རྒྱལ་སྤྱིའི་བོད་རིག་པའི་གཞོན་ནུའི་འདུ་ཚོགས་ཐེངས་ལྔ་པ་ཨུ་རུ་སུའི་རྒྱལ་ཁབ་ཏུ་འཚོགས་པ།
[ཟླ་ཚེས། 2018-09-12 15:35:43][རྩོམ་པ་པོ། ཁྲི་སྐལ་བཟང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
ཐོག་མར་རྒྱལ་སྤྱིའི་བོད་རིག་པའི་གཞོན་ནུ་འདུ་ཚོགས་ཐེངས་དང་པོ་དེ་ ༢༠༠༧ ལོར་དབྱིན་ཇིའི་རྒྱལ་ཁབ་ཏུ་ཚོགས་ཡོད་པ་དང་། ཐེངས་གཉིས་པ་ཕྱི་ལོ་ ༢༠༠༩ ལོར་ཧྥ་རན་སིའི་རྒྱལ་ཁབ་ཏུ་ཚོགས་ཡོད་པ་དང་། ཐེངས་གསུམ་པ་འཇར་པན་གྱི་གྲོང་ཁྱེར་ཨོ་ས་ཀའི་ཀོ་བེ་མཐོ་སློབ་ཏུ་ཉི་ཧོང་གི་བོད་རིག་པའི་ཞིབ་འཇུག་པ་Kazushi IWAO, Ai NISHIDA, Meishi YAMAMOTO and Seiji KUMAGAI བཅས་ཀྱིས་གོ་སྒྲིག་འོག་ཚོགས་ཡོད་འདུག བོད་རིག་པ་གཞོན་ནུའི་འདུ་ཚོགས་ཐེངས་བཞི་པ་དེ་འཇར་མན་ལབ་ཙེའི་སློབ་ཆེན་དུ་ཚོགས་ཡོད་པ་རེད་འདུག
ཐེངས་འདིར་ཨུ་རུ་སུའི་རྒྱལ་ཁབ་ཀྱི་གནའ་བོའི་རྒྱལ་ས་ཐོག་མ་སྟེ་སན་པེ་ཊི་སི་པོ་ཀྲིའི་མཐོ་སློབ་Saint-Petersburg State University ནང་སྤྱི་ལོ་༢༠༡༨ ལོའི་ཟླ་ ༩ པའི་ཚེས་ ༣ ཉིན་ཨུ་རུ་སུའི་སྔ་དྲོའི་ཆུ་ཚོད་ ༧ : ༢༠ ཐོག་རྒྱལ་སྤྱིའི་བོད་རིག་པའི་གཞོན་ནུའི་འདུ་ཚོགས་སྐབས་ལྔ་པ་དབུ་ཚུགས་བྱུང་པ་རེད། ཐོག་མར་ད་ལན་གྱི་ཚོགས་གཙོ་ཨཅརྱ་གཱུ་རུང་སྐལ་བཟང་ནོར་བུ་མཆོག་ནས་ཕེབས་བསུ་དང་འབྲེལ་བའི་གཏམ་བརྗོད་གནང་བ་རེད། རིམ་གྱིས་ད་ལན་གྱི་ཚོགས་འདུ་གོ་སྒྲིག་པ་དག་ནས་ཚོགས་ཞུགས་པ་ཚོར་འཚོགས་འདུ་དང་འབྲེལ་བའི་གལ་ཆེའི་གནས་ཚུལ་ཁག་གསལ་བསྒྲགས་གནང་བའོ། རེབ་འདིར་ཚོགས་ཞུགས་པ་བོད་ཕྱི་ནང་དང་རྒྱལ་ཁབ་མ་འདྲ་བ་བཅོ་ལྔ་ལྷག་ནས་བོད་རིག་པའི་མཁས་དབང་དང་ཉམས་ཞིབ་པ། དགེ་བཤེས། མཐོ་རིམ་སློབ་གྲྭ་བ་སོགས་གང་མང་ཞིག་ཆེད་ཕེབས་གནང་འདུག
དེ་ཡང་ཉིན་རེར་བོད་ཀྱི་སྔ་དེང་གི་ཆོས་རིག་ལོ་རྒྱུས་ལ་ཞིབ་འཇུག་དང་སློབ་གཉེར་མཛད་པའི་གཞོན་སྐྱེས་ཤེས་ཡོན་པ་དང་། ཆེད་མཁས་པ་རྣམས་ཀྱིས་བོད་རིག་པའི་གཞོན་ནུའི་འདུ་ཚོགས་ཐེངས་ལྔ་པའི་ཚོགས་ཆེན་ཐོག་རང་རང་གི་རྣམ་དཔྱོད་ཀྱི་རྩལ་ལས་གྲུབ་པའི་ཆོས་ལུགས་རིག་གནས་དང་། རྒྱལ་རབས་ལོ་རྒྱུས། ཡུལ་གོམས་གཤིས་ལུགས་སོགས་བོད་རིག་པ་དང་འབྲེལ་བའི་བརྗོད་གཞི་སྣ་ཚོགས་པའི་སྟེང་མི་སྒེར་རང་ཉིད་ཀྱི་བསམ་ཚུལ་མཚོན་པའི་དཔྱད་རྩོམ་སྒྲོག་སྦྱངས་གནང་ཡོད་པ་རེད།
སྤྱི་ཚེས་དྲུག་ཉིན་ཚོགས་ཐེངས་རྗེས་མའི་ཚོགས་གཙོ་དང་དྲུང་ཆེ་འཚོགས་ཡུལ་དང་ཚོགས་མི་བཅས་ལ་འོས་ཤོག་བདམས་པ་རེད་ལ་འོས་ཐོབ་ཟིན་པའི་ཚོགས་གཙོར་ཨུ་རུ་སུའི་ཞིབ་འཇུག་མ་ Natalia Moskaleva ཐོབ་པ་རེད། དྲུང་ཆེ་ལ་ཨ་རིའི་ཉམས་ཞིབ་མ་ Natasha Mikles ཐོབ་པ་རེད།
ཐེངས་མའི་རྗེས་མའི་འཚོགས་ཡུལ་ཨ་རིའི་ནང་གི་མཐོ་སློབ་University of Virginia འཚོགས་གཏན་བྱུང་ཡོད་པ་དང་། དེ་བཞིན་ཚོགས་མི་ཡང་བོད་རིགས་དང་བོད་རིགས་མ་ཡིན་པའི་ཉམས་ཞིབ་པ་དང་ཞིབ་འཇུག་པ། འབུམ་རམས་པ་བཅས་མི་སྣ་དྲུག་བདམས་ཐོན་བྱུང་བ་རེད།
དེ་བཞིན་ད་ལན་གྱི་དཔྱད་རྩོམ་ལེགས་གྲས་ཁག་ཅིག་ཕྱོགས་གཅིག་ཏུ་དྲིལ་ནས་མ་འོངས་པར་“ བོད་རིག་པའི་དཔྱད་དེབ། ” ཟེར་བ་ཞིག་པར་བསྐྲུན་བྱེད་འཆར་བྱུང་ཡོད་པ་དང་དཔྱད་དེབ་དེར་དམིགས་སུ་རྩོམ་སྒྲིག་པ་རེ་ཟུང་ཡང་ཚོགས་མིའི་ཁྲོད་ནས་རྩོམ་སྒྲིག་པའི་མིང་གི་ཆོ་ལོ་ཐོབ་ཡོད་པ་དང་བཅས།
སྤྱི་ཚེས་བདུན་ཉིན་གྱི་ཕྱི་དྲོའི་ཨུ་རུ་སུའི་ཆུ་ཚོད་གསུམ་ཙམ་ཐོག་སྐབས་ལྔ་པའི་རྒྱལ་སྤྱིའི་བོད་རིག་པའི་གཞོན་ནུའི་འདུ་ཚོགས་རེ་ཞིག་མཇུག་བསྡུས་ཡོད་པ་དང་བཅས་ཁྲི་སྐལ་བཟང་གིས་ཨུ་རུ་སུའི་རྒྱལ་ས་མོ་སི་ཀོ་ནས་གནས་བསྡུས་ཙམ་བཀོད་པའི་ཁུལ་བགྱིས་པའོ།།