གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཆེན་གསུམ་འཚོགས་པའི་ཉིན་ལྔ་བ།
[ཟླ་ཚེས། 2018-09-23 20:07:58][རྩོམ་པ་པོ། ཚོགས་འདུའི་གསར་འགྱུར་འགན་འཛིན་ཚན་ཁག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱས་འཛོམས་ཚོགས་ཆེན་ཐེངས་གཉིས་པ་དང་། གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་གཉིས་པ། ཞང་བོད་ཤེས་རིག་གཞུང་བརྒྱའི་བགྲོ་གླེང་ཆེན་མོ་ཐེངས་གཉིས་པ་བཅས་ཚོགས་ཆེན་གསུམ་འཚོགས་པ།
ཚེས་༡༤ཉིན་གྱི་སྔ་དྲོ་ཆུ་ཚོད་༨:༣༠ སྟེང་། གཡུང་དྲུང་བོན་ཞི་བདེ་སྨོན་ལམ་ཆེན་མོ་ཐེངས་གསུམ་པ་འཚོགས། དེ་ཡང་འགན་འཛིན་མི་སྣས་མཆོད་བཤམས་གོ་སྒྲིག་དང་ཞི་བདེ་སྨོན་ལམ་ཆེན་མོའི་དཔེ་ཆ་ཚོགས་ཞུགས་ཡོངས་ལ་ཕུལ་ནས། མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། གཡུང་དྲུང་བོན་ཞི་བདེ་སྨོན་ལམ་ཆེན་མོའི་འགན་འཛིན་ཚན་གཙོ་སྤྲུལ་པད་མ་རིན་ཆེན་མཆོག་གིས་ཞི་བདེ་སྨོན་ལམ་ཆེན་མོའི་སྐོར་གྱི་གསུང་བཤད་དང་འབྲེལ་སྐྱབས་རྟེན་བསྔོ་སྨོན་ཞུས། མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་པ་མཁན་ཚེ་དབང་རིག་འཛིན་གྱིས་འབྲེལ་ཐོགས་དངུལ་གྲངས་ངོ་སྤྲོད་དང་བསྔོ་བ་སྨོན་ལམ་ཞུས་ཤིང་། སྣང་ཞིག་དགོན་པའི་དབུ་མཛད་ཆེན་མོས་འདོན་པའི་བྱིངས་འདྲེན་པ་དང་། བླ་མ་དགེ་བཤེས། གྲྭ་བ་བཙུན་མ། གསང་སྔགས་རིག་པ་འཛིན་པའི་སྡེ་སོགས་ཀྱིས། གཡུང་དྲུང་བོན་ཞི་བདེ་སྨོན་ལམ་ཆེན་མོ་ཐེངས་གཉིས་པའི་འདོན་པ་གསུངས་ནས་ཐེངས་འདིའི་བྱ་བ་མཐའ་དག་ཚགས་སུ་ཚུད་པ་གནང་།
ཉིན་གུང་བཞེས་པ་གནང་རྗེས། མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་དང་མཚན་འཛིན་ཚོགས་གཙོ་སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་རྣམ་གཉིས་གཙོས་པའི་ཚོགས་མི་རྣམས། མ་རྒྱུད་ཀྱི་གནས་རི། ན་གོར་ཐང་ཆེན་གྱི་དུར་ཁྲོད་རི་ངོས་སུ་བློན་ཚང་བེར་རྩ་སྡེ་བས་བཞེངས་པའི་མ་ཏྲི་ལ་རབ་གནས་མཛད་པར་ཕེབས།
ཕྱི་དྲོ་ཆུ་ཚོད་༡:༡༠ སྟེང་། གཡུང་དྲུང་བོན་ཞང་བོད་ཤེས་རིག་གཞུང་བརྒྱའི་བགྲོ་གླེང་ཆེན་མོ་འཚོགས། སྒོ་དགེ་ལེགས་མཆོག་གིས་མདོ་འཛིན་བྱས་ཏེ། རྟོགས་ལྡན་བསྟན་པའི་རྒྱལ་མཚན་གྱིས་སེམས་བསྐྱེད་ཀྱི་སྐོར་ནས་བགྲོ་གླེང་བྱས། ཤར་རྫ་རི་ཁྲོད་ཀྱི་འཇམ་དབྱངས་ཚུལ་ཁྲིམས་ཀྱིས་སྨིན་གྲོལ་དབང་གི་སྐོར་ནས་བགྲོ་གླེང་བྱས། ཉག་རོང་བྲག་དབེན་དགོན་བསོད་ནམས་དབང་རྒྱལ་གྱིས་ཚད་མ་རིག་པའི་བྱུང་ཁུངས་སྐོར་ནས་བགྲོ་གླེང་བྱས། ཤར་རྫ་རི་ཁྲོད་ཀྱི་གཤེན་བསྟན་དབང་རྒྱལ་གྱིས་སྡེ་སྣོད་མཛོད་ལས་འཕྲོས་པའི་དཀའ་གནད་འགའ་ཞིག་སྐོར་ནས་བགྲོ་གླེང་བྱས། ཤར་རྫ་རི་ཁྲོད་ཀྱི་ཚུལ་ཁྲིམས་སྐལ་བཟང་གིས་བོན་དང་འབྲེལ་བའི་གཏམ་གླེང་བྱས། ཤར་རྫ་རི་ཁྲོད་ཀྱི་ཁྱེའུ་ལྷ་སྲས་ཀྱིས་ཡ་ཐོག་སྲིད་པའི་རྒྱུ་བོན་བོད་ཡུལ་དུ་དར་ཚུལ་སྐོར་ནས་བགྲོ་གླེང་བྱས། སྡེ་དགེ་ལྔ་རིག་སློབ་གླིང་གི་སྤྲུལ་ངག་དབང་གཡུང་དྲུང་གིས་བོན་གྱི་གསོ་བ་རིག་པའི་སྐོར་ནས་བགྲོ་གླེང་བྱས་པ་དང་། མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ་མཆོག་གིས་ཞང་བོད་ཤེས་རིག་གཞུང་བརྒྱའི་བགྲོ་གླེང་ཆེན་མོ་ཐེངས་གཉིས་པའི་མཇུག་བསྡོམས་གསུང་བཤད་གནང་།
མཇུག་ཏུ་ཐེངས་འདིའི་ཞང་བོད་ཤེས་རིག་གཞུང་བརྒྱའི་བགྲོ་གླེང་གནང་མཁན་བཅུ་དགུ་ལ། མཉམ་འབྲེལ་ལྷན་ཚོགས་ཀྱིས་ལེགས་སྐྱེས་གནང་།
ཆུ་ཚོད་༣:༣༠ སྟེང་། ༡༽གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཞུགས་མི་སྣ་ལྷན་རྒྱས་གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང་ལ་གཟིགས་བསྐོར་གནང་བར་ཕེབས།
༢༽ ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་བཙུན་ནམ་མཁའ་ཚུལ་ཁྲིམས་མཆོག་གིས་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་དུ་ཏྲི་སུ་ཡི་གོ་དོན་དང་ཕན་ཡོན་སྐོར་འཆད་ཁྲིད་གནང་།
ཆུ་ཚོད་༦:༣༠ སྟེང་། ༡༽ རྩོད་པ་བ་ཀུན་སྔགས་རྫོགས་གླིང་ཚན་དམ་བཅའ་ཆེན་མོ་འཚོགས། ༢༽ གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཞུགས་མི་སྣ་ལྷན་རྒྱས་གླིང་ཚན་དམ་བཅའ་ཆེན་མོར་མཉམ་ཞུགས་གནང་བ་བཅས་ཉིན་ལྔ་པའི་གནས་ཚུལ་རགས་རིམ་ཙམ་མོ།།