ཁམས་འཇོ་མདའ་ཞལ་བཞེས་དགོན་ནས་བོན་བརྒྱ་རིན་པོ་ཆེ་ལ་གདུང་མཆོད་ཕུལ་བ།
[ཟླ་ཚེས། 2018-08-31 15:10:24][རྩོམ་པ་པོ། འདུས་སྤྱི།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
བཙན་པོ་བོད་ཀྱི་རིག་གསང་གཏོར་མཛད་མཁས་པའི་ཕུད།།
མདོ་སྔགས་བསྟན་པའི་དཔལ་ལ་དབང་འབྱོར་གྲུབ་བརྙེས་པ།།
གངས་རིའི་པང་ནས་ལྷ་ཞིག་འཛུམ་པའི་བོན་བརྒྱ་བ།།
གང་དུ་གཤེགས་ཞེས་སྐྱོ་གདུང་སྟོང་གིས་ཁྱེད་ལ་འབོད།།
དེ་ཡང་རྗེ་བོན་བརྒྱ་ཐམས་ཅད་མཁྱེན་པ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་མཆོག་རེ་ཞིག་དགོངས་པ་བོན་དབྱིངས་བསྡུས་པ་འདི། རྒྱལ་བའི་སྐུ་ལ་སྐྱེ་འཆི་མི་མངའ་ཡང་།། རྟག་པར་འཛིན་རྣམས་སུན་འབྱུང་དགེ་བསྐུལ་ཕྱིར།། མི་རྟག་ཚུལ་བསྟན་དགོངས་པ་མྱ་ངན་འདས།། ཞེས་གསུངས་པའི་དཔེ་བཞིན།
ད་ལན་རིན་པོ་ཆེ་མཆོག་སྐུ་མྱ་ངན་ལས་འདས་པའི་སྣང་ཚུལ་འདིས་ཁོང་རིན་པོ་ཆེ་རེ་ཞིག་འགྲོ་དོན་ཡོངས་སུ་གྲུབ་ཟིན་པ་ཡིན་མོད། དད་པ་དང་དམ་ཚིག་གིས་སྤྲས་པའི་སྐྱ་སེར་ཕོ་མོ་ང་ཚོ་ཡོངས་ལ་གྱོང་གུད་དང་ཕམ་ཀ་ཚབ་ཆེན་ཞིག་ཤོར་ཡོད་སྟབས། མྱ་ངན་དང་འགྱོད་གདུང་གིས་ཀློང་ནས་རང་རང་གིས་ཅི་ལྕོགས་ཀྱིས་གདུང་མཆོད་དང་མྱ་ངན་ཞུ་བཞིན་ཡོད་རྐྱེན།
ཁམས་འཇོ་མདའ་ཞལ་བཞེས་དགོན་མཚོ་སྟེང་བདེ་ལྡན་གསང་སྔགས་གླིང་ནས་སྤྱི་ཟླ༥པའི་ཚེས་༢༧ཉིན་སྤྲུལ་སྐུ་འགྱུར་མེད་རིན་པོ་ཆེ་དབུ་བཞུགས་ཐོག་མཁན་པོ་དང་འདུས་པ་ཡོངས་ནས་བོན་བརྒྱ་རིན་པོ་ཆེའི་དགོངས་རྫོགས་གདུང་མཆོད་ལ་རྩ་གསུམ་དགོངས་འདུས་ཀྱི་ཚོགས་མཆོད་གང་རྒྱས་ཕུལ་བ་དང་གསོལ་འདེབས་དབྱངས་སུ་གྱེར་ནས་བསྟན་འབར་སྨོན་ལམ་གྱིས་འཇུག་གྲུབ་པ་བྱས།
ཞལ་བཞེས་དགོན་འདུས་སྤྱི་ནས།