོར། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་གིས་དགོས་པ་རྒྱུ་མཚན་དུ་མར་གཟིགས་ཏེ་ལོ་ངོ་གཅིག་རིང་འབད་བརྩོན་གནང་བའི་ཕྱག་རྗེས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་རྒྱུས་དང་འབྲེལ་བའི་ངོ་སྤྲོད་སྐོར་གྱི་དེབ་ལ་མཚོན་ན་སྡེ་ཚན་དང་པོ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གནས་ཚུལ་སྤྱིར་བསྟན་པ་དང་། སྡེ་ཚན་གཉིས་པ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་རྒྱུས་འཕེལ་རིམ། སྡེ་ཚན་གསུམ་པ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་སོ་སོའི་ཚོགས་མི་སོ་སོའི་མཚམས་སྦྱོར་ངོ་སྤྲོད་གནང་བ། སྡེ་ཚན་བཞི་པ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྒྲུབ་བཞིན་པའི་ལས་དོན་ཁག་ངོ་སྤྲོད། སྡེ་ཚན་ལྔ་པ་བོན་ནམ་ཞང་ཞུང་ཤེས་རིག་སྐོར་གྱི་ཆ་འཕྲིན་གནད་བསྡུས་བཅས་ས་བཅད་ལྔའི་བདག་ཉིད་ཅན་གྱི་རང་ཚོགས་པའི་ངོ་སྤྲོད་དང་འབྲེལ་བའི་ལོ་རྒྱུས་དེབ་གཅིག་རྩོམ་སྒྲིག་དང་པར་སྐྲུན་གྱི་འགྲོ་གྲོན་དེ་སྐུ་སྒེར་གྱིས་བཏང་གནང་ཡོད་ལ། དེ་བཞིན་མཉམ་འབྲེལ་ལྷན་ཚོགས་ཀྱི་ངོས་ནས་རྒྱ་ཆེའི་མི་དམངས་རྣམས་ལ་ཤེས་རྟོགས་དང་ཁྱབ་བསྒྲགས་ཡོང་ཆེད་ཚོགས་པའི་ངོ་སྤྲོད་སྙིང་བསྡུས་བོད་རྒྱ་ཤན་སྦྱར་ཅན་ཚར་ཁྲི་གཅིག་དཔར་བསྐྲུན་བྱས་ཏེ་ས་ཕྱོགས་གང་སར་འགྲེམས་སྤེལ་དང་ཁྱབ་བསྒྲགས་གནང་དང་གནང་བཞིན་པ་བཅས་སོ།།

2017ལོར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལས་དོན་བསྒྲུབ་ཚུལ་སྐོར།

 ༡༽གཞུང་སྒྲུབ་ཁང་ཉོ་སྒྲུབ་སྐོར་ལ། མཉམ་འབྲེལ་ལྷན་ཚོགས་སྤྱི་ལོ། ༢༠༠༧ལོར་དབུ་བརྙེས་པ་ནས་བཟུང་༢༠༡༦ལོ་བར་ལོ་ངོ་དགུའི་རིང་ཆ་རྐྱེན་མ་ལྡན་པའི་གནས་ཚུལ་འོག་རང་ཚོགས་པ་གནས་ཡུལ་ངེས་མེད་དུ་སྡོད་དགོས་བྱུང་བར་བརྟེན་༢༠༡༦ལོར་ཚོགས་གཙོ་རྩེ་ཞིག་ཚང་གིས་དབུ་ཁྲིད་གནང་སྟེ་གཞུང་སྒྲུབ་ཁང་ཉོ་སྒྲུབ་ཆེད་དུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མི་རེ་རེ་བཞིན་མཐུན་རྐྱེན་གཞོག་འདེགས་གནང་རྒྱུའི་འབོད་བསྐུལ་དང་རེ་བ་ནན་ཞུ་བྱས་པས་ཚོགས་མི་སོ་སོའི་ངོས་ནས་ཀྱང་དགོངས་པ་ཆེ་བཞེས་གནང་སྟེ། གཞི་རྩའི་ཆ་ནས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་ཉོ་བསྒྲུབ་དང་། ཁང་པའི་མཛེས་བཟོ།  གཞུང་ལས་ཁང་གི་ཅ་ལག་སྒྲིག་བཀོད།  གཞུང་ལས་ཁང་གི་གཟིམ་ཤག་དང་ཉལ་ཆས།  ཐབ་ཚང་གི་ཅ་ལག་སྒྲིག་རྒྱུ་སོགས་ཕྱི་ནང་གི་བཀོད་པ་ཆ་ཚང་གྲ་སྒྲིག་ཐུབ་པའི་མཐུན་རྐྱེན་བསྐྲུན་ཡོད། དེ་ནས་སྤྱི་ལོ། ༢༠༡༧།༥།༢།ཉིན་གཟའ་སྐར་འཕྲོད་སྦྱོར་བཟང་བའི་ཉིན་དང་བསྟུན། མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་པའི་ཚོགས་མི་ཀུན་གདན་ཞུའི་མགྲོན་བརྡ་ཕུལ་བ་ནང་བཞིན་ཚོགས་མི་རྣམས་དུས་ཐོག་ཏུ་ཆེད་ཕེབས་གནང་སྟེ་གཞུང་ལས་ཁང་སྒོ་འབྱེད་དང་བཀྲ་ཤིས་རབ་གནས་ཕུན་སུམ་ཚོགས་པའི་ཁང་སྟོན་གྱི་མཛད་སྒོ་ལེགས་གྲུབ་བྱུང་ཡོད།

༢༽བཀའ་འགྱུར་དཔེ་བསྡུར་ལས་དོན་སྐོར་ལ། དང་པོ་འགོ་ཚུགས་ཚུལ། བོན་གྱི་བཀའ་འགྱུར་སྒྲིག་ཞུའི་ལས་དོན་རྩ་བའི་བློ་འདྲི་མི་སྣ་སྐྱབས་རྗེ་མཁན་སློབ་གཤེན་གསུམ་ལ་དུས་ནས་དུས་སུ་བཀའ་སློབ་ལམ་སྟོན་ཞུས་པའི་དབུ་ཁྲིད་འོག སྔ་ལོ། ༢༠༡༦//༢༠/ཉིན། ཁམས་ཐར་བདེ་དགོན་དུ་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་དང་པོའི་གྲོས་ཆོད་བཞི་པའི་དགོངས་དོན་ལ། སྐྱབས་རྗེ་རྒྱལ་བ་གཤེན་སྲས་ཆེན་པོས་བཀའ་ལུང་ནན་བསྩལ་གནང་བ་ལྟར་དུ། མཉམ་འབྲེལ་ལྷན་ཚོགས་ནས་རང་ནུས་ཅི་ཡོད་ཀྱིས་ཤུགས་བསྣན་ཏེ། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་མ་ཕྱི་གཏན་འབེབས་གཅིག་གྱུར་བཟོ་རྒྱུ་ཞེས་པའི་ལྷན་ཚོགས་ཀྱི་དགོངས་དོན་ལག་ལེན་བསྟར་རྒྱུ་ལ། ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་དཔེ་སྐྲུན་ལས་གཞིའི་རྣམ་གྲངས་འདི་ནི། ༢༠༡༦ལོའི་རྒྱལ་ཁབ་རིམ་པའི་གསར་འགྱུར་དཔེ་སྐྲུན་བཅོས་བསྒྱུར་འཕེལ་རྒྱས་ཀྱིས་ཆོག་མཆན་ཐོབ་པའི་རྣམ་གྲངས་ལས་གཞི་ཞིག་ཡིན་པར་བརྟེན། མཉམ་འབྲེལ་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ཟུང་འབྲེལ་ཐོག་ལས་དོན་འདི་འགྲུབ་ན་ཆེས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འོད་སྣང་གསར་པའི་ལེའུ་ཞིག་ཡིན་ལ།  ལས་དོན་འདི་བསྒྲུབ་པར་དེ་བས་དཀའ་ཚེགས་དང་རྙོག་འཛིང་ཆེ་བའི་གནས་ཤིག་ཡིན་ཡང་རྟེན་འབྲེལ་བསླུ་མེད་ཀྱི་བདེན་མཐུ་དང་། བསྟན་འཛིན་སྐྱེས་ཆེན་རྣམས་ཀྱིས་ཐུགས་བསྐྱེད་སྨོན་ལམ། བོན་འབངས་ཡོངས་ཀྱི་རིང་ནས་ཡིད་ལ་བརྣག་པའི་དམིགས་འབེན་ཉག་གཅིག་འདི། ལུགས་འདིར་ཐུགས་སྣང་དཀར་བའི་སྙིང་སྟོབས་ཅན་གྱི་མི་སྣ་དང་། འགྲོ་བ་མིའི་རིགས་ཀྱི་དཔལ་ཡོན་ལ་སྨན་པའི་ཕུགས་བསམ་ཅན་གྱི་ཤེས་ལྡན་དུ་མའི་དགོངས་དཔྱོད་སོགས་རྒྱུ་རྐྱེན་རྟེན་འབྲེལ་དུ་མའི་གནས་ཚུལ་འོག་ངེད་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་དབར་མཉམ་ལས་གནང་རྒྱུའི་གྲོས་ཐག་བཅད་དེ།  ༢༠༡༧ལོའི་ཟླ༦ཚེས༢༥ཉིན། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཉེར་བའི་པེ་ཅིན་ཞང་ཞུང་གཟི་འོད་རིག་གནས་བརྗེ་སྤེལ་འགན་འཁྲི་ཚད་ཡོད་ཀུང་སིའི་བར་དུ་རེ་བཅོལ་སྒྲིག་ཞུའི་ཆིངས་ཡིག་བཞག་པ་སྟེ། གན་རྒྱའི་སྟེང་ལ་ཁྲིམས་མཐུན་མིང་རྟགས་བཀོད་པ་ཞིག་རེད།

དེ་ནས་བཀའ་འགྱུར་སྒྲིག་ཞུའི་ལས་དོན་དེ་ཁྲི་འདུར་ཡོད་པའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་གི་འགན་འཛིན་དྲུང་ཆེ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་ཀྱིས་མཉམ་འབྲེལ་ལྷན་ཚོགས་ཀྱི་ངོས་ནས་མདོ་དབུས་ཁམས་གསུམ་ན་བཞུགས་པའི་བོན་གྱི་དགེ་བཤེས་དགུ་བཅུ་ཡས་མན་ཟླ་བ་གཉིས་རིང་མི་རེ་ངོས་རེ་དགེ་བཤེས་དང་མཁས་དབང་རེ་རེ་བཞིན་ཁ་པར་ཕུལ་ཞིང་ད་ལན་བོན་གྱི་བཀའ་འགྱུར་སྒྲིག་ཞུའི་ལས་དོན་འདི་གལ་པོ་ཆེ་ལ་ནན་ཏན་དུ་འཛིན་རྒྱུ་དང་། རྣམ་པ་ཚང་མས་དགོངས་པ་ཆེ་བཞེས་གནང་སྟེ་རྒྱབ་སྐྱོར་གནང་རྒྱུར་བཀའ་དྲིན་ཆེ་ཞེས་ཕྱོགས་ཕན་དུ་བཞུགས་པའི་དགེ་བཤེས་དང་མཁས་དབང་རྣམ་པར་རེ་རེ་བཞིན་ནན་ཞུ་བྱས་ཀྱང་དགེ་བཤེས་ཁ་ཤས་ཀྱིས་དུས་ཁོམ་མེད་ལུགས་བརྙད་དེ་ཞལ་བཞེས་མ་གནང་ལ། དགེ་བཤེས་ཕལ་ཆེ་བས་དང་བླང་དང་རྒྱབ་སྐྱོར་གནང་ཞིང་མ་མཐའ་དགེ་བཤེས་རེས་བཀའ་འགྱུར་པོད་རེ་སྒྲིག་ཞུའི་འགན་ཁུར་རྒྱུར་ཞལ་བཞེས་དང་འབྲེལ་མཁས་དབང་སོ་སོ་ལ་བཀའ་འགྱུར་པོད་གྲངས་གང་ཡིན་དང་ཡར་མར་འབྲེལ་བ་གནང་ལུགས་ཟུར་གསལ་རེའུ་མིག་ལྟར་དང་།   བཀའ་འགྱུར་དཔེ་བསྡུར་གནང་རྒྱུའི་པོད་དེ་དག་ཐོག་མའི་འཆར་གཞི་ལ་དཔར་རྩ་མཚོ་སྔོན་གཡུང་དྲུང་ཚེ་རིང་ཅན་བྱ་རྒྱུའི་འཆར་གཞི་བཟོས་ཀྱང་དེ་ལྟར་བྱས་ན་ཞུ་དག་དང་ལས་ཀ་སོགས་དུས་ཚོད་མི་འདང་བའི་རྐྱེན་གྱིས་སྟབས་མ་བདེ་ནས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཞོན་ཀུན་གསལ་སྙིང་པོ་རིན་པོ་ཆེས་གཙོར་འགན་བཞེས་ཏེ་ལོ་མང་རིང་ནག་ཆུ་གཡུང་དྲུང་གྱེར་བསྟན་གླིང་དུ་རང་ཚོགས་པའི་ངོས་ནས་བཀའ་འགྱུརགྱི་ལས་ཀ་རབ་དང་རིམ་པ་གནང་བའི་པར་རྩ་དེ་ད་ལན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་གལ་འགངས་ཆེ་བའི་སྐབས་འདིར་པར་རྩ་མཐུན་འབྱོར་གནང་རོགས་ཞུས་དོན་ལྟར་ཀུན་གསལ་རིན་པོ་ཆེས་དགོངས་པ་ཆེ་བཞེས་ཐོག་མཉམ་འབྲེལ་ལྷན་ཚོགས་ལ་བཀའ་འགྱུར་གྱི་དཔར་རྩ་ཆ་ཚང་མཐུན་འབྱོར་གནང་བ་བཞིན་དུ། བཀའ་འགྱུར་པོད་༡༧༨དེ་བུ་དཔེའི་ཚུལ་དུ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་སློག་རྒྱབ་སྟེ་ས་ཕྱོགས་སོ་སོའི་དགེ་བཤེས་དང་མཁས་དབང་རྣམས་ལ་སྦྲག་བརྒྱུད་དང་མི་བརྒྱུད་ཐབས་ལམ་ཅི་རིགས་ཀྱི་སྒོ་ནས་བཀའ་འགྱུར་སྒྲིག་ཞུ་བ་རྣམས་ལ་སོ་སོའི་ཕྱག་ཏུ་འཕྲོད་ཐབས་བྱས།  དེ་ནས་སྤྱི་ཟླ་བདུན་པའི་ཚེས་དགུ་ཉིན་དྲུང་རྒན་གཞོན་གཉིས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཆེད་དུ་སྔ་ལོ་ནས་བཟུང་ལོ་ལྟར་ལྷ་སར་ཡོད་པའི་མདོ་དབུས་ཁམས་གསུམ་གྱི་བོན་པོ་ཚང་མ་ལོ་རེའི་བོད་ཟླ་ལྔ་པའི་ཚེས་བཅོ་ལྔ་འཛམ་གླིང་སྤྱི་བསང་ཉིན་མོར་ལྷ་ས་གྲོང་ཁྱེར་སྟོད་ལུང་འབྲི་ལུང་དགོན་ཤུལ་སར་ལྷན་འཛོམས་གནང་གཏན་ཁེལ་དོན་ལྟར། འདི་ལོར་དམིགས་བསལ་ཉིན་དང་པོར་སྲིད་རྒྱལ་ཚོགས་འཁོར་དང་ཉིན་གཉིས་པར་འཛམ་གླིང་སྤྱི་བསང་དང་འབྲེལ་བའི་གསོལ་ཁ་འབུལ་རྒྱུ་དང་བོན་འབངས་ཚང་མ་རི་བསང་རླུང་རྟ་སོགས་ཀྱི་མཛད་སྒོའི་འགྲོ་གྲོན་དང་ལས་འགན་སྔ་ལོ་ལ་ཧོར་ཁྱུང་གཉིས་དང་། འདི་ལོར་ཨ་མདོ་ཤར་པ་དང་རྔ་པའི་ཚོང་པ་རྣམས་ཀྱིས་འགན་ཁུར་གནང་སྟེ་མཛད་སྒོ་ལེགས་གྲུབ་བྱུང་བའོ།།

དེ་རྗེས་༢༠༡༧ལོའི་སྤྱི་ཟླ་དགུ་པའི་ཚེས་གཅིག་ཉིན། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་དུ། ཚོགས་གཙོ་དང་རྒྱུན་ལས་ཚོགས་གཙོ་སྐུ་གཞོན། དྲུང་ཆེ་རྒན་གཞོན། མདོ་དབུས་ཁམས་གསུམ་ནས་ཕེབས་པའི་བཀའ་འགྱུར་སྒྲིག་ཞུའི་མཁས་དབང་རྣམས། བསྐལ་པ་བརྒྱ་ལ་དུས་ཚོད་གཅིག་ཅེས་པའི་དཔེ་ལྟར། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་ལས་གཞི་རྒྱ་ཆེ་བ་སྟེ། ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་མ་དཔེ་སྒྲིག་ཞུ་གཏན་འབེབས་སློབ་སྟོན་ཨུ་ཡོན་ལྷན་ཁང་དང་། ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་མ་དཔེ་སྒྲིག་ཞུ་གཏན་འབེབས་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་དབུ་བརྙེས་པར་བརྟེན།  ༢༠༡༧།༩།༣ཉིན་བར་ཉིན་བཞིའི་རིང་གྲོས་གཞི་ཁག་ལ་གྲོས་བསྡུར་ལེགས་པར་གནང་སྟེ། བོན་གྱི་བཀའ་འགྱུར་མ་དཔེ་སྒྲིག་ཞུ་གཏན་འབེབས་སྐོར་གྱི་གསལ་བཤད་དོན་ཚན་བརྒྱད་ཀྱི་བདག་ཉིད་ཅན་དང་། གཡུང་དྲུང་བོན་གྱི་བཀའ་འགྱུར་མ་དཔེ་སྒྲིག་ཞུ་གཏན་འབེབས་ཐད་ཀྱི་སྲོལ་ཡིག་དོན་ཚན་དྲུག་ཅན། བཀའ་འགྱུར་མ་དཔེ་སྒྲིག་ཞུ་གཏན་འབེབས་ཀྱི་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་མི་སྣ་བཅོ་ལྔ་དང་། དང་བླང་སྒྲིག་ཞུ་བའི་མཁས་དབང་མི་སྣ་ལྔ་བཅུ་ལྷག་ཞིག་བཀའ་འགྱུར་མ་དཔེ་སྒྲིག་ཞུའི་ལས་འགོ་བརྩམ་རྒྱུའི་ཆེད་དུ་དགོས་པ་སྐབས་བསྟུན་གྱིས་གཏན་འབེབས་བྱས།   དེ་ནས་མཉམ་འབྲེལ་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ཟུང་འབྲེལ་ཐོག་ བོན་གྱི་བཀའ་འགྱུར་སྒྲིག་ཞུ་བ་རྣམས་ཀྱང་མི་རེ་ལུགས་རེའི་དབང་དུ་མ་སོང་བར་མི་བརྒྱ་ངག་གཅིག་ལྟ་བུ་གཅིག་གྱུར་ཡོང་ཆེད་ཁྲི་འདུར་ཐོག་མར་ཟབ་སྦྱོང་གི་འཛིན་གྲྭ་གཉེར་ཞིང་ལས་བྱེད་མི་སྣ་སོ་སོར་ཆད་ལྷག་གི་རྟགས་སོགས་འགོད་སྟངས་སློབ་སྦྱོང་དང་། བཀའ་འགྱུར་མ་དཔེ་སྒྲིག་ཞུ་གཙོ་བོའི་ལས་དོན་འགན་ཁུར་བ་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་མི་སྣ་བཅོ་ལྔ་དང་། དང་བླང་སྒྲིག་ཞུ་བའི་མཁས་དབང་མི་སྣ་ལྔ་བཅུ་ལྷག་རྣམས་དཔེ་བསྡུར་སྐབས་ཕྱོགས་ཕན་ཚུན་འབྲུ་དོན་རྟོགས་མིན་དང་གོ་དོན་བགྲོ་གླེང་ཞིབ་ཚགས་ཡོང་ཆེད་སྐད་འཕྲིན་གྱི་ལམ་ནས་དཔེ་བསྡུར་གླེང་སྟེགས་ཞེས་པ་དང་བཀའ་སྒྲིག་ཞུ་ཚན་ཞེས་པའི་དྲ་འཕྲིན་ཁག་གཉིས་བཙུགས་ཏེ་དེང་བཀའ་འགྱུར་སྒྲིག་ཞུའི་ལས་དོན་སྐོར་ཉིན་ལྟར་བགྲོ་གླེང་གནང་དང་གནང་བཞིན་ཡོད།

༣༽༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་སྐུ་ཞི་བར་གཤེགས་པའི་དགོངས་རྫོགས་མཆོད་འབུལ་བསྒྲུབ་ཚུལ། ༢༠༡༧།༩།༡༤།ཕྱི་དྲོའི་ཆུ་ཚོད་དྲུག་དང་སྐར་མ་༢༥སྟེང་འཛམ་གླིང་བོན་འབངས་ཡོངས་ཀྱི་དབུ་ཁྲིད་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་བླ་བྲང་དུ་ཐུགས་དམ་གཡོ་བ་མེད་པའི་ངང་ནས་དགོངས་པ་བོན་དབྱིངས་སུ་ཐིམ་པའི་ཡིད་སྐྱོ་བའི་གནས་ཚུལ་ཐོན་པའི་དགོང་མོ་ནས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་དུ་༧སྐྱབས་རྗེ་༧ཁྲི་འཛིན་རིན་པོ་ཆེའི་སྐུ་པར་མདུན་དུ་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པ་གང་འབྱོར་དང་སྨོན་ལམ་དང་གསོལ་འདེབས་ཅི་རིགས་དང་དེའི་ཕྱི་ཉིན་ཚོགས་གཙོ་རྩེ་ཞིག་ཚང་དང་དྲུང་རྒན་གཞོན་གཉིས་གཙོས་ཁྲི་འདུར་བཞུགས་པའི་བོན་གྱི་བླ་སྤྲུལ་དགེ་བཤེས་རྣམས་འཛོམས་ཏེ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ངོས་ནས་དགོངས་རྫོགས་མཆོད་འབུལ་ཞུ་ཚུལ་གྲོས་བསྡུར་བྱས་ཏེ་གཅིག་ན་རང་ཚོགས་པས་སྣེ་ཁྲིད་བྱེད་དེ་བོན་གྱི་དགོན་སྡེ་རི་ཁྲོད་དང་བོན་འབངས་ཡོངས་ལ་༧སྐྱབས་རྗེ་༧ཁྲི་འཛིན་རིན་པོ་ཆེའི་དགོངས་རྫོགས་མཆོད་འབུལ་ཟབ་རྒྱས་དགོས་པའི་འབོད་བསྐུལ་ཞུ་རྒྱུ་དང་། གཉིས་ན་ཚོགས་པའི་ངོས་ནས་ཐོག་མར་དབུས་གཡུང་དྲུང་བོན་འཛིན་སྐྱོང་ཚོགས་པར་གདུང་སེམས་མཉམ་བསྐྱེད་ཀྱི་ཐུགས་གསོའི་ཞུ་འཕྲིན་ཡི་གེ་འབུལ་རྒྱུ་དང་། དེའི་ནང་དོན་གཙོ་བོ་ད་ལན་ཡིད་སྐྱོའི་གནས་ཚུལ་འདི་གནམ་འོག་གི་འགྲོ་བ་ཀུན་དང་། སྒོས་སུ་འདི་གའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་གཙོས་རང་ཅག་བོན་འབངས་ཡོངས་ལ་བཟོད་ཐབས་བྲལ་བའི་གྱོང་གུན་ཚབ་ཆེན་དང་ཡིད་སྐྱོ་བའི་གནས་སུ་གྱུར། འདིར་ ༧ རྒྱལ་བ་གཤེན་སྲས་རིན་པོ་ཆེ་ཡིས་དབུ་ཁྲིད་ལམ་སྟོན་འོག་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་གདུང་ཤུགས་མཉམ་བསྐྱེད་ཀྱི་སྒོ་ནས་བོད་ཡུལ་སྟོད་སྨད་བར་གསུམ་ཀུན་ཏུ་ཡོད་པའི་བོན་འབངས་ཡོངས་ལ་དགེ་སྒྲུབ་སྡིག་སྤོང་བྱེད་པའི་འབོད་བསྐུལ་ཞུ་རྒྱུ་ཡིན་པ་མ་ཟད་རིན་པོ་ཆེའི་དགོངས་རྫོགས་མཆོད་འབུལ་དང་། ཁྱད་པར་དུ་རྒྱལ་བ་སྨན་རིའི་མཁན་རབས་རིམ་བྱོན་གྱི་གདན་ས་གཙང་༧བཀྲ་ཤིས་སྨན་རི་དང་རྗེ་མཉམ་མེད་བླ་མ་ཆེན་པོའི་གསེར་ཁྲིའི་མདུན་སར་ཀུན་བཟང་རྒྱལ་བ་དགྱེས་པའི་མཆོད་སྤྲིན་རྒྱས་འབུལ་ཞུ་སྟེ་དམ་པ་མཆོག་གི་ཐུགས་དགོངས་ཟབ་མོའི་བཞེད་དོན་ལྷུན་འགྲུབ་དང་། གང་གི་ཐུགས་རྗེའི་སྐྱབས་འོག་བོན་འབངས་ཀུན་ཀྱང་དམ་ཚིག་གོང་བུ་གཅིག་སྒྲིལ་གྱི་དར་དཀར་ཡུག་གཅིག་ས་སྟེང་ཀུན་ཏུ་བདལ་བའི་རེ་སྨོན་ཤུགས་དྲག་དང་བཅས། ཞེས་པའི་འབྲུ་དོན་ལྟར་ཐོག་མར་དཔལ་གཤེན་བསྟན་སྨན་རི་དགོན་ལ་མཆོད་འབྲེལ་ཞུ་རྒྱུ་དང་། དེ་ནས་ཚོགས་གཙོ་རྒན་གཞོན་གཉིས་རྒྱལ་བ་སྨན་རིའི་མཁན་རབས་རིམ་བྱོན་གྱི་གདན་ས་གཙང་༧བཀྲ་ཤིས་སྨན་རི་དགོན་ལ་ཕེབས་རྒྱུའི་ཆོད་དོན་ལྟར་ཚོགས་གཙོ་རིན་པོ་ཆེ་ལྷ་སར་ཆེད་ཕེབས་གནང་།  དྲུང་རྒན་གཞོན་གཉིས་ཞག་གསུམ་ཉིན་༧སྐྱབས་རྗེ་༧ཁྲི་འཛིན་རིན་པོ་ཆེའི་འཁྲུངས་གཞིས་ལ་བཅར་ཏེ་འཁྲུངས་ཡུལ་གྱི་ནང་མི་ལྷན་རྒྱས་ལ་ཚོགས་པའི་ངོས་ནས་ཐུགས་གསོའི་འཚམས་ཞུ་དང་འབྲེལ་འཁྲུངས་གཞིས་ལ་དྲུང་རྒན་གཞོན་གཉིས་ཀྱིས་འགོ་ཁྲིད་བྱས་ཏེ་མདོ་དབུས་ཁམས་གསུམ་ན་བཞུགས་པའི་རིན་པོ་ཆེའི་ཞལ་སློབ་དགེ་བཤེས་རྣམས་ལྷན་འཛོམས་གནང་སྟེ་མཉམ་མེད་བླ་སྒྲུབ་ཀྱི་སྒོ་ནས་མཆོད་འབུལ་ཟབ་རྒྱས་ཞུས་ལ། དེ་བཞིན་མཉམ་འབྲེལ་ལྷན་ཚོགས་དང་ཟིང་ཆུ་རྫོང་ཁོངས་ཀྱི་དགོན་ཁག་བཅོ་བརྒྱད་དང་བོན་འབངས་ཡོངས་ཀྱི་མཉམ་དུ་༧སྐྱབས་རྗེ་གཤེན་སྲས་རིན་པོ་ཆེའི་བཀའ་དགོངས་གཞིར་བཟུང་ཞི་ཁྲོ་རྒྱས་པའི་ཆོ་གའི་སྒོ་ནས་དགོངས་རྫོགས་མཆོད་འབུལ་ཞུས།  དེ་ནས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་གལ་པོ་ཆེ་ལ་ནན་ཏན་དུ་འཛིན་ཏེ་དགུང་ཞག་ཞེ་དགུའི་རིང་༧སྐྱབས་རྗེ་༧ཁྲི་འཛིན་རིན་པོ་ཆེའི་སྐུ་གདུང་བཞེངས་རྒྱུར་འབད་བརྩོན་ལྷོད་མེད་བྱས་པས་བཟོ་བསྐྲུན་ལེགས་པར་གྲུབ་ནས། ལོ་རྒྱུས་ཀྱི་དོན་སྙིང་ལ་དམིགས་ཏེ་ཚོགས་གཙོ་རིན་པོ་ཆེ་གཙོས་པའི་མཉམ་འབྲེལ་ལྷན་ཚོགས་ཀྱི་གཙོར་ཆེའི་མི་སྣ་ཀུན་དཀའ་བའི་ཚེགས་དང་དཀོན་པའི་ནོར་ལ་མ་འཛེམས་ཏེ་གལ་འགངས་ཆེ་བའི་སྒོ་ནས། ༢༠༡༧།༡༡།༤། ཉིན་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་ཆེན་པོ་མཆོག་གི་དགུང་ཞག་ཞེ་དགུ་ཚང་བའི་ཉིན་མོ་དང་སྒོ་བསྟུན་ཏེ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་གཙང་དཔལ་ལྡན་བཀྲ་ཤིས་སྨན་རིར་བཞུགས་པའི་རྗེ་མཉམ་མེད་བླ་མ་ཆེན་པོའི་གསེར་ཁྲིའི་མདུན་ལ་དགོངས་རྫོགས་མཆོད་འབུལ་དང་འབྲེལ་སྐུ་གདུང་མཐོང་གྲོལ་རིན་པོ་ཆེ་མཉམ་མེད་བླ་མའི་གསེར་ཁྲིའི་ཐོག་ཏུ་མངའ་གསོལ་རབ་གནས་སོགས་བཀྲ་ཤིས་ཀྱིས་མཐར་བརྒྱན་ལ། གཞན་ཡང་གདན་ས་གོང་འོག་བར་གསུམ་ལ་ཐུགས་གསོའི་འཚམས་ཞུ་དང་འབྲེལ་བའི་ཚོགས་པའི་ངོས་ནས་མང་ཇ་སྐུ་འགྱེད་སོགས་ལེགས་པར་ཕུལ་ནས་ཐེངས་འདིའི་མཛད་སྒོ་རིན་པོ་ཆེའི་དགོངས་རྫོགས་མཆོད་དང་སྐུ་གདུང་གསེར་ཁྲིར་མངའ་གསོལ་སོགས་ཕུན་སུམ་ཚོགས་པ་དང་བཀྲ་ཤིས་པའི་ལེགས་གྲུབ་བྱུང་ཡོད།

༤༽གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཐེངས་གཉིས་པ་ཀན་སུའུ་ཐེ་བོ་གཙོ་ཚང་དགོན་དུ་འཚོགས་སྐོར།  མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་གསུམ་པ། ༢༠༡༥།༩།༦།  མདོ་ཁམས་ཤར་རྫ་རི་ཁྲོད་དུ་འཚོགས་སྐབས། ལྷན་ཚོགས་ཀྱི་གྲོས་ཆོད་དྲུག་པའི་དགོངས་དོན་ལ།  རྒྱུན་ལས་ཚོགས་འདུ་ཐེངས་དྲུག་པ། སྤྱི་ལོ། ༢༠༡༧ལོར་ཀན་སུའུ་ཐེ་བོ་རྫོང་གི་གཙོ་ཚང་དགོན་དུ་འཚོག་རྒྱུའི་གྲོས་ཆོད་ལྟར། ཐེ་བོ་ལེགས་ལུང་གཙོ་ཚང་དགོན་པའི་ལྷ་སྡེ་གཙོས་ཐེ་བོའི་བོན་གྱི་སྡེ་དགོན་ཐུན་མོང་ནས་དཀའ་བའི་ཚེགས་དང་། དཀོན་པའི་རྒྱུ་སོགས་འགྲོ་གྲོན་རྒྱ་ཆེན་བཏང་ནས་གྲ་སྒྲིག་ལེགས་གྲུབ་བྱུང་མཚམས། ༢༠༡༧།༡༢།༦། ཉིན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཐེངས་གཉིས་པའི་ཚོགས་ཞུགས་མི་སྣ་ལྷན་རྒྱས་རྣམས། ཐེ་བོའི་ཁུལ་གྱི་བོན་པོའི་དད་ལྡན་མང་ཚོགས་ཀྱིས་དགའ་དད་སྤྲོ་གསུམ་གྱིས་བསུ་བ་དང་ཐེ་བོ་གཙོ་ཚང་དགོན་པའི་བླ་གྲྭ་གཙོས་ཐེ་བོ་བོན་དགོན་ཁག་གིས་སེར་ཕྲེང་དང་འབྲེལ་ཆིབས་བསུ་གནང་། དེ་ནས་ཉིན་ལྔ་ཡི་རིང་རྒྱུན་ལས་ཚོགས་འདུ་འཚོགས་ནས་གྲོས་གཞི་ཁག་ལ་གྲོས་བསྡུར་གནང་བའི་གྲོས་ཆོད་གཙོ་བོ། ༡༽གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་གི་སྒྲུབ་ཁང་བླ་མ་ནི།  ལྷན་ཚོགས་ཀྱི་ཚོགས་གཞོན་ཉེར་གསུམ་ནང་ནས་འགོ་ནས་རིམ་བཞིན་ཟླ་བ་གཅིག་ལྷག་ཙམ་འགན་ཁུར་རྒྱུ་ཐག་བཅད་ལ།

༢༽མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་གི་འགན་འཛིན་པ་དྲུང་ཡིག་རྒན་གཞོན་གཉིས་ཀྱིས་འགན་ཁུར་རྒྱུ་ཚོགས་མི་ཚང་མས་འབོད་སྐུལ་དང་རེ་བ་ནན་བསྐུལ་ལྟར་ཁས་ལེན་བྱུང་།༼དུས་ཡུན་ནི་བཀའ་འགྱུར་ལས་དོན་སྒྲུབ་མ་ཚར་བར།༽སྤྲུལ་པད་མ་རིན་ཆེན་ནས་གཞུང་ལས་ཁང་གི་ཀྲུའུ་རིན་གཉིས་ལ་དཔལ་འབྱོར་ཐད་རྒྱབ་སྐྱོར་གནང་རྒྱུ་དང་། སྔགས་འཆང་བསོད་ནམས་ཚེ་རིང་ནས་ལོ་རེ་ལ་འགྲོ་སོང་སྒོར་ཁྲི་རེ་རོགས་སྦྱོར་གནང་རྒྱུ་ཞལ་བཞེས་ལ། གཞན་བླ་སྤྲུལ་བསྟན་སྦྱིན་སོགས་ནས་རྒྱབ་སྐྱོར་གནང་རྒྱུའི་གྲོས་ཐག་བཅད།

༣༽གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྒྲུབ་བཞིན་པའི་ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་བོན་གྱི་བཀའ་འགྱུར་སྒྲིག་ཞུའི་མ་ཕྱིའི་དཔེ་རྙིང་འཚོལ་བསྡུ་ཚོགས་ཆུང་། དེའི་གཙོ་འགན་པ་ཚོགས་གཞོན་སྣང་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན། དྲུང་ཡིག་པ་དགེ་བཤེས་བསྟན་འཛིན་རྣམ་རྒྱལ། རྒྱུན་ལས་ལས་འཛིན་པ་གོ་ལམ་གཡུང་དྲུང་གླིང་གི་བླ་མ་ཚེ་དབང་དངོས་གྲུབ། སྤྲུལ་སྐུ་རིག་སྔགས་རྒྱ་མཚོ། སྤྲུལ་བསྟན་འཛིན་རྣམ་རྒྱལ་རྣམས་བསྐོ་བཞག་མཛད་ལ། ༼མ་ཕྱི་འཚོལ་བསྡུའི་གཞི་རྩ་རྒྱལ་རོང་ཁྲོ་སྐྱབས་དཔར་མའི་སྐོར་དང་། ཨ་གཡུང་པར་མ། བོན་སླེབ་པར་མ་རྣམས་གཙོས་གཞན་མ་ཕྱི་དཔེ་རྙིང་འཚོལ་བསྡུ་གང་ཐུབ་གནང་རྒྱུའི་གྲོས་ཐག་བཅད།༽

༢༠༡༧།༡༢།༨། ཉིན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་དང་པོ་ཐར་བདེ་དགོན་དུ་འཚོགས་སྐབས་ལྷན་ཚོགས་ཀྱི་གྲོས་ཆོད་གསུམ་པའི་དགོངས་དོན་ལ།  བསྟན་པར་ཕྱག་རྗེས་ཆེ་བའི་བླ་སྤྲུལ་དགེ་བཤེས་ཁག་གཅིག་གཙོས་སྐྱ་སེར་ཁྱད་མེད་ལ་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་ལེགས་མཚོན་གྱི་བྱ་དགའ་ཚོགས་པའི་ངོས་ནས་འབུལ་རྒྱུ་མང་མོས་ཀྱིས་གྲོས་ཐག་བཅད་པ་ལྟར། འདི་ལོར་སྐུ་ཚེ་གང་བོར་བསྟན་འགྲོའི་དོན་ཆེན་བསྒྲུབས་ནས་བགྲང་བྱ་བརྒྱད་ཅུར་སོན་པའི་བསྟན་འཛིན་སྐྱེས་ཆེན་ཁག་ཅིག་ལ་ལྷན་ཚོགས་ཀྱིས་སྐུ་དྲིན་ལེགས་མཚོན་གྱི་གཟི་བརྗིད་དཔང་ཡིག་རེ་འབུལ་རྒྱུའི་ཐག་བཅད། དེ་དག་འབུལ་ཡུལ། ༡ ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག ༢ གསང་གསུམ་བོན་གྱི་མཛོད་འཛིན་སྐྱབས་རྗེ་ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག ༣ མ་ཧཱ་པཎྜི་ཏ་ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག ༤ བསླབ་གསུམ་ནོར་བུའི་མཛོད་འཛིན་སྨྲ་དབང་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་མཆོག ༥ མཁས་པའི་དབང་པོ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་མཆོག ༦ ལུང་རིགས་སྨྲ་བའི་དབང་པོ་རྗེ་བཙུན་ནམ་མཁའ་ཚུལ་ཁྲིམས་རིན་པོ་ཆེ་མཆོག ༧ ངུར་སྨྲིག་འདུལ་བའི་མཛོད་འཛིན་མཁན་པོ་ཤེས་རབ་ཚུལ་ཁྲིམས་མཐར་ཕྱིན་རིན་པོ་ཆེ་མཆོག ༨ བསྟན་འགྲོར་སྨན་པའི་མཛད་རྗེས་བླ་ན་མཐོ་བའི་དབང་ལྡན་ཞུ་སྲས་ཉི་ཟླ་ཚེ་དབང་རིན་པོ་ཆེ་མཆོག་བཅས་རྣམ་པ་བརྒྱད་ལ་ཕུལ།

དེ་ནས་གཡུང་དྲུང་བོན་གྱི་ཞི་བདེའི་སྨོན་ལམ་ཆེན་མོའི་བཀོད་སྒྲིག་ཚན་ཆུང་གི་འགན་འཛིན་ཚོགས་གཙོ་སྐུ་གཞོན་སྤྲུལ་སྐུ་པད་མ་རིན་ཆེན་དང་དྲུང་ཡིག་མཁན་པོ་ཚེ་དབང་རིག་འཛིན་རྣམ་གཉིས་ཀྱིས་བཀོད་སྒྲིག་དང་།  ཐེ་བོ་གཙོ་ཚང་དགོན་པའི་རྒྱབ་སྐྱོར་ཐོག་མཆོད་བཤམས་དང་གྲ་སྒྲིག་སོགས་ཕུན་སུམ་ཚོགས་པོ་དང་སྐལ་ལྡན་དང་བ་འདྲེན་པའི་ཞིང་མཆོག་ཏུ་གཡུང་དྲུང་བོན་གྱི་ཞི་བདེ་སྨོན་ལམ་ཆེན་མོ་ཐེངས་གཉིས་པ་འཚོག་རྒྱུ་ལེགས་གྲུབ་བྱུང་ཡོད། དེ་ནས་གངས་ལྗོངས་བོན་དཔྱད་དེབ་ཚན་ཁག་གི་ཚན་གཙོ་ཉག་སྤྲུལ་བསོད་ནམས་རྒྱ་མཚོས་གཙོར་འགན་བཞེས་ཏེ་ཁོང་རྣམས་ཀྱིས་བོད་མདོ་དབུས་ཁམས་གསུམ་གྱི་བོན་དང་འབྲེལ་བའི་དུས་དེབ་ཉིས་བརྒྱ་ལྷག་ཕྱོགས་གཅིག་ཏུ་བསྡུས་ཏེ་སྐབས་འདིའི་རྒྱུན་ལས་ཚོགས་ཞུགས་པ་ཡོངས་ལ་མཐོང་ཡུལ་དུ་འགྲེམ་སྟོན་མཛད་ལ། དེ་རྗེས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོན་རག་ཤི་ཀུན་གསལ་སྙིང་པོ་ལགས་ཀྱིས་གཡུང་དྲུང་བོན་གྱི་བཀའ་རིན་པོ་ཆེ་དེབ་གཟུགས་སུ་པར་བསྐྲུན་གནང་བའི་ལས་གཞི་ལ། དགོས་པ་སྐབས་བསྟུན་ལྟར་ཚོགས་པའི་ངོས་ནས་རོགས་མགོན་ཞབས་འདེགས་གང་དགོས་དོན་འཁྱོལ་གནང་དགོས་ཚུལ། མཉམ་འབྲེལ་ལྷན་ཚོགས་ཀྱི་གྲོས་ཚོགས་སྔ་ཕྱི་ཐེངས་གསུམ་སྐབས་གྲོས་ཆོད་ཁག་གསུམ་ཙམ་འཁོད་ཡོད་པའི་དགོངས་དོན་ལྟར།   ཚོགས་གཞོན་རག་ཤི་ཀུན་གསལ་སྙིང་པོ་རིན་པོ་ཆེས་གཙོར་འགན་བཞེས་པའི་དབུ་ཁྲིད་འོག  ནག་ཆུ་གཡུང་དྲུང་གྱེར་བསྟན་གླིང་ཞང་བོན་བཀའ་བརྟེན་དཔེ་སྒྲིག་ཁང་དུ་ལོ་མང་པོའི་རིང་དགེ་སློབ་ཐུན་མོང་གིས་འབད་བརྩོན་རྒྱ་ཆེ་རྒྱུན་རིང་བྱས་པའི་གྲུབ་འབྲས།  ༢༠༡༧།༡༢།༨། ཉིན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཐེངས་གཉིས་པ་ཐེ་བོ་གཙོ་ཚང་དགོན་དུ་འཚོགས་ཉིན། རྒྱལ་བའི་བཀའ་འགྱུར་ཆེན་མོ་དེབ་གཟུགས་སུ་པར་བསྐྲུན་ལེགས་གྲུབ་བྱུང་བའི་དབུ་འབྱེད་རྟེན་འབྲེལ་གྱི་མཛད་སྒོ་སྤེལ་ཏེ། ཚོགས་གཞོནརག་ཤི་ཀུན་གསལ་སྙིང་པོ་མཆོག་གིས་རླབས་ཆེ་བའི་དོན་ཆེན་ཁག་གཉིས་བསྒྲུབ་པ་སྟེ། གཅིག་ནི་ཞྭ་དཀར་བསྟན་པའི་གཙུག་རྒྱན། ༧སྐྱབས་རྗེ་མཁན་སློབ་གཤེན་གསུམ་གཙོས་པའི་བན་བོན་གྱི་བླ་ཆེན་ཆེ་ཁག་རྣམས་ལ་པར་ཕུད་ཀྱི་ཚུལ་དུ་བཀའ་འགྱུར་ཆ་ཚང་ཚར་རེ་ཕུལ་ཞིང་། དེ་བཞིན་གཡུང་དྲུང་བོན་གྱི་གྲྭ་ས་གོང་འོག་བར་གསུམ་དང་ཤར་རྫ་པའི་གདན་ས་གཙོས་པའི་རྒྱལ་ཕྱི་ནང་གང་སར་བོན་གྱི་དགོན་སྡེ་རི་ཁྲོད་ཆེ་ཆུང་མེད་པར་རིན་མེད་རྒྱལ་བའི་བཀའ་འགྱུར་ཆ་ཚང་ཚར་རེ་གནང་ལ། གཞན་ཡང་གྲུབ་མཐའ་རིས་སུ་མ་མཆིས་པའི་དགོན་སྡེ་ཆེ་ཁག  སློབ་གྲྭ་ཆེ་ཁག ཚོགས་སྡེ་ཆེ་ཁག དཔེ་མཛོད་ཆེ་ཁག་རྒྱ་བོད་ཕྱི་སོགས་ཀུན་ལ་རིན་མེད་རྒྱལ་བའི་བཀའ་འགྱུར་ཆ་ཚང་རེ་རྟེན་བཞག་གི་ཚུལ་དུ་ཕུལ། དོན་ཆེན་གཉིས་པ་ནི་རྒྱལ་བའི་བཀའ་འགྱུར་པོད། ༡༧༨ ལོ་མང་པོའི་རིང་དུ་གློག་ཀླད་དུ་བཅུག་པའི་དཔར་རྩ་ཆ་ཚང་རིན་མེད་ཐོག་མཉམ་འབྲེལ་ལྷན་ཚོགས་ལ་ཕུལ་གནང་མཛད་པའི་རླབས་ཆེན་གྱི་ལས་དོན་ཁག་གཉིས་ལེགས་གྲུབ་བྱུང་ཡོད་པ་བཅས་སོ།།

2018ལོར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལས་དོན་བསྒྲུབ་ཚུལ་སྐོར།

         ༢༠༡༧།༡༢།༨། ཉིན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཐེངས་གཉིས་པ་ཐེ་བོ་གཙོ་ཚང་དགོན་དུ་འཚོགས་སྐབས། ཚོགས་པའི་གྲོས་ཆོད་ཁག་བརྒྱད་ཡོད་པའི་གསུམ་པའི་དགོངས་དོན་ལ། དཔེ་རྙིང་འཚོལ་བསྡུ་ཚན་ཁག་གིས་མ་ཕྱི་འཚོལ་བསྡུའི་གཞི་རྩ་རྒྱལ་རོང་ཁྲོ་སྐྱབས་པར་མའི་སྐོར་དང་། ཨ་གཡུང་པར་མ། བོན་སླེབ་པར་མ་རྣམས་གཙོས་གཞན་མ་ཕྱི་དཔེ་རྙིང་འཚོལ་བསྡུ་གང་ཐུབ་གནང་དགོས་རྒྱུའི་ཆོད་དོན་ལྟར།  དཔེ་རྙིང་འཚོལ་བསྡུ་ཚན་ཁག་གི་ཚན་གཙོ་ཚོགས་གཞོན་སྣང་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན་གྱིས་བཀོད་སྒྲིག་འོག  དཔེ་རྙིང་འཚོལ་བསྡུ་ཚན་ཁག་གིས་ཕྱོགས་ཕན་ཚུན་དཔེ་རྙིང་གང་མང་ཞིག་བསྡུ་རུབ་བྱས་ནས་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་ལ་གདན་འདྲེན་ཞུས།   ༢༠༡༨།།༡།༡༩། ཉིན་རྒྱལ་ཁབ་རིམ་པའི་ལས་གཞི། ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོའི་དཔེ་རྙིང་འཚོལ་བསྡུའི་ཚོགས་འདུ་དེ་ཁྲིན་ཏུའུ་རུ་འཚོགས་ཏེ། ཐེངས་འདིའི་ཚོགས་འདུའི་ཐོག་དཔེ་རྙིང་འཚོལ་བསྡུ་ཚན་ཁག་གི་གཙོ་འགན་པ་སྣང་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན་དང་། དྲུང་ཡིག་པ་དགེ་བཤེས་བསྟན་འཛིན་རྣམ་རྒྱལ། རྒྱུན་ལས་ལས་འཛིན་པ་བླ་མ་ཚེ་དབང་དངོས་གྲུབ། རྒྱུན་ལས་ལས་འཛིན་པ་སྤྲུལ་རིག་སྔགས་རྒྱ་མཚོ། རྒྱུན་ལས་ལས་འཛིན་པ་སྤྲུལ་བསྟན་འཛིན་རྣམ་རྒྱལ་སོགས་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ། སྤྱི་ཁྱབ་རྩོམ་སྒྲིག་པ་ཨ་སྔགས་ཚེ་རིང་བཀྲ་ཤིས་དང་བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱི་ཀྲུའུ་རེན་འོད་ཟེར། དེ་བཞིན་འབྲེལ་ཡོད་རྩོམ་སྒྲིག་པ་རྣམས་དང་། མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཆེ་འགོ་པ་དགེ་བཤེས་བསྟན་འཛིན་འབྲུག་གྲགས། དྲུང་གཞོན་རིན་སྤུངས་ཚུལ་བསྟན་བཅས་ཁྱོན་མི་གྲངས་བཅུ་དགུ་ལྷག་ཚོགས་འདུ་འཚོགས་ནས། ཐེངས་འདིར་དཔེ་རྙིང་འཚོལ་བསྡུ་ཚོགས་ཁག་གིས་འཚོལ་བསྡུ་བྱས་པའི་དཔེ་ཆ། བོན་བློན་བླ་མ་ནམ་མཁའ་བསྟན་འཛིན་གྱི་བཀའ་འགྱུར་ལས་བྱུང་བའི་དཔེ་བསྡུར་མ་ཕྱི་པོད། 71 དང་།  ཨ་གཡུང་བཀའ་འགྱུར་ལས་བྱུང་བའི་དཔེ་བསྡུར་མ་ཕྱི་པོད་གསུམ་བཅས་ཁྱོན་པོད། 74 དེ་དཔེ་རྙིང་འཚོལ་བསྡུ་ཚན་ཁག་གི་མི་སྣ་ཀུན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་མི་སྣ། གཞུང་ལས་ཁང་གི་མི་སྣ་སུམ་འཛོམས་ཐོག་དྲུང་རྒན་གཞོན་གཉིས་ལ་རྩིས་སྤྲོད་དང་དཔེ་རྙིང་དེ་དག་དཔར་སློག་རྒྱག་རྒྱུའི་ལས་འགོ་བཙུགས།

དེ་རྗེས་བོན་གྱི་བཀའ་འགྱུར་ཆེན་མོའི་ཐེངས་གཉིས་པའི་མ་ཕྱིའི་གཏན་འབེབས་གྲོས་ཚོགས་འཚོགས་རྒྱུའི་འཆར་གཞི་སྐོར་མཉམ་འབྲེལ་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ཀྱི་འགན་འཛིན་རྣམ་པ་ཕན་ཚུན་བསམ་འཆར་ཉན་རེས་དང་ལས་དོན་བསྒྲུབ་ཕྱོགས་ཐད་ཐེངས་མང་མཉམ་འཛོམས་བྱས་ཏེ་གྲོས་བསྡུར་གནང་མཐར། ༢༠༡༨།༤།༣། ཉིན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་དྲུང་རྒན་གཞོན་རྣམས་ཚོགས་འདུ་ཚོགས་ཏེ། དོན་ཚན་དང་པོ། ཐེངས་འདིའི་ཚོགས་འདུ་ཚོགས་ཡུལ་ས་གནས་དང་། གདན་ཞུའི་མཁས་དབང་མི་སྣ་ཁག་བཀོད་སྒྲིག་སྐོར། དོན་ཚན་གཉིས་པ། ཚོགས་འདུའི་གྲོས་གཞི་དངོས། དོན་ཚན་གསུམ་པ། གཏན་འབེབས་བྱ་དགོས་རིགས་སྐོར། དོན་ཚན་བཞི་པ། བསྡུར་མཆན་འགོད་སྟངས་ཐད་ཀྱི་བསམ་གཞིག་སོགས་ཚོགས་འདུའི་འཆར་གཞི་བཀོད་སྒྲིག་གཏན་འབེབས་བྱས།

     ༢༠༡༨།༤།༡༤ནས་༡༥བར་ཉིན་གཉིས་རིང་མཉམ་འབྲེལ་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ཟུང་འབྲེལ་ཐོག་ཁྲིན་ཏུའུ་ལ། ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་སྒྲིག་ཞུ་མ་ཕྱི་གཏན་འབེབས་གྲོས་ཚོགས་འདུ་ཐེངས་གཉིས་པ་བསྐང་ཚོགས་བྱས་ཏེ་ཉིན་གཉིས་རིང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ། སྤྱི་ཁྱབ་རྩོམ་སྒྲིག་པ་ཨ་སྔགས་ཚེ་རིང་བཀྲ་ཤིས་གཙོས་པའི་དཔེ་སྐྲུན་ཁང་གི་ལས་བྱེད་མི་སྣ་རྣམས་དང་།  མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་གཙོས་པའི་གཞུང་ལས་ཁང་གི་མི་སྣ་ལྔ། དགེ་བཤེས་འཇམ་དབྱངས་བརྩོན་འགྲུས་གཙོས་པའི་བཀའ་འགྱུར་མ་དཔེ་སྒྲིག་ཞུ་གཏན་འབེབས་ཚན་ཁག་གི་མི་སྣ་བཅུ་བཞི། དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ་གཙོས་པའི་བཀའ་འགྱུར་སྒྲིག་ཞུ་མ་ཕྱི་གཏན་འབེབས་དང་བླང་སྒྲིག་ཞུ་མི་སྣ་བཅུ་གཅིག་བཅས་ཁྱོན་མི་སྣ་བཞི་བཅུ་ཙམ་ཉིན་གཉིས་རིང་ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་སྒྲིག་ཞུ་མ་ཕྱི་གཏན་འབེབས་བྱེད་ཕྱོགས་ཐད། མངོན་གསལ་དོད་པོའི་ཚིག་སྐྱོན་དང་། དོན་སྐྱོན། ཡིན་མིན་ཐག་གཅོད་དཀའ་བའི་མིང་ཚིག་གི་རིགས་རྣམས་བསྡུར་མཆན་ཨང་གྲངས་འགོད་སྟངས་སོགས་ཁ་ཕྱོགས་གཅིག་གྱུར་ཡོང་ཆེད་གདན་ཞུས་དགེ་བཤེས་དང་མཁས་དབང་རྣམས་དཔྱད་ཞིབ་དང་འབྲེལ་བའི་གྲོས་བསྡུར་ལེགས་པར་གནང་སྟེ་ཟིན་བྲིས་མཐའ་བསྡོམས། ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོའི་ཞུ་དག་ཐད་ཀྱི་གསལ་བཤད་གཅིག་ཤེས་ཀུན་གྲོལ་ཞེས་པ་སྤྱི་ཁྱབ་རྩོམ་སྒྲིག་པ་ཨ་སྔགས་ཚེ་རིང་བཀྲ་ཤིས་ཀྱིས་རྩོམ་སྒྲིག་དང་དཔར་བསྐྲུན་གནང་རྒྱུ་གྲོས་ཐག་བཅད་པ་བཞིན།  དེ་ཉིད་དཔར་བསྐྲུན་ཟིན་མཚམས་བཀའ་འགྱུར་སྒྲིག་ཞུའི་ལས་བྱེད་མི་སྣ་རེ་རེ་བཞིན་དུ་འཕྲོད་ཐབས་བྱས་ཡོད་ལ། ཐེངས་འདིའི་ཚོགས་ཞུགས་ཕལ་ཆེ་བའི་ཡར་མར་གནམ་གྲུ་དང་རླངས་འཁོར་གྱི་འགྲོ་གྲོན། ཚོགས་འདུར་བཞུགས་རིང་གི་མགྲོན་ཁང་དང་། ཞལ་ལག་སོགས་ཀྱི་འགྲོ་གྲོན་གཙོ་བོ་དེ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་བཏང་གནང་ཡོད། གཞན་ཡང་ཐག་གཅོད་གནང་བ་བཀའ་འགྱུར་མ་དཔེ་སྒྲིག་ཞུ་གཏན་འབེབས་ཚན་ཁག་གི་མི་སྣ་རྣམས། དོན་གནད་གལ་ཆེའི་དབང་གིས་ཅིས་ཀྱང་བཞུགས་མི་ཐུབ་མཁན་མ་གཏོགས། འདི་ལོའི་སྤྱི་ཟླ་དགུ་པའི་ཚེས་གཅིག་ནས་བཟུང་སྟེ། རྩོམ་སྒྲིག་ཨུ་ལྷན་མི་སྣ་ཚང་མ་ཁྲི་འདུར་མཉམ་བཞུགས་གནང་སྟེ་ཕྱག་ལས་གནང་རྒྱུའི་གྲོས་ཐག་བཅད་པ་ལྟར། དེང་བཀའ་འགྱུར་མ་དཔེ་སྒྲིག་ཞུ་གཏན་འབེབས་ཚན་ཁག་གི་མི་སྣ་ཕལ་ཆེ་བ་ཁྲིན་ཏུར་ལས་ཀ་བྱེད་སའི་ཁང་པ་སོགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གོ་སྒྲིག་བྱས་ནས་ཁོང་རྣམས་ཀྱིས་ཕྱག་ལས་གནང་དང་གནང་མུས་ཡིན།

          ༢༠༡༨།༣།༢༦ཉིན། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་དུ་ཚོགས་གཙོ་རྩེ་ཞིག་ཚང་གཙོས་པའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་ཚབ་དང་། ཀྲུའུ་རེན་དཀོན་ཁོ་གཙོས་པའི་སྣང་ཞིག་དགོན་ཆེན་གྱི་དོ་དམ་ཁང་གི་མི་སྣ། གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་གླིང་གཙོ་རྫ་ཚེ་དབང་བསྟན་འཛིན་སོགས་ཚོགས་འདུ་འཚོགས་ཏེ། ༢༠༡༨ལོ་འདི་ལ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱས་འཛོམས་ཚོགས་ཆེན་ཐེངས་གཉིས་པ་དང་། གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་གཉིས་པ། ཞང་བོད་ཤེས་རིག་གཞུང་བརྒྱའི་བགྲོ་གླེང་ཆེན་མོ་ཐེངས་གཉིས་པ་བཅས་ཚོགས་ཆེན་གསུམ་སོགས་མདོ་སྨད་སྣང་ཞིག་དགོན་ཆེན་དུ་འཚོགས་རྒྱུའི་ལས་ཀའི་འཆར་གཞི་སྐོར་གྲོས་བསྡུར་དང་གཏན་འབེབས་བྱས་པ་ནི། མཉམ་འབྲེལ་ལྷན་ཚོགས་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་ཚན་ཁག་བཅུ་གཉིས་སྐོར་ཡིན།  ༡༽གཡུང་དྲུང་བོན་མཉམ་འབྲེལ་ལྷནཚོགས་སྐབས་གཉིས་པའི་རྒྱས་འཛོམས་ཚོགས་ཆེན་ཐེངས་གཉིས་པ། ༢༽གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་གཉིས་པའི་འགན་འཛིན་ཚན་ཁག  ༣༽ཞང་བོད་ཤེས་རིག་གཞུང་བརྒྱའི་བགྲོ་གླེང་ཆེན་མོ་ཐེངས་གཉིས་པའི་འགན་འཛིན་ཚན་ཁག ༤༽གཡུང་དྲུང་བོན་གྱི་བཀའ་འགྱུར་མ་དཔེ་སྒྲིག་ཞུ་གཏན་འབེབས་ཚན་ཁག  ༥༽གཡུང་དྲུང་བོན་གྱི་བཀའ་འགྱུར་སྒྲིག་ཞུ་མ་ཕྱིའི་དཔེ་རྙིང་འཚོལ་བསྡུ་ཚན་ཁག  ༦༽གཡུང་དྲུང་བོན་གྱི་ཞི་བདེའི་སྨོན་ལམ་ཆེན་མོའི་འགན་འཛིན་ཚན་ཁག  ༧༽བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཚན་ཁག   ༨༽གངས་ལྗོངས་བོན་དཔྱད་དེབ་ཚན་ཁག  ༩༽ཚོགས་འདུའི་གསར་འགྱུར་འགན་འཛིན་ཚན་ཁག  ༡༠༽ཞང་བོད་རིག་གནས་སྒྱུ་རྩལ་འགྲེམ་སྟོན་ཚན་ཁག  ༡༡༽ དགེ་སྐུལ་སློབ་གསོའི་བཀོད་སྒྲིག་ཚན་ཁག  ༡༢༽ ཚོགས་འདུའི་སྤྱི་ཁྱབ་འགན་འཛིན་ཚན་ཁག་བཅས་ཀྱི་འགན་འཛིན་དང་དེའི་ཁྱབ་ཁོངས་མི་སྣ་སོ་སོར་བཀོད་སྒྲིག་བཟོས་ཏེ། དེ་ནས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་དྲུང་རྒན་གཞོན་རྣམས་ཀྱིས་ཚན་ཁག་སོ་སོའི་འགན་འཛིན་རྣམ་པ་དང་ཚན་པ་སོ་སོའི་འགན་ཁུར་མི་སྣ་རེ་རེ་བཞིན་དུ་སྙན་སེང་དང་ལས་ཀའི་བཀོད་སྒྲིག་ཁག་ཡར་ཞུ་ཐེངས་མང་ཕུལ་ཏེ་བཀོད་སྒྲིག་ཚགས་ཚུད་བྱུང་ཡོད།

             དེ་ནས་༢༠༡༨།༡།༡༩། ཉིན་ནས་བཟུང་༢༠༡༨།༦།༡།བར་ཟླ་ངོ་དྲུག་རིང་དཔེ་རྙིང་འཚོལ་བསྡུ་ཚན་ཁག་གི་གཙོ་འགན་པ་སྣང་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན་གྱིས་ཨ་མདོ་ཤར་ཁོག་ཕྱོགས་ནས་འཚོལ་བསྡུ་གནང་བ་ཁྲོ་སྐྱབས་ཤིང་པར་བདལ་འབུམ་པོད་བཅུ་གཙོས་དཔེ་རྙིང་པོད་ཉེར་ལྔ་དང་། དྲུང་ཡིག་པ་དགེ་བཤེས་བསྟན་འཛིན་རྣམ་རྒྱལ་གྱིས་ཁྱུང་པོའི་ཁུལ་ནས་འཚོལ་བསྡུ་གནང་བ་འབུམ་དུམ་དྲུག་མ་ཀ་ལེགས་དགོན་ཅན་དང་ཁྱུང་པོ་གཡུ་བྱ་ཚང་གཉིས་ཅན་གཙོས་དཔེ་རྙིང་པོད་སུམ་ཅུ་དང་། རྒྱུན་ལས་ལས་འཛིན་པ་བླ་མ་ཚེ་དབང་དངོས་གྲུབ་ཀྱིས་ཁམས་ཁུལ་ནས་འཚོལ་བསྡུ་གནང་བ་ཆུ་ཆེན་ཟངས་དཔར་ཀླུ་འབུམ་དཀར་ནག་ཁྲ་གསུམ་གཙོས་དཔེ་རྙིང་པོད་སུམ་ཅུ་སོ་ལྔ། རྒྱུན་ལས་ལས་འཛིན་པ་སྤྲུལ་རིག་སྔགས་རྒྱ་མཚོས་རྒྱལ་རོང་གཡུང་དྲུང་དགོན་ནས་གཡར་བའི་བོན་བློན་བཀའ་འགྱུར་དཔར་གཞི་པོད། 192 དང་ཁོང་གི་ཁྱིམ་ཚང་ནས་གཡར་བའི་སྡེ་དགེའི་ཤིང་སྤར་ཀླུ་འབུམ་དཀར་ནག་ཁྲ་གསུམ་བཅས་པའི་དཔེ་རྙིང་པོད 195། རྒྱུན་ལས་ལས་འཛིན་པ་སྤྲུལ་སྐུ་བསྟན་འཛིན་རྣམ་རྒྱལ་གྱིས་གཡར་པོ་གནང་བ། ཨ་གཡུང་བཀའ་འགྱུར་དཔར་གཞི་པོད། 157 དགེ་བཤེས་བསྟན་འཛིན་འབྲུག་གྲགས་ཀྱིས་ཁམས་རིན་སྤུངས་དགོན་ནས་གཡར་བའི་བདལ་འབུམ་པོད་བཅུ་གཙོས་རྒྱལ་ཕྱི་ནང་གང་ས་ནས་ཐབས་ཤེས་བྱས་པའི་དཔེ་རྙིང་པོད་48 རིན་སྤུངས་ཚུལ་བསྟན་གྱིས་ཕ་ཡུལ་ཕྱོགས་གཡར་བ་ཡི་གེ་དྲུག་བརྒྱ་དང་ཐར་མདོ་རིགས་གཉིས་གཙོས་དཔེ་རྙིང་པོད5 གཞན་ཡང་དྲུང་རྒན་གཞོན་གཉིས་ཀྱིས་ཤར་ཁོག་སྐྱང་ཚང་དགོན་པར་ཆེད་དུ་སོང་སྟེ་རྒྱལ་རོང་ཆུ་ཆེན་ཟངས་པར་མ་ཁམས་ཆེན་པོད་བཅུ་དྲུག་གཙོས་དཔེ་རྙིང་པོད་30བཅས་བསྡོམས་པོད། 525དེ་ཟླ་བ་དྲུག་རིང་དྲུང་ཆེ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་དང་དྲུང་གཞོན་རིན་སྤུངས་ཚུལ་བསྟན་གཉིས་ཀྱིས་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་དུ་ཉིན་མཚན་ལྟོས་མེད་ཀྱིས་དཔར་སློག་རྒྱག་རྒྱུ་དང་། དཔར་སློག་རྒྱབ་ཟིན་པའི་ཡིག་ཆ་ཁག་བཀའ་འགྱུར་སྒྲིག་ཞུའི་ལས་བྱེད་པ་སོ་སོར་སྦྲག་བརྒྱུད་ནས་བསྐུར་རྒྱུ་དང་། བཀའ་འགྱུར་སྒྲིག་ཞུའི་ལས་བྱེད་པ་རྣམས་ཀྱིས་གོམ་པ་དང་པོ་མ་བུ་ཐོད་གཏུགས་ཚར་རིམ་བཞིན་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ལ་ཕར་སྤྲོད་རྒྱུ་དང་། དཔེ་སྐྲུན་ཁང་གིས་ལས་ཀ་བྱས་ཟིན་པ་དེ་དག་བཀའ་འགྱུར་སྒྲིག་ཞུའི་ལས་བྱེད་པ་རྣམས་ལ་ཕར་བསྐུར་རྒྱུ་སོགས་རྙོག་འཛིང་དང་བྲེལ་ཚབ་བཅས་ཆེ་མིན་ལ་མ་ལྟོས་པར་ཐ་ན་བདུན་ཕྲག་གི་གཟའ་ཉི་མའི་ངལ་གསོ་མེད་པའི་དཀའ་ཁྲི་ཁྱད་བསད་ཀྱི་སྒོ་ནས་ལས་ཀ་གདོང་ལེན་བྱས་ཡོད་ལ། སྐབས་དེར་དྲུང་རྒན་གཞོན་གཉིས་ཀྱིས་ལས་ཀ་ཚར་ཐབས་མེད་ནས་སྤྱི་ཟླ་གསུམ་པའི་ནང་ནས་བཟུང་ཚོགས་གཙོ་མཆོག་ལ་ཡར་ཞུ་དང་འབྲེལ་ཤར་ཁོག་སྐྱང་ཚང་དགོན་པའི་གྲྭ་ཁྱུང་གསས་བཤད་སྒྲུབ་མཆོག་སྐད་གཏོང་ནས་ཟླ་བ་གཉིས་རིང་མཉམ་དུ་ལས་ཀ་གནང་ཡོད།

དེ་ནས་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་གི་ལོ་རེའི་འཆར་གཞི་ལ། ཁྲིན་ཏུར་དབྱར་ཁར་ཚ་བ་ཆེ་བས་ལས་ཀ་བྱ་རྒྱུར་དཀའ་ངལ་ཆེ་བ་དང་སྟབས་བསྟུན། གཞུང་ལས་ཁང་གི་ལས་བྱེད་དང་ སྒྲུབ་ཁང་བླ་མ་ལོ་རེའི་སྤྱི་ཟླ་དྲུག་པའི་ཚེས་གཅིག་ནས་སྤྱི་ཟླ་དགུ་པའི་ཚེས་གཅིག་བར་ཟླ་གསུམ་རིང་དབྱར་ཁར་གུང་གསེང་འགྲོ་རྒྱུའི་འཆར་གཞི་ལྟར་ཟླ་བ་གསུམ་རིང་གུང་གསེང་ཡིན། འོན་ཀྱང་གུང་གསེང་དུས་ཡུན་ནང་ལོ་རེའི་བོད་ཟླ་ལྔ་པའི་ཚེས༡༥ཉིན་འཛམ་གླིང་སྤྱི་བསང་དང་སྟབས་བསྟུན་ལོ་ལྟར་མཉམ་འབྲེལ་ལྷན་ཚོགས་ཀྱི་བཀོད་སྒྲིག་འོག་ལྷ་སར་ཡོད་པའི་བོན་འབངས་ཀུན་སྟོད་ལུང་འབྲི་ལུང་དགོན་པའི་གནའ་ཤུལ་ལ་ལྷན་འཛོམས་གནང་སྟེ་རི་བསང་རླུང་རྟ་དང་མཉམ་འཛོམས་གནང་རྒྱུའི་ལས་དོན་དེ་འདི་ལོར་ཚོགས་གཙོ་རྒན་གཞོན་ཁོང་རྣམས་ཕེབས་ཁོམ་མ་བྱུང་ནས་དྲུང་ཆེས་འགན་ཁུར་ཏེ་ལས་དོན་བསྒྲུབ་ཡོད། གཞན་ཡང་འདི་ལོའི་སྤྱི་ཟླ་བདུན་པའི་ནང་དམིགས་བསལ། ཞྭ་དཀར་བསྟན་པའི་གཙུག་རྒྱན། དཔལ་གཤེན་བསྟན་སྨན་རི་དགོན་པའི་དཔོན་སློབ། ༧སྐྱབས་རྗེ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་བོད་གངས་ཅན་ལྗོངས་ལ་ཞབས་སོར་འཁོད་སྐབས་ཚོགས་གཙོ་རིན་པོ་ཆེས་གལ་ཆེའི་བཀོད་སྒྲིག་དང་འབོད་བསྐུལ་འོག ལྷན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ་དང་བློ་འདྲི་མི་སྣ། ཚོགས་གཙོ། རྒྱུན་ལས་ཚོགས་གཙོ་སྐུ་གཞོན།  ཚོགས་གཞོན་རྣམ་པ། དྲུང་རྒན་གཞོན་དང་དྲུང་ཡིག་རྣམ་པ། རྒྱུན་ལས་ལས་འཛིན་རྣམས་རིམ་བཞིན་༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་ལ་མཇལ་ཞུ་དང་ཁོང་གི་བཀའ་སློབ་ལམ་སྟོན་གསན་རྒྱུ། ཚོགས་གཙོ་རིན་པོ་ཆེས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་བསྒྲུབ་ཕྱོགས་ཡར་ཞུ་དང་འབྲེལ་བའི་ལས་དོན་རབ་དང་རིམ་པར་བསྒྲུབ་ཡོད།

དེ་ནས་༢༠༡༨།༨།༢༡།ཉིན་དྲུང་རྒན་གཞོན་ཁྲིན་ཏུར་སྔ་ཙམ་ཡོང་ནས་འདི་ལོར་དམིགས་བསལ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་ཡུན་ལོ་དྲུག་གི་ནང་ནས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཧ་ཅང་གི་གལ་ཆེ་བའི་ལོ་ཞིག་དང་། མཉམ་འབྲེལ་ལྷན་ཚོགས་དབུ་བརྙེས་ནས་ལོ་བཅུ་འཁོར་བའི་དུས་དྲན་དང་རྒྱས་འཛོམས་ཚོགས་ཆེན་གཙོས་ཚན་ཁག་མང་པོ་ཞིག་ལས་འགུལ་མཉམ་དུ་སྤེལ་རྒྱུའི་ལོ་ཞིག་ཡིན་པར་བརྟེན།  སྔ་ཙམ་ནས་གྲ་སྒྲིག་མང་པོ་ཞིག་དགོས་པ། དཔེར་ན། ཐེངས་འདིའི་ཚོགས་ཕེབས་གནང་མཁན་མདོ་དབུས་ཁམས་གསུམ་གྱི་བོན་པོའི་དགོན་པ་དང་རི་ཁྲོད།  བླ་མ་དང་དཔོན་སློབ། དགེ་བཤེས་མཁན་པོ། ཚོགས་སྡེ་ཁག་གི་འགན་འཛིན་མི་སྣ། ཕྱོགས་ཕན་ཚུན་གྱི་འཐུས་མི་རྣམས་ལ་གཟི་བརྗིད་དཔང་ཡིག་དང་། ལེགས་མཚོན་བྱ་དགའ་འབུལ་རྒྱུའི་དངོས་རྫས་ཁག་བཟོ་བཀོད་དང་འབྲེལ་བའི་གྲ་སྒྲིག་བྱས། དེ་ནས་༢༠༡༨།༩།༡།ཉིན་ཚོགས་གཙོ་རྩེ་ཞིག་ཚང་གིས་སྔ་ཙམ་ནས་ཚན་པ་ཁག་གི་འགན་འཛིན་རྣམས་ལ་བརྡ་ཁྱབ་དང་འབྲེལ། ཉིན་འདིར་ལྷན་ཚོགས་ཀྱི་ཚོགས་གཙོ་དང་དྲུང་རྒན་གཞོན་གཉིས།  གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་གཉིས་པའི་འགན་འཛིན་ཚན་ཁག་གི་ཚན་གཙོ་རྒན་གཞོན་གཉིས།  ཞང་བོད་ཤེས་རིག་གཞུང་བརྒྱའི་བགྲོ་གླེང་ཆེན་མོ་ཐེངས་གཉིས་པའི་འགན་འཛིན་མི་སྣ། བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཀྱི་མི་སྣ། དགེ་སྐུལ་སློབ་གསོའི་བཀོད་སྒྲིག་ཚན་ཁག་གི་མི་སྣ།  ཚོགས་འདུའི་སྤྱི་ཁྱབ་འགན་འཛིན་ཚན་མི་སྣ་བཅས་ཚོགས་འདུ་འཚོགས་ཏེ། ༢༠༡༨།༩།༡༩།ཉིན་མདོ་སྨད་སྣང་ཞིག་དགོན་ཆེན་དུ་གོང་གསལ་ཚན་པ་ཁག་བཅུ་གསུམ་པོའི་ལས་ཀ་དང་འཆར་གཞི་སོགས་གྲ་སྒྲིག་ཚགས་ཚུད་བཟོ་དགོས་པའི་ལས་དོན་དང་འབྲེལ་གཙོ་བོ་སྣང་ཞིག་དགོན་ཆེན་དང་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་གཉིས་པའི་འགན་འཛིན་ཚན་ཁག་གི་ཚན་གཙོ་རྒན་གཞོན་གཉིས་གཙོས་ལྷན་འཛོམས་གནང་སྟེ་འདི་ལོའི་ཚོགས་ཆེན་ཉིན་བདུན་གྱི་མཛད་རིམ་སྐོར་གྲོས་བསྡུར་ཐེངས་མང་གནང་ནས་མཐར་གཏན་འབེབས་བྱས་ལ། དེ་ནས་ ༢༠༡༨།༩།༡༩།ཉིན་སྣང་ཞིག་དགོན་པའི་སྡེ་དགོན་གཉིས་དང་མཉམ་འབྲེལ་ལྷན་ཚོགས་ཟུང་འབྲེལ་གྱི་སྒོ་ནས་འབད་བརྩོན་བགྱིས་པའི་ཉིང་དགོས་ད་ཐེངས་ཚོགས་ཆེན་གསུམ་གཙོས་ཞྭ་དཀར་རིང་ལུགས་འཛིན་པའི་བོན་འབངས་ལྷན་རྒྱས་དང་གྲུབ་མཐའ་རིས་སུ་མ་མཆིས་པའི་འཆད་ཉན་སྒོམ་པའི་སྡེ་རྣམས་རྒྱས་འཛོམས་ཐུབ་པའི་བཀྲ་ཤིས་ཀྱི་ཉིན་མོ་འདི་ཨེ་མ་ངོ་མཚར་རྨད་དུ་བྱུང་བའི་རྟེན་འབྲེལ་གྱིས་མཐར་བརྒྱན་པའོ།།  རྣམ་པ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།


 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།