མཐུན་ལམ་གསེར་གྱི་དམུ་ཐག་དམ་དུ་སྒྲིལ། །བསྟན་དོན་ཁུར་ཆེན་ལྷག་བསམ་དག་པས་འདེགས། །

[ཟླ་ཚེས། 2018-09-29 14:29:14][རྩོམ་པ་པོ། རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

IMG_4569.JPG

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱས་འཛོམས་ཚོགས་ཆེན་ཐེངས་གཉིས་པའི་དངོས་གཞིའི་ཚོགས་འདུའི་སྟེང་གི་བྱ་བའི་སྙན་ཞུ།

རབ་བྱུང་ངུར་སྨྲིག་གི་སྡེ་དང་། རིག་འཛིན་དབལ་བོན་གྱི་སྡེ། ལྷ་ཤེས་གྲོང་བོན་གྱི་སྡེ། ཆེད་མཁས་ཞིབ་འཇུག་པའི་སྡེ་སོགས། མདོར་ན་སྟོན་འཁོར་འདུ་བ་རྣམ་བཞི་གཙོ་རུ་བྱས་པའི། ཕྱོགས་བཞི་མཚམས་བརྒྱད་ནས་བསྟན་འགྲོའི་དོན་ཆེན་འདེགས་པར་ཆེད་ཕེབས་གནང་བའི་བཀུར་འོས་ལྷན་རྒྱས་རྣམ་པ།

ཚོགས་འདུའི་བརྗོད་བྱ་དངོས་ལ་མ་འཇུག་པའི་སྔོན་དུ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བའི་ལས་དོན་ཆེ་ཕྲ་ཅི་རིགས་ཀྱིས་མཚོན། བོན་པོ་ཡོངས་རྫོགས་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གྱི་ལམ་ཁར་གོམ་པ་སྤོ་བའི་ཕྱོགས་ལ། དམིགས་བསལ་གྱིས་མཛད་རྗེས་བླ་ལྷག་ཏུ་ཆེ་བ་སྟེ། "དཀའ་བ་སྤྱད་དེ་མཛད་རྗེས་བླ་མེད་བཞག  །ཁྱད་འཕགས་རྣམ་ཐར་བསྟན་འགྲོའི་དཔལ་དུ་འབར། །"ཞེས་པ་ལྟར་གྱི་སྐྱེས་ཆེན་གང་མང་ཞིག་གི་ཐུགས་རྗེ་དང་བཀའ་དྲིན་སྙིང་ནས་དྲན་བྱུང་། ལྷག་དོན་ཉེ་བའི་ཆར་གྱི་ང་བརྒྱད་ལོའི་དུས་འགྱུར་དང་། ལོ་ངོ་བཅུའི་རིང་གི་རིག་གསར་གྱི་གོད་ཆག་སྟེ། རྒྱལ་བསྟན་དར་རྒུད་སྤྱི་ཚོགས་གསར་རྙིང་གི་ལོ་རྒྱུས་དཀྱོགས་མཚམས་ཁ་ཚ་དགོས་གཏུག་གི་སྐབས་སུ། གཡུང་དྲུང་བོན་གྱི་བསྟན་པ་རྨང་ནས་གསོ་བ་ལ། སྐུ་ངལ་འཛེམ་མེད་ཀྱིས་ཕྱག་ལས་ལྗིད་མོ་ཚེ་དང་མཉམ་པར་བསྟར་བའི་གཞིས་བྱེས་བོན་འབངས་ཡོངས་ཀྱི་གཙུག་རྒྱན ༧ སྐྱབས་རྗེ ༧ རྒྱལ་བ་སྨན་རིའི་ཁྲི་འཛིན ༣༣ པ་ཆེན་པོ་མཆོག་དང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དབུ་བཞུགས་བླ་ཆེན་གཡུང་དྲུང་རྒྱལ་བ་རིན་པོ་ཆེ། དགེ་སློང་བསྟན་འཛིན་དབང་གྲགས། རྒྱལ་ཚབ་མཐུ་སྟོབས་རྣམ་རྒྱལ། ཟླ་སྤྲུལ་རིན་ཆེན་ཕུན་ཚོགས། སྣང་ཞིག་རྒྱ་འོབས་རིན་པོ་ཆེ། སོག་སྡེ་གྲུབ་དབང་བསྟན་པའི་ཉི་མ།  རྟོགས་ལྡན་ཁྲི་བ་རིན་པོ་ཆེ། སྨན་རིའི་དགེ་བཤེས་ཟླ་བ་བསྟན་འཛིན། སྐྱབས་རྗེ་བླ་མ་བོན་བརྒྱ་བ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་སོགས་ལོ་རྒྱུས་ཀྱིས་གཏན་ནས་བརྗེད་མི་སྲིད་ལ། ང་ཚོས་ཀྱང་གོ་སྐབས་འདི་དང་བསྟུན་ཁོང་རྣམ་པར་སྙིང་ཐག་པ་ནས་དྲན་གསོ་ཞུ་བ་མ་ཟད། ཁོང་རྣམ་པས་རང་དོན་ཡིད་བྱེད་ཀྱིས་མ་ལྷད་པའི་ལྷག་བསམ་རྣམ་དག་གི་སྒོ་ནས། བསྟན་འགྲོའི་ཕན་བདེ་འབའ་ཞིག་གིས་ཆེད་དུ་བསྐྱངས་པའི་མཛད་འཕྲིན་འོད་རླབས་ཀྱི་ཟེགས་མ་རེ་རེ་བཞིན། ངོས་ཟིན་པ་དང་དེ་ལ་ངེས་ཤེས་བརྟན་པོ་ཡོད་པའི་ཐོག་ནས། ནམ་ཡང་ང་ཚོའི་སེམས་ཁོང་ན་དྲོད་ཁོལ་གྱི་རླབས་དང་བསྡོངས་ནས་འོད་དུ་འཚེར་བཞིན་ཡོད་ཅེས་གུས་འདུད་ཞུ་རྒྱུ་ཡིན།

གཤམ་དུ་ངས་རང་སྟེང་གི་འགན་འཁྲི་ལ་རྐང་བཙུགས་ཏེ་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་སྔོན་མའི་གྲོས་ཆོད་ཁག་གི་ལས་ཀའི་གནས་ཚུལ་མདོར་བསྡུས་སུ་སྙན་སྒྲོན་ཞུ་བ་དང་སྟབས་བསྟུན། མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་མདུན་གྲས་སུ་རྦད་དེ་སླེབས་ཡོད་པའི་འགན་འཁྲི་གཙོ་བོ་ཅི་ཡིན་དམིགས་སུ་བཟུང་ནས། དེའི་སྐོར་ལ་རང་གི་བསམ་ཚུལ་ལམ་རེ་འདུན་འགའ་ཞུ་རྒྱུ་ཡིན་པས། ནོར་འཁྲུལ་བྱུང་ན་ལྷན་རྒྱས་ནས་དུས་ལྟར་སྐྱོན་བརྗོད་དང་ཡོ་བསྲང་གནང་རྒྱུའི་རེ་བ་ཞུ།

དང་པོ། མཉམ་འབྲེལ་ལྷན་ཚོགས་ཀྱི་གྲོས་ཆོད་ཁག་གི་གནས་ཚུལ་སྤྱིར་བཤད་པ།

 སྤྱི་ལོ ༢༠༠༩ ལོའི་ཟླ ༡༢ ཚེས ༨ ཉིན། མཉམ་འབྲེལ་ལྷན་ཚོགས་དངོས་སུ་དབུ་བརྙེས་པ་ནས་ད་ལྟའི་བར། ལོ་ངོ་གསུམ་རེའི་ནང་དུ་རྒྱས་འཛོམས་ཚོགས་ཆེན་ཐེངས་རེ་དང་། ལོ་རེ་བཞིན་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་རེ་བསྡུས་ཏེ།  མ་འོངས་པའི་བྱ་བའི་ཐད་ལ་འཆར་གཞི་བཟོས་ཞིང་། གྲོས་ཆོད་བྱེད་པའི་ཐབས་ལམ་བཟང་པོ་རྒྱུན་འཁྱོངས་བྱེད་བཞིན་ཡོད་ལ། འདས་པའི་ངོ་ལོ་བཅུའི་ནང་དུ། རང་རེའི་ཚོགས་པས་གཤེན་བསྟན་འཛིན་སྐྱོང་སྤེལ་གསུམ་ལ་ཕན་རླབས་ཆེ་བའི་གྲོས་ཆོད་ཀྱི་ཆ་ནས་ཡིན་ན། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་དང་པོའི་གྲོས་ཆོད་ལ། དཔེར་ན། མི་རིགས་དཔེ་སྐྲུན་ཁང་གིས་སྒྲིག་བཞིན་པའི་བོད་རྒྱ་ཚིག་མཛོད་ཆེན་མོའི་ནང་དུ་བོན་རིང་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ཐ་སྙད་འགངས་ཆེན་སྐོར་བླུག་ཐུབ་པ་བྱ་རྒྱུས་མཚོན་ཁྱོན་བསྡོམས་དོན་ཚན་ང་གཅིག་ཡོད་པ་ལས། ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞི་དང་། གཡས་རུའི་ཨ་ཁྲིད་ཆེན་མོ་རྒྱ་ཡིག་ཏུ་བསྒྱུར་རྒྱུ་སོགས་དོན་ཚན་དགུ་མ་གཏོགས་ཚང་མ་ལེགས་འགྲུབ་བྱུང་ཡོད་པ་དང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་གྲོས་ཆོད་ལ་དེ་སྔོན། བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་ཚན་ཁག་གིས་རྒྱ་ཡིག་ཏུ་བསྒྱུར་བའི་བོད་རྒྱ་སྐད་གཉིས་ཤན་སྦྱར་གྱི་སངས་རྒྱས་གཡུང་དྲུང་བོན་གྱི་ཞལ་འདོན་དེ་ཉིད་ཡོངས་སུ་བསྒྱུར་ཚར་བ་བྱས་ཐོག དཔར་བསྐྲུན་འགྲེམ་སྤེལ་བྱེད་རྒྱུས་མཚོན་ཁྱོན་བསྡོམས་དོན་ཚན་ཉེར་གཉིས་བཞག་ཡོད་ཅིང་། དེའི་ནང་གི་ཚོགས་པར་ཆོག་མཆན་ཡི་གེ་ལེན་རྒྱུ་ཕུད། ཁ་ཤས་ཞིག་ད་ལྟ་ལག་ལེན་དུ་བསྟར་བའི་སྐབས་ཡིན་པ་བཅས། མདོར་ན་གྲོས་ཆོད་ཡོངས་རྫོགས་ལེགས་འགྲུབ་བྱུང་ཡོད་ཅིང་། དེ་དག་གི་གནས་ཚུལ་ཞིབ་ཕྲ་ལྷན་རྒྱས་ཀྱི་ཕྱག་ཏུ་དཔྱད་གཞིར་ཕུལ་ཡོད་པ་ལྟར་ལགས་ན། གནས་ཚུལ་དོན་དངོས་དང་མཐུན་མི་མཐུན་སོགས་ཀྱི་ཆ་ཡོད་ཚེ་རྣམ་པ་ཚོས་དུས་ལྟར་ཡོ་བསྲང་ལེགས་བཅོས་གནང་རྒྱུའི་རེ་བ་ཡོད།

གཉིས་པ། ལོ་སྔོན་མའི་གྲོས་ཆོད་ཁག་གི་ལས་ཀའི་གནས་ཚུལ་ཆེད་དུ་ཞུ་བ།

 གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་གཉིས་པ་སྟེ། ལོ་སྔོན་མའི་ཚོགས་འདུའི་སྟེང་བསྡོམས་པའི་གྲོས་ཆོད་ག་ཚོད་བཞག་ཅེ་ན། ལོ་སྔོན་མའི་ཚོགས་འདུའི་སྟེང་བསྡོམས་པའི་གྲོས་ཆོད་བརྒྱད་ཡོད་ཅིང་། དེ་དག་རེ་རེ་ལྟར་ན།

 ༡ སྒྲུབ་ཁང་བླ་མ་ཚོགས་གཞོན་སོ་སོ་ལ་བསྐོར་རྒྱུ། ༢ གཞུང་ལས་ཁང་གི་འགན་འཛིན་པ་དྲུང་ཡིག་རྒན་གཞོན་རྣམ་གཉིས་ནས་ཁུར་རྒྱུ། ༣ གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་བཀའ་འགྱུར་སྒྲིག་ཞུ་མ་ཕྱིའི་ཡིག་རྙིང་འཚོལ་བསྡུ་ཚན་ཆུང་འཛུགས་རྒྱུ། ༤  གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་དགེ་ལས་རོགས་དངུལ་དོ་དམ་འགན་འཛིན་ཚན་ཆུང་འཛུགས་རྒྱུ། ༥ རང་རེའི་ཚོགས་པའི་ནང་དུ་རྒྱུན་ལས་ལས་འཛིན་མི་སྣ་སྐོར་ཞིག་ཁ་སྣོན་བྱ་རྒྱུ། ༦ དྲུང་ཡིག་ཚན་ཁག་ནས་ཚོགས་འདུ་སྒྲིག་བཀོད་བྱ་བའི་ལས་ཀ་ཆེ་ཕྲ་གང་ཡོད་ཕྲག་ཏུ་ཁུར་བར་བྱ་རྒྱུ། ༧ གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་གསར་འགོད་ལས་གཞིའི་འགན་འཛིན་ཚན་ཆུང་འཛུགས་རྒྱུ། ༨ གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་སྐབས་གསུམ་པ་དང་སྐབས་བཞི་བའི་འཚོགས་ཡུལ་གཏན་འཁེལ་མཛད་པ་བཅས་ཡིན་ནོ། །

ལྷན་རྒྱས་ཀྱིས་ཤུགས་ཆེའི་རྒྱབ་སྐྱོར་འོག་ཏུ། གོང་གསལ་དེ་དག་གི་ནང་ནས་ཉེ་སྔོན་འགྲུབ་ཟིན་པའི་གྲོས་ཆོད་ཀྱི་སྐོར་ཡིན་ན། སྒྲུབ་ཁང་བླ་མ་དང་། གཞུང་ལས་ཁང་གི་འགན་འཛིན། ཡིག་རྙིང་འཚོལ་བསྡུ།། ཚོགས་འདུའི་བཀོད་སྒྲིག་བྱ་བ། ཚོགས་འདུའི་གསར་འགོད་ལས་གཞི། རྒྱུན་ལས་ལས་འཛིན་ཁ་སྣོན། ལོ་རྗེས་མའི་ཚོགས་འདུ་འཚོགས་ཡུལ་གཏན་འཁེལ་བྱ་བ་བཅས་དོན་ཚན་བདུན་ཙམ་ལེགས་འགྲུབ་བྱུང་ཡོད་ལ། དགེ་ལས་རོགས་དངུལ་དོ་དམ་བྱ་བཞག་དོན་འཁྱོལ་ཡོང་བར་ད་ལྟ་མུ་མཐུད་བསྐུལ་མ་གཏོང་བཞིན་ཡོད་པ་བཅས་ཡིན་ནོ། །

གསུམ་པ། གོང་གསལ་གྲོས་ཆོད་དེ་དག་གི་ནང་མ་ཐེ་བའི་ལོ་གཅིག་རིང་གི་ལས་ཀའི་གྲུབ་འབྲས་གཞན་དག་སྐོར།

བཀའ་འགྱུར་མ་དཔེ་གཏན་འབེབས་སྒྲིག་ཞུ་བྱ་བའི་ལས་ཀའི་བརྒྱུད་རིམ་ཁག་གཤམ་ནས་འབྱུང་སྟབས་འདིར་བསྡུས་མེད་པས་མཚོན། གོང་གསལ་གྲོས་ཆོད་དེ་དག་དུ་མ་ཐེ་བའི་ལོ་གཅིག་རིང་གི་ལས་ཀའི་གྲུབ་འབྲས་གཞན་དག་གི་ཐད་ནས་ཡིན་ན།

 སྤྱི་ལོ ༢༠༡༧ ལོའི་ཟླ ༡༢ ཚེས ༢༥ ཉིན་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་དུ། ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་སྒྲིག་ཞུ་ཁང་ཞེས་པའི་མཚན་བྱང་དཔང་ཡིག་བརྒྱུད་སྤྲོད་བྱས་པ་དང་། ཟླ ༣ ཚེས ༢༦ ཉིན་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱས་འཛོམས་ཚོགས་ཆེན་ཐེངས་གཉིས་པ་དང་། གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་གཉིས་པ། གཡུང་དྲུང་བོན་ཞང་བོད་ཤེས་རིག་གཞུང་བརྒྱའི་བགྲོ་གླེང་ཆེན་མོ་ཐེངས་གཉིས་པ་བཅས་ཀྱི་ཚོགས་རིམ་ལས་འཆར་གྲ་སྒྲིག་བྱེད་སྟངས་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཁྲིའུ་འདུ་རུ་འཚོགས་པ། ཟླ ༦ ཚེས ༢༨ ཉིན་སྟོད་ལུང་འབྲི་ལུང་དགོན་དུ་འཛམ་གླིང་སྤྱི་བསང་འཚོགས་པར་རོགས་འདེགས་བཀོད་འདོམས་འགན་འཛིན་བྱས་པ། ཟླ ༧ ཚེས ༡༨ ཉིན་སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ཉིད་བོད་དུ་ཕེབས་པ་ལ་ལྷན་ཚོགས་ཀྱི་ངོས་ནས་འཚམས་འདྲི་མདུན་བཅར་ཞུ་བར་ལྷ་སར་སོང་བ། ཟླ ༧ ཚེས ༡༩ ཉིན་ལྷ་སར་གྲོང་ཁྱེར་དུ་ཡོད་པའི་ཁམས་སྐུ་རིམ་ཚོགས་པར་ལེགས་གསོལ་འཚམས་འདྲི་ཞུ་བར་བསྐྱོད་པ། ཟླ ༩ ཚེས ༡ ནས་ཉིན་ཤས་རིང་ད་ལོའི་ཚོགས་ཆེན་གསུམ་དང་འབྲེལ་བའི་ཞང་ཞུང་ཤེས་རིག་མཛད་སྒོ་ཁག་ཇི་ལྟར་སྤེལ་སྟངས་སྐོར་གྱི་མཛད་རིམ་རེའུ་མིག་བཟོ་བའི་ཚོགས་འདུ་སྐོང་འཚོགས་བྱས་པ། ཟླ ༩ ཚེས ༡༦ ཉིན་ནས་བཟུང་དྲུང་ཡིག་རྒན་གཞོན་གཉིས་རྔ་ཡུལ་སྣང་ཞིག་དགོན་ཆེན་ལ་བསྐྱོད་དེ་ཚོགས་འདུ་དང་འབྲེལ་བའི་ལས་ཀའི་སྐོར་ལ་མཉམ་ཞུགས་བྱས་པ་བཅས་སོ། །

དེ་དག་གིས་མ་ཚད། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དགོངས་དོན་ལྟར་ཁམས་ཡན་ལག་ཚོགས་པ་དང་། གཡས་རུའི་འཆད་རྩོད་ཆེན་མོའི་འགན་འཛིན་ཚན་ཁག གངས་ལྗོངས་བོན་དཔྱད་དེབ་རྩོམ་སྒྲིག་ཚན་ཁག ཞི་བདེ་སྨོན་ལམ་ཆེན་མོའི་འགན་འཛིན་ཚན་ཁག གངས་ལྗོངས་བོན་དྲ་བ་དང་འབྲེལ་བའི་གསར་འགོད་ལས་གཞིའི་འགན་འཛིན་ཚན་ཁག བཀའ་འགྱུར་མ་ཕྱི་དཔེ་བསྡུར་ཡིག་རྙིང་འཚོལ་བསྡུ་ཚན་ཁག  བོན་གྱི་ཐ་སྙད་རྒྱ་ཡིག་ཕབ་བསྒྱུར་གཏན་འབེབས་ཚན་ཁག ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་མ་དཔེ་སྒྲིག་ཞུ་གཏན་འབེབས་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་། ཞང་བོད་ཤེས་རིག་གཞུང་བརྒྱའི་བགྲོ་གླེང་འགན་འཛིན་ཚན་ཁག དགེ་ལས་རོགས་དངུལ་དོ་དམ་འགན་འཛིན་ཚན་ཁག ཞང་བོད་རིག་གནས་སྒྱུ་རྩལ་འགྲེམས་སྟོན་འགན་འཛིན་ཚན་ཁག དགེ་བསྐུལ་སློབ་གསོའི་བཀོད་སྒྲིག་འགན་འཛིན་ཚན་ཁག་བཅས། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་སྡེ་ཚན་ཚན་ཁག་སོ་སོ་ནས་ཀྱང་། འདས་པའི་ལོ་ངོ་གཅིག་གི་ནང་དུ་བསྟན་པའི་གཟི་བརྗིད་དང་། འགྲོ་བའི་བསོད་ནམས་སུ་ཆེ་བའི་ཕྱག་ལས་དོན་སྙིང་ལྡན་པ་གང་མང་ཞིག་བསྒྲུབས་དང་སྒྲུབ་བཞིན་ཡོད་པ། ཚན་ཁག་སོ་སོའི་འགན་འཛིན་རྣམ་པས་ཚོགས་ཆེན་ལ་སྐབས་བསྟུན་ལྟར་སྙན་ཞུ་འབུལ་རྒྱུ་ཡིན་པས། ལྷན་རྒྱས་ནས་དེ་ལུགས་ལྟར་མཁྱེན་རོགས་གནང་དགོས་པ་ཡིན།

བཞི་བ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་འདས་ཟིན་ལོ་ངོ་གསུམ་རིང་གི་བྱ་བའི་གྲུབ་འབྲས་གཙོ་བོ་ཁག་ཅིག་ཆེད་དུ་གླེང་བ།

མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་འདས་ཟིན་ལོ་ངོ་གསུམ་རིང་གི་བྱ་བའི་གྲུབ་འབྲས་གཙོ་བོ་ཁག་ཅིག་གི་ཐད་ནས་གསལ་བཤད་ཞུ་རྒྱུ་ལ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ལྷན་ཚོགས་ཀྱིས་འདས་པའི་ལོ་ངོ་གསུམ་གྱི་རིང་དུ། མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ལྷན་ཚོགས་མཉམ་རུབ་ཀྱིས་འབད་འབུངས་རྒྱ་ཆེར་གནང་བ་ལ་བརྟེན་ཏེ། མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་གསར་དུ་སྒོ་འབྱེད་བྱས་པ་དང་། གཡུང་དྲུང་བོན་གྱི་ཞི་བདེ་སྨོན་ལམ་ཆེན་མོ་འཚོག་རྒྱུ་མུ་མཐུད་རྒྱུན་འཛིན་དར་སྤེལ་བྱེད་བཞིན་པ། ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་མ་དཔེ་གཏན་འབེབས་སྒྲིག་ཞུའི་བྱ་བར་འབད་བརྩོན་གནང་བཞིན་པ་བཅས་ཏེ། གཞུང་ལས་ཁང་དང་། ཞི་བདེ་སྨོན་ལམ། བཀའ་འགྱུར་གྱི་ལས་གཞི་བཅས་ཀྱི་ཐད་ནས་དགའ་འོས་པའི་གྲུབ་འབྲས་བཟང་པོ་ཞིག་བླངས་ཡོད་ཀྱང་། དེ་དག་སོ་སའི་དགོས་པ་རྒྱུ་མཚན་ཟུར་འབུལ་བྱས་ཡོད་པ་ལྟར་ལགས་ན། རྣམ་པ་ལྷན་རྒྱས་ལ་དབང་བའི་དུས་ཚོད་མང་པོ་འདི་ནས་འགོར་འགྱངས་བྱེད་རྒྱུ་མིན།

ལྔ་བ། མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་སྟོབས་ཤུགས་ཡོངས་རྫོགས་ཕྱོགས་གཅིག་ཏུ་འདུས་པར་སྐུལ་སྤེལ་བྱས་ཏེ། ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་མ་དཔེ་གཏན་འབེབས་སྒྲིག་ཞུའི་བྱ་བ་དམིགས་ཚད་ལྟར་ལེགས་འགྲུབ་ཡོང་བ་བྱ་རྒྱུ།

 རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་བཅོས་བསྒྱུར་ལས་གཞི་དང་། རྒྱལ་ཁབ་དཔེ་སྐྲུན་མ་དངུལ་རོགས་སྐྱོར་གྱི་ལས་གཞི་སྟེ། བཀའ་འགྱུར་པར་སྐྲུན་ལས་གཞི་འདིའི་མིང་ཆ་ཚང་ལ། ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་པར་སྐྲུན་ལས་གཞི་ཞེས་བརྗོད་ཅིང་། རྒྱལ་ཁབ་རིམ་པའི་ལས་གཞི་འདིའི་མཚན་རྟགས་ནི 2018H-008 ཡིན། ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐད་ཀར་བདག་སྐྱོང་བྱེད་པའི་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་བཅོས་བསྒྱུར་འཕེལ་རྒྱས་ལས་ཁུངས་ཀྱི་པར་སྐྲུན་ལས་གཞི་གཙོ་གནད་ཀྱི་གྲས་སུ་ཚུད་པའི་ལས་གཞི་འདི་ཉིད་གཙོ་སྒྲུབ་གནང་མཁན་གྱི་ལས་ཁུངས་ནི། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ཡིན་པ་དང་། ལས་ཁུངས་དེ་གའི་གཙོ་འགན་རྣམ་པས་རེ་བཅོལ་ལྟར། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་མཉམ་འབྲེལ་གྱི་སྒོ་ནས་ལས་གཞི་འདི་དམིགས་ཚད་ལྟར་ལེགས་འགྲུབ་ཡོང་བ་བྱེད་རྒྱུ་ཡིན།

   ལོ་རྒྱུས་ཀྱི་འཕེལ་རྒྱས་དང་བསྟུན། ཨ་གཡུང་བཀའ་འགྱུར་སོགས་བོན་གྱི་བཀའ་འགྱུར་དཔེ་བསྐྲུན་གྱི་བྱ་བ་ཐེངས་ལྔ་ཙམ་གཉེར་ཡོད་པའི་ཁྲོད་ནས། མཉམ་འབྲེལ་ལྷན་ཚོགས་ཀྱིས་དབལ་ཁྱུང་བཀའ་འགྱུར་རམ། ལྷ་སྲས་བཀའ་འགྱུར་པར་རྩར་བཟུང་ནས་འདི་ལྟར་བསྒྲུབ་པ་ཡང་། སྐྱབས་རྗེ་མཁན་སློབ་གཤེན་གསུམ་གྱི་དགོངས་པ་གཅིག་སྒྲིལ་ཡིན་ཐོག ལྷག་དོན་དམུ་རིགས་གཤེན་གྱི་གདུང་འཛིན་རྒྱལ་བ་གཤེན་སྲས་རིན་པོ་ཆེ་མཆོག་གིས་བཀའ་ལུང་ནན་གྱིས་བསྩལ་བའི་དགོངས་དོན་ལྟར། སྤྱི་ལོ ༢༠༡༦ ལོར། མཉམ་འབྲེལ་ལྷན་ཚོགས་ཀྱིས་བཀའ་འགྱུར་མ་དཔེ་གཏན་འབེབས་གཅིག་གྱུར་བཟོ་རྒྱུའི་གྲོས་ཆོད་ཁམས་ཐར་བདེ་དགོན་དུ་བཞག་པ་རེད། རྗེས་ཀྱི ༢༠༡༧ ལོའི ༦ ཚེས ༢༤ ཉིན་ལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀུང་ཟི་སྟེ་པེ་ཅིན་ཞང་ཞུང་གཟི་འོད་རིག་གནས་བརྗེ་སྤེལ་འགན་འཁྲི་ཚད་ཡོད་སྤྱི་གཉེར་ཁང་གཉིས་ཀྱི་བར། ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་མ་དཔེ་སྒྲིག་ཞུ་གཏན་འབེབས་བྱ་རྒྱུའི་ལས་འགན་ཡོངས་རྫོགས། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ནས་འཁུར་དུ་ལེན་རྒྱུའི་ཁྲིམས་མཐུན་ཆིངས་ཡིག་བཞག་པ་དང་། དེ་ནས་བཟུང་། མཉམ་འབྲེལ་ལྷན་ཚོགས་ཀྱིས་བཀའ་འགྱུར་མ་དཔེ་གཏན་འབེབས་སྒྲིག་ཞུའི་བྱ་བ་ཕྱོགས་ཡོངས་ནས་གཟབ་ནན་དུ་བསྒྲུབ་འགོ་བརྩམས་པ་ཡིན། བཀའ་འགྱུར་མ་དཔེ་སྒྲིག་ཞུའི་བྱ་བར་མཚོན་ན། ངེས་པར་དུ་བརྒྱུད་དགོས་པའི་སྤྱི་ཁྱོན་ནས་གོ་རིམ་ཆེན་པོ་གསུམ་ཡོད་པ་ལས། དང་པོ། མ་ཕྱི་གང་ཡིན་གཏན་འབེབས་བྱ་བ་དང་། གཉིས་པ། མ་བུ་ཐོད་གཏུག་གི་ལས་ཀ་ལེགས་འགྲུབ་ཡོང་བ་བྱེད་རྒྱུ། གསུམ་པ། བཀའ་འགྱུར་གྱི་དཔར་རྩ་གཞན་དག་དང་བསྡུར་ཏེ། ཡིག་ནོར་ཐག་ཆོད་པ་རྣམས་བཅོས་རྒྱུ་དང་། ཐེ་ཚོམ་ཅན་རྣམས་ལ་བསྡུར་མཆན་འགོད་རྒྱུ། གཞུང་དངོས་སུ་ཆད་ཡོད་པ་རྣམས་ཨང་གྲངས་བཀོད་དེ་པོད་རང་གི་མཇུག་ཏུ་འགོད་རྒྱུ་བཅས་ཡིན་ནོ། །

ལས་གཞི་རླབས་ཆེན་འདི་ལེགས་འགྲུབ་ཡོང་བའི་མཐུན་རྐྱེན་ལ་དགོངས་ནས། ད་ལྟའི་བར་མ་སྒྲུབ་ཐབས་མེད་ཀྱི་རྨང་གཞིའི་ལས་ཀ་གང་ལ་གང་འཚམས་ཞིག་འབད་པས་བསྒྲུབ་པ་སྟེ། དཔེར་ན། སྤྱི་ལོ ༢༠༡༧ ལོའི་ཟླ ༩ ཚེས ༣ ཉིན་ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་མ་དཔེ་སྒྲིག་ཞུ་གཏན་འབེབས་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གསར་འཛུགས་གནང་བ་དང་འབྲེལ། བཀའ་འགྱུར་མ་དཔེ་སྒྲིག་ཞུ་གཏན་འབེབས་སྐོར་གྱི་གསལ་བཤད་དང་། བཀའ་འགྱུར་མ་དཔེ་སྒྲིག་ཞུ་གཏན་འབེབས་ཐད་ཀྱི་སྲོལ་ཡིག་གཉིས་ལ་གྲོས་འཆམ་བྱུང་བ་མ་ཟད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དུ་དཔེ་བསྡུར་བྱེད་ཕྱོགས་ཐད་ཀྱི་གསབ་སྦྱོང་འཛིན་གྲྭ་ཡང་གཉེར་བས་མཚོན། ༢༠༡༨ ལོའི་ཟླ ༡ ཚེས ༡༧ ཉིན་ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་བསྡུར་དཔེ་ཡིག་རྙིང་འཚོལ་བསྡུའི་གྲོས་བསྡུར་བགྲོ་གླེང་ཚོགས་འདུ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དུ་འཚོགས་པ་དང་། དེ་དང་བསྟུན་བཀའ་འགྱུར་བསྡུར་དཔེ་ཡིག་རྙིང་འཚོལ་བསྡུ་ཚན་ཆུང་གིས་འཚོལ་བསྡུ་བྱས་པའི་ཨ་གཡུང་བཀའ་འགྱུར་པར་མ་ལས་དང་། བོན་བློན་བཀའ་འགྱུར་པར་མ་ལས་དཔེ་ཚན་མི་འདྲ་བའི་སྐོར་དང་། དེ་མིན་གཞན་ནས་རྙེད་པའི་དཔེ་རྙིང་པོད ༢༠༠ ལྷག་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་སློག་ཏུ་བཏབ་པ་དང་།   དེ་བཞིན་དཔར་སློག་བཏབ་ཟིན་པའི་ཡིག་ཆ་དང་དེའི་དཔར་རྩ་ཕྱོགས་སོ་སོར་བཞུགས་པའི་བཀའ་འགྱུར་སྒྲིག་ཞུ་བ་རྣམས་ལ་གཞུང་སྒྲུབ་ཁང་ནས་བརྒྱུད་བསྐུར་བྱས་པ། ཟླ ༤ ཚེས ༡༠ ཉིན་སྐྱབས་རྗེ་རྒྱལ་བ་གཤེན་སྲས་རིན་པོ་ཆེའི་སྐུ་མདུན་ལ་བཀའ་འགྱུར་སྒྲིག་ཞུ་དང་འབྲེལ་བའི་ལས་དོན་ལག་ལེན་བསྟར་སྟངས་སྐོར་གྱི་བཀའ་སློབ་ལམ་སྟོན་ཞུ་བར་ཆེད་བཅར་བྱས་ལ། ཟླ ༤ ཚེས ༡༣ ཉིན་ནས ༡༥ སྟེ་ཉིན་གསུམ་གྱི་རིང་དུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱིས་མཉམ་འབྲེལ་གྱི་སྒོ་ནས་བཀའ་འགྱུར་ཆེན་མོའི་མ་ཕྱི་གཏན་འབེབས་གྲོས་ཚོགས་ཐེངས་གཉིས་པ་ཁྲིའུ་འདུ་གྲོང་ཁྱེར་དུ་སྐོང་འཚོགས་བྱས་ཏེ། ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོའི་ཞུ་དག་ཐད་ཀྱི་གསལ་བཤད་གཅིག་ཤེས་ཀུན་གྲོལ་གཏན་ལ་ཕབ་ནས་ནང་ཁུལ་དུ་ཟུར་ལྟའི་ཚུལ་དུ་བཀྲམས་པ་ཡིན།

དེ་ཡང་ཉེ་སྔོན་མ་དཔེ་བུ་དཔེ་ཐོད་གཏུགས་ཀྱི་ལས་དོན་ཐད་ནས་ཡིན་ན། དབལ་ཁྱུང་བཀའ་འགྱུར་ལ་བསྡོམས་པའི་པོད་གྲངས ༡༧༨ ཡོད་པ་ལས། པོ་ཏི ༡༧༠ ཐམ་པའི་ལས་དོན་གོམ་པ་དང་པོའི་ཚུལ་དུ་ལེགས་འགྲུབ་བྱུང་ཡོད། ཅི་ལྕོགས་ཀྱིས་འབད་ཀྱང་དེ་སྔོན་པོད ༡༦ གཏན་ནས་དཔེ་བསྡུར་བྱེད་ས་མ་རྙེད་ལ། གལ་ཆེའི་ལས་གཞི་འདི་ནི་ལོ་ལྔའི་རིང་གི་དཔེ་བསྐྲུན་ལས་ཀ་ཞིག་ཡིན་སྟབས། རྗེས་ཀྱི་ལོ་ངོ་གཉིས་ལྷག་གི་ནང་ངེས་པར་དུ་ལེགས་འགྲུབ་བྱུང་དགོས་པ་ཡིན་པས། མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པར་དབང་བའི་རྗེས་ཀྱི་ལོ་ངོ་དེ་དག་གི་སྟོབས་ཤུགས་ཡོངས་རྫོགས་ཀྱང་། བཀའ་འགྱུར་མ་དཔེ་གཏན་འབེབས་ཀྱི་བྱ་བཞག་སྟེང་དུ་འབུལ་དགོས་པ་སྟེ། དམིགས་ཚད་ལྟར་བྱ་བཞག་འདི་ཉིད་ལེགས་འགྲུབ་ཡོང་བའི་ཐད་ལ། ང་ཚོའི་རང་སྟེང་གི་འགན་འཁྲིའི་ཆ་ནས་རྒྱས་འཛོམས་ཚོགས་ཆེན་གྱི་བརྗོད་བྱ་གཙོ་བོ་བཀའ་འགྱུར་པར་བསྐྲུན་གྱི་ལས་གཞིའི་སྟེང་དུ་འབབ་ཐུབ་པའི་རེ་བ་ཤུགས་ཆེན་རྒྱག་རྒྱུ་དང་། ཐེངས་འདིའི་རྒྱས་འཛོམས་ཚོགས་ཆེན་འདི་ནི། བཀའ་འགྱུར་པར་བསྐྲུན་ལས་གཞི་ལེགས་འགྲུབ་འབྱུང་བ་ལ་མཛུབ་སྟོན་རང་བཞིན་གྱི་དོན་སྙིང་ཆེས་ཆེར་ལྡན་པའི་ཚོགས་འདུ་ཞིག་ཏུ་འགྱུར་བར་ལྷན་རྒྱས་ནས་རྒྱབ་སྐྱོར་གནང་བར་མཁྱེན་མཁྱེན་ཞུ།

དེ་ལ་ཐེངས་འདིའི་བརྗོད་བྱའི་ནང་དོན་གཙོ་བོའི་ཆ་ནས། བཀའ་འགྱུར་བསྡུར་དཔེ་ཡིག་རྙིང་འཚོལ་བསྡུའི་བྱ་བར་ཅི་ལྟར་ཤུགས་སྣོན་རྒྱག་རྒྱུའི་ཐད་དང་། བཀའ་འགྱུར་དཀར་ཆག་རྩོམ་སྒྲིག་ཚན་ཁག་འཛུགས་རྒྱུའི་ཐད། བཀའ་འགྱུར་ནང་དོན་གནད་བསྡུས་རྩོམ་སྒྲིག་ཚན་ཁག་འཛུགས་རྒྱུའི་ཐད། བཀའ་འགྱུར་པར་སྐྲུན་ལས་གཞིའི་བརྒྱུད་རིམ་རྩོམ་འབྲིའི་རྩོམ་སྒྲིག་ཚན་ཁག་འཛུགས་རྒྱུའི་ཐད། བཀའ་འགྱུར་ཞུ་དག་གཏན་འབེབས་གོ་རིམ་འགན་ལེན་བདག་གཉེར་ཚན་ཁག་འཛུགས་རྒྱུའི་ཐད། བཀའ་འགྱུར་རོགས་དངུལ་བདག་གཉེར་འགན་འཛིན་ཚན་ཁག་འཛུགས་རྒྱུའི་ཐད་སོགས་ཤིན་ཏུ་གལ་ཆེན་དུ་སྣང་བས། ཚོགས་ཆེན་གྱིས་གོང་གསལ་དོན་གནད་ཁག་དམིགས་སུ་བཟུང་སྟེ། དེ་དག་ལ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་དབྱེ་ཞིབ་ཁ་གསལ་དང་། དངོས་ཤུགས་བརྒྱུད་གསུམ་གང་རུང་ནས་ཕན་ནུས་སྟེར་བའི་བཀའ་སློབ་ལམ་སྟོན་དང་དཔྱད་བརྗོད་གཏམ་གླེང་མཛད་ན་དོན་དང་ལྡན་པར་སྙམ་མོ། །

མཇུག་མཐར་ལྷན་རྒྱས་ཀྱི་སྐུ་ཁམས་བཟང་ཞིང་། མཛད་བཟང་དབྱར་གྱི་དཔལ་ཡོན་ལྟར་རྒྱས་པ་དང་། འཆད་ཉན་བཤད་སྒྲུབ་ཀྱི་སྙན་པའི་དུང་ཆེན་ས་ཆེན་པོའི་དཔལ་དུ་ལེགས་པར་འཇོ་བས་མཚོན། ཐུགས་བཞེད་གང་ཡོད་འབད་མེད་ལྷུན་འགྲུབ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།   ཐུགས་རྗེ་ཆེ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།