གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཆེན་གསུམ་འཚོགས་པའི་ཉིན་གསུམ་པ།
[ཟླ་ཚེས། 2018-09-21 21:19:08][རྩོམ་པ་པོ། ཚོགས་འདུའི་གསར་འགྱུར་འགན་འཛིན་ཚན་ཁག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱས་འཛོམས་ཚོགས་ཆེན་ཐེངས་གཉིས་པ་དང་། གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་གཉིས་པ། ཞང་བོད་ཤེས་རིག་གཞུང་བརྒྱའི་བགྲོ་གླེང་ཆེན་མོ་ཐེངས་གཉིས་པ་བཅས་ཚོགས་ཆེན་གསུམ་འཚོགས་པ།
ཚེས་༡༢ཉིན་གྱི་ཞོགས་པའི་ཆུ་ཚོད་༩ སྟེང་། ༡༽ གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་གཉིས་པར་ཞུགས་པའི་རྩོད་པ་བ་ཀུན་གླིང་ཚན་དམ་བཅའ་འཚོགས། ༢༽ གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མི་རྣམས་དགྱེས་འཛོམས་ཚོགས་ཆེན་ལ་ཞུགས། དྲུང་ཡིག་པ་སྙན་བཟང་བསོད་ནམས་གཡུང་དྲུང་གིས་མདོ་འཛིན་བྱས་ཏེ། མཉམ་འབྲེལ་ལྷན་ཚོགས་ཀྱི་བློ་འདྲི་མི་སྣ་མཁས་པའི་དབང་པོ་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེས། རྒྱལ་བའི་བཀའ་རིན་པོ་ཆེ་པར་བསྐྲུན་མ་དངུལ་དུ་དམངས་སྒོར་ཁྲི་ཚོ་ཞེ་བཞི་དང་ལྔ་བརྒྱ་ལག་དངུལ་དུ་བསྣམས་ཡོང་སྟེ་ཚོགས་ཐོག་ནས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ལ་ཕུལ་བ་དང་གསུང་བཤད་རིན་ཐང་ལྡན་པ་མང་པོ་གནང་།
དེ་བཞིན་དུ་ཚོགས་གཙོ་གཞོན་པ་ཐར་བདེ་སྤྲུལ་སྐུ་ཚེ་དབང་འཇིགས་མེད་མཆོག་གིས་གངས་ལྗོངས་བོན་དྲ་བ་དང་ཚོགས་འདུའི་གསར་འགྱུར་སྐོར་ནས་གསུང་བཤད་གནང་བ། ཚོགས་གཙོ་གཞོན་པ་མཁན་པོ་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེས། བསྟན་པའི་ལས་དོན་ཐད་ནས་གསུང་བཤད་གལ་ཆེན་གནང་བ།
ཆུ་ཚོད་༡༡སྟེང་། དྲུང་ཡིག་པ་རྒྱལ་མཚན་དྲི་མེད་ཀྱིས་མདོ་འཛིན་བྱས་ཏེ། ཚོགས་གཙོ་གཞོན་པ་ལི་ཤུ་གཤེན་རྒྱལ་བསྟན་འཛིན་རིན་པོ་ཆེས། མཐའ་མཚམས་བསྟན་དོན་ཐད་ནས་གསུང་བཤད་གནང་བ། ཚོགས་གཙོ་གཞོན་པ་ཤར་བ་སྣང་ཞིག་སྤྲུལ་སྐུ་ཤེས་རབ་འོད་ཟེར་རྒྱལ་མཚན་རིན་པོ་ཆེས། བཀའ་འགྱུར་དཔེ་རྙིང་མ་ཕྱི་འཚོལ་བསྡུ་བྱ་བའི་བརྒྱུད་རིམ་སྐོར་ནས་གསུང་བཤད་གནང་བ། ཚོགས་གཙོ་གཞོན་པ་སེང་སྤྲུལ་རིག་འཛིན་ཉི་མ་རིན་པོ་ཆེས། གཡུང་དྲུང་བོན་གྱི་བསྟན་པ་འདི་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ལ་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་གལ་ཆེ་བ། དེ་ནས་བཀའ་འགྱུར་པར་སྐྲུན་ལ་མ་དངུལ་དམངས་སྒོར་ཁྲི་ཚོ་༡༠ཕུལ་བ་དང་། ཞུ་དག་ཇི་ལྟར་གཏོང་བའི་སྐོར་ནས་གསུང་བཤད་མང་པོ་གནང་། ༼འདི་འདྲའི་སྤྱི་འཇོག་དང་འབུལ་འགྱེད་ཅི་རིགས་བྱུང་བ་རྣམས། གསར་འགྱུར་གནད་བསྡུས་ཡིན་པའི་ཆ་ནས་ཡོངས་རྫོགས་འགོད་ཐུབ་མ་སོང་བས་དགོངས་འགལ་མེད་པར་ཞུ།༽
ཕྱི་དྲོའི་ཆུ་ཚོད་༡སྟེང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས། ཞང་བོད་ཤེས་རིག་གཞུང་བརྒྱའི་བགྲོ་གླེང་ཆེན་མོ་ཐེངས་གཉིས་པ་རྔ་ཡུལ་སྣང་ཞིག་དགོན་ཆེན་ནས་དངོས་སུ་དབུ་འཛུགས་གནང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་པ། ཞང་བོད་ཤེས་རིག་གཞུང་བརྒྱའི་བགྲོ་གླེང་ཆེན་མོ་ཐེངས་གཉིས་པའི་གཙོ་འགན་པ་གཞོན་པ་མཁན་པོ་ཚེ་རིང་ནོར་བུ་མཆོག་ནས་ཐེངས་འདིའི་མདོ་འཛིན་པ་གནང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཞང་བོད་ཤེས་རིག་གཞུང་བརྒྱའི་བགྲོ་གླེང་ཆེན་མོ་ཐེངས་གཉིས་པའི་གཙོ་འགན་པ་དབྲ་ཁྱུང་མཁན་པོ་སྐལ་བཟང་ནོར་བུ་མཆོག་ནས་ཞང་བོད་ཤེས་རིག་གཞུང་བརྒྱའི་བགྲོ་གླེང་ཆེན་མོ་ཐེངས་གཉིས་པ་དབུ་འཛུགས་གསུང་བཤད་གནང་།
གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་པ། སྒོ་རིགས་དགེ་བཤེས་ཤེས་རབ་གྲགས་པས། འབྱུང་རྩིས་ཀྱི་བྱུང་རིམ་དང་འབྲེལ་ཏེ་བྱུང་ཁུངས་ལ་དཔྱད་པ་ཞེས་པའི་སྐོར་ནས་བགྲོ་གླེང་གནང་། བྱ་བཏང་རི་ཁྲོད་ཀྱི་བཙུན་མ་ཁྲི་བཙུན་གཞན་ཕན་གྱིས། དེང་རབས་ཀྱི་བཙུན་མའི་ཤེས་ཡོན་ཞེས་པའི་སྐོར་ནས་བགྲོ་གླེང་བྱས། ཚེ་དབང་རིག་འཛིན་གྱིས། ཞང་བོད་རྒྱལ་རབས་རགས་བཤད་ཅེས་པའི་སྐོར་ནས་བགྲོ་གླེང་བྱས། རྒྱལ་རོང་བཤད་སྒྲུབ་སློབ་གླིང་གི་བསོད་ནམས་ཡེ་ཤེས་ཀྱིས། བོན་ཡིག་དང་བོད་ཡིག་ཐད་ནས་བགྲོ་གླེང་བྱས། ཤར་རྫ་རི་ཁྲོད་ཀྱི་ཤར་དྲུང་མུ་ཧ་རས། གཡུང་དྲུང་བོན་གྱི་མི་སྣ་གསོ་སྐྱོང་བྱེད་ཚུལ་སྐོར་གྱི་བགྲོ་གླེང་བྱས།
མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། སྟག་ཞིག་སྤྲུལ་སྐུ་ཡེ་ཤེས་ཉི་མ་མཆོག་གིས། དད་ལྡན་མང་ཚོགས་ལ་དགེ་སྐུལ་སློབ་གསོ་གནང་། མཉམ་འབྲེལ་ལྷན་ཚོགས་ཀྱི་བློ་འདྲི་མི་སྣ་མཁས་དབང་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེས། དད་ལྡན་མང་ཚོགས་ལ་ཐེག་ཆེན་སེམས་བསྐྱེད་དང་སྐྱབས་འགྲོའི་ཁྲིད་ལུང་གནང་།
ཆུ་ཚོད་༥ སྟེང་། རྩོད་པ་བ་ཀུན་ཚད་མའི་དམ་བཅའ་ཆེན་མོ་འཚོགས། མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཞུགས་མི་སྣ་ལྷན་རྒྱས་གླིང་ཚན་དམ་བཅའ་ཆེན་མོར་མཉམ་ཞུགས་གནང་བ་བཅས་ཉིན་གསུམ་པའི་གནས་ཚུལ་རགས་རིམ་ཙམ་མོ།།