བྱ་བྲལ་གཡུང་དྲུང་དོན་འགྲུབ་མཆོག་དགོངས་པ་བོན་དབྱིངས་སུ་ཐིམ་པའི་གནས་ཚུལ་སྐོར།
[ཟླ་ཚེས། 2018-07-19 16:01:24][རྩོམ་པ་པོ། དབལ་ཁྱུང་བསོད་ནམས་དབང་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
འཛམ་གླིང་གི་ཡང་རྩེ་སོན་པའི། གངས་ལྗོངས་ཁ་བ་བོད་པའི་ཡབ་མྱེས་གོང་མའི་བློ་གྲོས་ཀྱི་རྩལ་ལས་བྱུང་བའི། ཤེས་བྱ་རིག་པའི་གཞུང་ལུགས་འདི་ཉིད་བྱུང་བའི་ཁུངས་བཙུན་ཞིང། བསྒྲུབ་པའི་ལམ་བཟང་བ། གྲུབ་པའི་འབྲས་བུ་རྣམ་པར་དག་པ་དེ་ཉིད་ནི། གཙོ་བོར་རྒྱལ་བ་རྫོགས་པའི་སངས་རྒྱས་སྟོན་པའི་གཙོ་བོ་སྟོན་པ་གཤེན་རབ་མི་བོ་ཆེའི་གསུངས་བའི་བཀའ་རིན་པོ་ཆེ་དྲི་མ་མེད་པ་ཡང་དག་པ་ནི། རིག་གནས་གསར་བརྗེའི་སྔོན་ལ། བོན་པོའི་དགོན་སྡེ་དག་ལ་བཀའ་འགྱུར་དུ་མ་བཞུགས་ཡོད་ཀྱང་དེའི་རྗེས་སུ་དུས་འགྱུར་རླུག་ནག་འཚུབས་པའི་ཀློང་དུ་མེ་ཆུ་རླུང་གསུམ་ངང་དུ་ཤོར་བ་ལས། ཚར་གཅིག་ད་ལྟ་ཁ་ཚང་ལྷག་ཡོད་པ་ནི། བཀའ་དྲིན་རི་ལས་མཐོ་བའི་བླ་མ་རིན་པོ་ཆེ། ཀུན་སྤངས་བྱ་བྲལ་གཡུང་དྲུང་དོན་འགྲུབ་མཆོག་དང་། ཁམས་ཉག་རོང་དབལ་ཁྱུང་དགོན་པའི་འགན་ཁུར་རྣམས་པས་ལྷག་བསམ་རྣམ་དག་གིས་བསྟན་པ་དང་། འགྲོ་བ་སེམས་ཅན་གྱི་དོན་དུ་སྐུ་སྲོག་དམར་པོ་འབེན་དུ་བཙུགས་ནས། ཐབས་ཤེས་གང་ཡོད་ཀྱི་སྟེང་ནས་བཀའ་རིན་པོ་ཆེ་སྲུང་སྐྱོབ་དང་། ཉར་ཚགས་ཐུབ་ཡོད་པར་འདི་བཀའ་འགྱུར་གཅིག་པུར་གྱུར་ཡོད་པས། ད་ལྟ་འཛམ་གླིང་ཡུལ་གྲུ་ཀུན་ནས་མི་རིགས་སོ་སོའི་གཡུང་དྲུང་བོན་གྱི་རིག་པའི་གཞུང་ལུགས་ལ་གལ་ཆེན་དང་མཐོང་ཆེན་གནང་བཞིན་པར་ནི་རྒྱལ་བའི་བཀའ་རིན་པོ་ཆེ་འདི་ཉིད་ཀྱི་དྲིན་ཡིན་ལ།
དེ་ཉིད་བདག་པོ་གཙོ་བོར་མཛད་མཁན་སྐྱབས་རྗེ་ཞིང་གཤེགས་དམ་པ། ཁམས་ཉག་རོང་དབལ་ཁྱུང་དགོན་པའི་བླ་མ་ཀུན་སྤངས་བྱ་བྲལ་བ་གཡུང་དྲུང་དོན་འགྲུབ་མཆོག་རེ་ཞིག་རླབས་ཆེན་གྱི་མཛད་པར་རྫོགས་ནས། དགུང་གྲངས་དོན་གསུམ་ལ་ཕེབས་པ་སྟེ། སྤྱི་ལོ་2018ཟླ་5པའི་ཚེས་27དང་། བོད་ཟླ4པའི་ཚེས་13 ལ། རི་ཁྲོད་པད་མ་གསང་གླིང་དུ་ཐུགས་དམ་གཡོ་བ་མེད་པའི་ངང་ནས། རྟགས་མཚན་དུ་མ་དང་བཅས་དགོངས་པ་བོན་དབྱིངས་སུ་ཐིམ་པར་ནིི་ས་ག་ཟླ་བའི་ཡར་ཚེས་བཅུ་གསུམ་ལ་ཀུན་མཁྱེན་ཤར་རྫ་བཀྲ་ཤིས་རྒྱལ་མཚན་མཆོག་ཟག་མེད་འཇའ་ལུས་སུ་དེངས་བའི་དུས་ཁྱད་པར་ཅན་དང་། རྟོགས་ལྡན་རི་པ་འབྲུག་སྲས་དང་། མཆོག་ཆེན་སངས་རྒྱས་གླིང་བ། དབྲ་སྲས་ཟླ་བ་གྲགས་པ་སོགས་སྣང་སེམས་ལ་རང་དབང་འབྱོར་བའི་སྐྱེས་ཆེན་དུ་མ་ཞིག
དགོངས་པ་བོན་དབྱིངས་སུ་ཐིམ་པའི་དུས་ཁྱད་པར་ཅན་ཞིག་ལ་དགོངས་ཏེ་ས་ག་ཟླ་བའི་ཚེས་༡༣ ཉིན་གདུལ་བྱ་རྟག་འཛིན་ཅན་རྣམས་སུན་དབྱུང་བའི་ཕྱིར་དུ་དགོངས་པ་བོན་དབྱིངས་སུ་ཐིམ་པར་མཛད། ངེད་ཅག་རྗེས་འཇུག་འཁོར་འབངས་སློབ་ཚོགས་ཀུན་དང་། ཡུལ་དགོན་གཉིས་གྱིས་དད་འདུན་གདུང་བར་ཆེན་པོས་བློ་ཕམ་ཡིད་སྐྱོ་ངང་ནས་གདུང་སེམས་མཉམ་བསྐྱེད་ཀྱིས། རིན་པོ་ཆེའི་གདན་ས་ཁམས་ཉག་རོང་དབལ་ཁྱུང་དགོན་གཤེན་བསྟན་མདོ་སྔགས་དར་རྒྱས་གླིང་གི་བླ་མ་གྲྭ་ཚང་ཡོངས་ནས། གདུང་མཆོད་འབུལ་བའི་རྣམ་པ་དང་གནས་ཚུལ་ལ། ཀུན་མཁྱེན་ཤར་རྫའི་རྒྱལ་ཚབ་གསུམ་པ་འཇིགས་མེད་དབང་ཕྱུག་རིན་པོ་ཆེ་ཕེབས་ནས། རིན་པོ་ཆེས་ཐུགས་བཀོད་བཞིན་གསང་རྒྱ་བསྡམ་སྟེ། ཉིན་རེ་ལ་རིས་མེད་དད་ལྡན་ཀུན་གྱིས་གཟུགས་འཛིན་མིག་གིས་མཐོང་ཡུལ་དུ་གྱུར་པའི་འཇའ་ཚོན་སྣ་ལྔ་ཤར་བར་དང། རྔ་གཤང་དང་མཆོད་པའི་རོལ་མོའི་སྒྲ་གྲགས་པ་སོགས། དད་པ་དང་ལྡན་པ་རྣམས་ལ་རྟགས་མཚན་དུ་མ་བྱུང་།
མདོར་ན་མཆོད་པ་རྣམ་ལྔ་སོགས་མཆོད་ཚོགས་རྒྱ་ཆེར་ཕུལ་ནས། ཞག་གསུམ་ལ་གདུང་སྒོ་སྡོམ་ནས་ཚེས་བཅུ་དྲུག་ཉིན་དབྲ་སྤྲུལ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ་རིན་པོ་ཆེས་ཐུགས་དམ་བཀྲོལ་ཏེ། ཚེས་བཅུ་བདུན་ཉིན་ཤར་རྫའི་མཁན་པོ་རིག་འཛིན་དབང་རྒྱལ་བྱོན་ནས་གདུང་ཆོས་མཛད་པར་སླར་ཡང་གདུང་སྒོ་བསྡམ་ནས། ཚེས་བཅོ་བརྒྱད་ཉིན་དྭངས་ར་བླ་མ་ཀུན་བཟང་བསྟན་འཛིན་རིན་པོ་ཆེན་བྱོན་ནས་ཚོགས་མཆོད་སྨོན་ལམ་སོགས་རྒྱལ་ཆེར་མཛད། ཚེས་ཉི་ཤུ་ལ་དབལ་གཏེར་རིན་པོ་ཆེའི་ཡང་སྤྲུལ་འཆི་མེད་གླིང་བ་བྱོན་ནས་ཚོགས་དང་སྨོན་ལམ་སོགས་གསུངས། རིམ་གྱིས་མདོ་དབུས་ཁམས་གསུམ་གྱི་བླ་མ་རྣམས་ཕེབས་པ་ལས། དཔལ་ལྡན་ཡེ་ཤེས་དགོན་པའི་བླ་མ་བསྐལ་བཟང་རྒྱ་མཚོ། ཀླུ་འབུམ་དགོན་པའི་བླ་མ་བསྐལ་བཟང་གྲགས་པ། གོང་རྒྱལ་རི་ཁྲོད་ཀྱི་དགེ་བཤེས་ཁྲི་གཙུག་རྒྱལ་མཚན། ཁམས་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་མཁན་པོ་བསྟན་འཛིན་སྨོན་ལམ། རྒྱ་ཞིག་དགོན་པའི་མཁན་པོ་རྒྱལ་ཐར་དང་། ཁྱུང་པོ་སྨོན་རྒྱལ་བླ་མ་ནམ་མཁའ་དབང་ལྡན། དགེ་བཤེས་བསྟན་འཛིན་དབང་གྲགས། བླ་མ་འཕྲིན་ལས་དབང་རྒྱལ། གངས་རིའི་བླ་མ་བསྟན་པ་འབྲུག་གྲགས། དབྲ་སྲས་བསོད་ནམས་ལྷ་རྒྱལ་དང་། དགོན་པ་སོ་སོར་ལས་མི་ནུབ་དགོན་གཞུང་། ལ་ཁ་དགོན་གཞུང་། གོང་རྒྱལ་དགོན་གཞུང་། ཡེ་ཤེས་དགོན་གཞུང་། དབྲ་ཁྱུང་རི་ཁྲོད་གཞུང་། རྫ་སྨོན་རྒྱལ་དགོན་གཞུང་། དཀར་མཛེས་ཀྱི་གཡུང་དྲུང་གླིང་དགོན་གཞུང་། བསྐལ་བཟང་དགོན་གཞུང་། དེའུ་འཕྲུལ་ཆོས་སྒར་གཞུང་སོགས་མཆོད་བསྔོས་འབུལ་མཁན་དུ་མར་ཕེབས་ནས། དབལ་དགོན་གྲྭ་ཚང་སྤྱི་ནས་ཞི་ཁྲོ་དམ་པ་རིགས་བརྒྱའི་མཆོད་དགུང་དུ་ཚོགས་ཆེན་འདུ་ཁང་ནང་དུ་གསུང་། དེ་མིན་རི་ཁྲོད་པད་མ་གསང་གླིང་ནས་མཆོད་དགུང་དུ་ཀློང་རྒྱས་དང་། ཕུར་བའི་ཚོགས་མཆོད་རྣམས་དགུང་ཞག་ཞེ་དགུ་ལ་གསུང་། མི་སེར་རྣམས་པས་ཇོ་དར་བཙུགས། ཚ་ཚ་གདབ། ཕྱག་དང་བསྐོར་བ་ཁ་འདོན་བཟླས་བརྗོད་སོགས་དགེ་བསྒྲུབ་སྡིག་སྤོང་ལ་འབད་པ་དང་། དབལ་ཁྱུང་དགོན་གཞུང་ནས་ཞི་ཁྲོའི་སྦྱིན་བསྲེག་གི་མཆོད་པའི་རྫས་རྣམས་ཚད་ལྡན་ཚུལ་མཐུན་དང། སྤུས་དག་གང་རྒྱས་ཅི་ལེགས་སུ་གྲྭ་སྒྲིག་ཁ་ཚང་བར་བྱས་ཏེ།
སྤྱི་ཟླ་6པའི་ཚེེས20དང་། བོད་༥་པའི་ཚེས་༧ དད་ལྡན་མང་ཚོགས་སྟོང་ལས་བརྒལ་བའི་མི་དམངས་ཀུན་ཆོས་ལུགས་ཀྱི་ཁྱད་པ་མེད་པར་དད་སེམས་གཡོ་མེད་ངང་དུ་སྐུ་གདུང་རིན་པོ་ཆེ་ཉིན་བཞི་ལ་མཇལ་ཁ་ཞུ་པར་དང་།
སྤྱི་ཟླ་6པའི་ཚེས24དང་། བོད་ཟླ་༥་པའི་ཚེས་༡༡ ཉིན་ལ་རི་ཁྲོད་དུ་མཆོད་བཟོ་རྒྱན་རྫས་རྣམས་དང་། ཡོ་བྱད་ཕུན་སུམ་ཚོགས་པའི་མཆོད་བཤམས་རྣམ་པ་དག་པར་བྱེད་ནས། སྔ་དྲོའི་ཆ་ལ་གདུང་སྲེག་འབུལ་སྐབས་སུ། གྲུབ་རྗེ་རིན་པོ་ཆེ་ནམ་མཁའ་རྒྱལ་མཚན། གདོང་ལི་སྤྲུལ་སྐུ་ལུང་རྟོགས་བསྟན་པ་རབ་རྒྱས། དབལ་གཏེར་འཆི་མེད་གླིང་བ། ཤར་རྫའི་མཁན་རིན་པོ་ཆེ་ཉི་མ་བསྟན་འཛིན་སོགས་བླ་མ་དགེ་བཤེས་གྲྭ་ཚང་བརྒྱད་བཅུ་ཙམ་གྱིས་ཞི་ཁྲོ་དམ་པ་རིགས་བརྒྱའི་སྦྱིན་བསྲེག་ཆོ་གའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་མཛད་པར་དང་། དེ་སྐབས་མདོ་དབུས་ཁམམས་གསུམ་ནས་ཕེབས་པའི་དད་ལྡན་སེར་སྐྱ་ཕོ་མོ་བན་བོན་རིས་སུ་མ་ཆད་པ་ཡོངས་ཀྱིས་དད་འདུན་གདུང་བ་ཆེན་པོའི་ངང་ནས་གསོལ་བ་དང་སྨོན་ལམ་རྒྱ་ཆེར་མཛད། དེ་ནས་ཉིན་བདུན་ཙམ་ལ་གདུང་ཁང་སྒོ་བསྡམ་ནས། སླར་ཡང་གདུང་ཁང་སྒོ་ཕྱེས་ནས་དད་ལྡན་འགྲོ་བའི་བསོད་ནམས་ཀྱི་གོ་སྐལ་དུ་གདུང་རུས་དང་རིང་བསྲེག་ཐུགས་ལྗགས་སྤྱན་གསུམ་ལས་ཐུགས་ཀྱི་རྟེན་སྐལ་དང་གདུང་ཐལ་སོགས་གསེར་གདུང་ཆེ་ཆུ་གཉིས་སུ་བཞེངས་སྟེ།མཆོད་རྟེན་གྱི་ནང་དུ་བཞུགས་སུ་གསོལ་བར་མཛད།
གནས་ཚུལ་མདོར་བསྡུས་ཙམ་དུ་གངས་སྨྱུག་དཀར་པོའམ་བསོད་ནམས་དབང་རྒྱལ་གྱིས་བྲིས།།