ལྡོང་རྫོང་གཤེན་བཙུན་སྨིན་གླིང་དུ་ཁྲོ་བོའི་སྨན་སྒྲུབ་འཚོགས་པའི་གནས་བསྡུས།

[ཟླ་ཚེས། 2018-07-14 18:45:45][རྩོམ་པ་པོ། སྒྲུབ་ཆེན་འགན་འཛིན་ལྷན་ཚོགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

IMG_1024.JPGIMG_1004.JPG


1531565672111628.jpg

    དེ་ཡང་རྣམ་འདྲེན་བརྒྱ་པའི་མགོན་པོའི་ཐུགས་བསྐྱེད་དང་རྒྱལ་ཚབ་སེམས་དཔའ་རྣམས་ཀྱི་བྱིན་རླབས་དང་འཕྲིན་ལས་ལ་བརྟེན་ནས།  དུས་མཐའི་གྱེར་བསྟན་གསོ་བའི་གཉེན་པོ་སྐྱབས་རྗེ་མཁན་སློབ་གཤེན་གསུམ་གྱི་བཀའ་སློབ་ལམ་སྟོན་འོག  ཐེངས་འདིའི་མཛད་སྒོ་གཙོ་སྐྱོང་བ་རྩེ་དྲུག་སློབ་དཔོན་ལུང་རྟོགས་བསྟན་པའི་རྒྱལ་མཚན་དང་མཁན་མོ་ཚུལ་ཁྲིམས་རྒྱལ་མོ་རྣམ་གཉིས་དང་། དེ་བཞིན་ལྡོང་རྫོང་འདུས་སྡེ་ཐུན་མོང་གི་ཐུགས་དྲིན་ལས།   ཁྱུང་ཡུལ་ལྡོང་རྫོང་གཤེན་བཙུན་སྨིན་གླིང་དུ་ཕྱི་ནང་རྟེན་དང་བརྟེན་པའི་བཀོད་པ་ལེགས་པར་གྲུབ་པའི་དུས་སྟོན་དུ་ཞི་ཁྲོའི་སྒྲུབ་པ་ཆེན་མོ་དང་ཁྱད་པར་དུ་བཙུན་མའི་སྡེ་ལ་དམིགས་པའི་མཛད་སྒོ་སྟེ།

1531565718394902.jpg

   གཤེན་གྱི་བཙུན་མའི་ཚད་མའི་རིགས་སྒྲ་ཆེན་མོ་དང་།   གཤེན་གྱི་བཙུན་མའི་བགྲོ་གླེང་ཆེན་མོ་སོགས་བོད་ཟླ་ལྔ་པའི་ཚེས་བཅུ་དགུ་དང་སྤྱི་ཟླ་བདུན་པའི་ཚེས་གཉིས་ནས་བཟུང་རེ་ནེ་དགོན་དང་།  འབོ་ཇོ་རི་ཁྲོད།   ཚ་ནེ་རི་ཁྲོད།  གཡུ་བཀྲ་ལྷ་སྟེང་།  ལྷོ་གཡུང་དྲུང་བདེ་གླིང་དགོན།  ལྷོ་རོང་ཁྱུང་དཀར་རི་ཁྲོད།  ཁྱུང་མོ་དགོན་སོགས་ནས་ཕེབས་པའི་བཙུན་མ་ལྔ་བརྒྱ་ལྷག་ཙམ་གནས་འདིར་འཛོམས་ཏེ་སྒྲུབ་པ་ཆེན་མོའི་དབུ་བཙུགས།    དེ་ཡང་འདོན་ཚོ་གཉིས་སུ་བྱས་ཏེ་ཚོགས་ཁག་ཅིག་གིས་ཞི་བ་གཡུང་དྲུང་ཡོངས་རྫོགས་དང་སྨན་སྒྲུབ་བསྒྲགས་མར་གནང་བ་དང་། ཁག་ཅིག་གིས་ཁྲོ་བོ་དང་སྨན་སྒྲུབ་བསྒྲགས་ནས་ནང་འཆམ་དང་གཏོར་འབུལ་གྱིས་འཆམ་སོགས་ཆ་ཚང་བ་གནང་།  བཙུན་མའི་བཤད་སྒྲ་བ་རྣམས་དང་དང་ཕྱོགས་ཁག་ནས་ཕེབས་པའི་བཙུན་མ་རྣམས་ནས་གཤེན་བཙུན་དར་རྒྱས་འཚོགས་ཁང་ཆེན་མོའི་ནང་བཀའ་འགྱུར་དག་འདོན་དང་།  སྲིད་རྒྱལ་འབུམ་ཚོགས་དང་ཞི་ཁྲོའི་ཁྲི་མཆོད་དང་མདོ་གཡུང་དྲུང་ཀློས་རྒྱས་བཅས་རྒྱལ་བ་བྲུ་ཡི་རིང་ལུགས་ལྟར་གསུངས་གནང་།

1531565706805684.jpg

   ད་དུང་ཡང་མུན་སེལ་སྒྲོན་མའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་སྐྱ་བོ་ཕོ་མོ་རྣམས་ནས་བཤད་གྲྭའི་འཆད་ར་ནང་ཨ་དཀར་འབུམ་སྒྲུབ་འཚོགས་ནས་དམངས་ཕན་གཤེན་གྱི་བསླབ་བྱ་རྒྱས་གནང་སྤེལ་བ་དང་། སྤྱི་ཟླ་བདུན་པའི་ཚེས་བཞི་ནས་འགོ་བཟུང་བདུན་གཅིག་གི་རིང་གཤེན་གྱི་བཙུན་མའི་ཚད་མའི་རིགས་སྒྲ་འཚོགས་ཤིང་།  སྤྱི་ཟླ་བདུན་པའི་ཚེས་བཅུ་ཉིན་ཕྱོགས་ཁག་ནས་ཕེབས་པའི་གྲྭ་བཙུན་མཚན་ཉིད་མཁན་དག་དང་མཉམ་དུ་བསམ་བློ་བརྗེ་རེས་བྱས་ཏེ་ཐུག་ཆེན་དམ་བཅའ་ཆེན་མོ་མཇུག་གྲུབ།       

  1531565784402992.jpg1531565784568320.jpg1531565784930820.jpg

   སྤྱི་ཚེས་བཅུ་ཉིན་གྲྭ་ས་གཡུང་དྲུང་གླིང་གི་མཁན་རིན་པོ་ཆེ་དབུས། རྩེ་དྲུག་ཐེག་མཆོག་འོད་ཟེར་རྒྱལ་མཚན།  སྟེང་ཆེན་དགོན་གྱི་ཁྲི་འཛིན་བླ་མ་འོད་ཟེར་སྦྱིན་པ།   གྲུབ་ཆེན་ནམ་མཁའ་རྒྱལ་མཚན། བྱ་ཟེ་ཤེས་རབ་གྲགས་པ།  ཁྲ་གོན་བླ་མ་ཚུལ་ཁྲིམས་མཐར་ཕྱིན། ཀ་ལེགས་བླ་མ་སྟོབས་རྒྱལ།  རི་ནེ་དགོན་གཙུག་ཕུད།  སྒང་རི་དར་རྒྱས་དགོན་གཡུང་དྲུང་བསྟན་འཛིན། སྒར་ཁང་གཡུང་དྲུང་མགོན་པོ།  རི་དམར་བླ་ཆུང་སོགས་དཔོན་གསས་བླ་མ་རྣམས་དང་། ཡོངས་འཛིན་སློབ་དཔོན་གྱི་ཕྱོགས་ནས་ཁྱུང་མོང་བཟོད་པ་འགྱུར་མེད།   ཀོ་བོ་དགོན་ཡོན་ཏན་ཕུན་ཚོགས།  མཐོང་གྲོལ་རི་ཁྲོད་བློ་གྲོས་རབ་གསལ།  རྩེ་དྲུག་ཤེས་རབ་རྣམ་རྒྱལ།  བྱ་ཟེ་ཡོངས་རྫོང་ཤེས་རབ་བསྟན་འཛིན། སོག་སྡེ་ཏིང་དངུལ་བོན་དགོན་གཡུང་དྲུང་ནམ་མཁའ་སོགས་ཡོངས་འཛིན་སློབ་དཔོན་རྣམས་དང་།   མཁའ་འགྲོ་དང་མཁན་མོའི་ཕྱོགས་ནས་མཁའ་འགྲོ་གཡུང་དྲུང་ལྷ་མཆོག  ཀོམ་ཚང་མཉམ་ཉིད་བྱམས་མ་བཅས་དང་། འབྲི་རུ་གསའ་མདའ་བོན་དགོན་བསམ་གཏན་གཙུག་ཕུད།  རི་ཐ་འདས་ལོག་མ་མཁའ་འགྲོ་ཆོས་སེམས་སོགས་རྣལ་འབྱོར་ཕོ་མོའི་སྡེ་དང་།  འབྲི་རུ་རྡོ་རྟིང་གེ་ཁོད་རིན་པོ་ཆེ་དང་།  མར་རྫོང་གཡུང་དྲུང་ཕུན་ཚོགས་སོགས་གདུང་རྒྱུད་བླ་མའི་སྡེ་ཁག་སོགས་ཧོར་ཁྱུང་སྟོད་སྨད་བར་གསུམ་ནས་ཕེབས་པའི་བླ་སྤྲུལ་སློབ་དཔོན་མཁན་པོ་མཁན་མོ་རྣལ་འབྱོར་ཕོ་མོ་ལྔ་བཅུ་ལྷག་དེང་དུས་ཀྱི་འཁྱོག་འཁོར་དང་། མཐོ་རིམ་རླངས་འཁོར་སོགས་བརྒྱ་ཕྲག་ཉེ་བས་རྒྱང་རིང་ནས་བསུས་ཤིང་།


   དགོན་གྱི་ཉེ་འདབས་ནས་དགེ་འདུན་སེམས་མ་ལྔ་བརྒྱ་ལྷག་ཙམ་གྱིས་སེར་ཕྲེང་ངང་མཆོད་པའི་རོལ་མོ་དང་མཛེས་པའི་དར་གདུགས་སོགས་རུ་བསྟར་གྱིས་གདན་དྲངས་ཞུས་ཏེ་འཆམ་རའི་ནང་རྩེ་སློབ་ལུང་རྟོགས་བསྟན་པའི་རྒྱལ་མཚན་དང་མཁན་མོ་ཚུལ་ཁྲིམས་རྒྱལ་མོ་རྣམ་གཉིས་ནས་རྟེན་འབྲེལ་ལེགས་མཚོན་གྱི་མཇལ་དར་ཕུལ་བ་དང་སྟོབས་གཅིག་ཏུ་མཆོད་རྡུང་རོལ་མོའི་མཆོད་པ་རྒྱས་འབུལ་ཞུས་པ་བཅས་དང་།

1531565784985944.jpgIMG_1016.JPG

   སྤྱིར་ཐེངས་འདིའི་རིགས་སྒྲ་ཆེན་མོའི་གཙོ་སྐྱོང་གནང་མཁན་རྩེ་དྲུག་རྒན་ཁྲི་གཙུག་རྒྱལ་མཚན་དང་།  ཁྱུང་མོང་དགོན་གྱི་སློབ་དཔོན་བཟོད་པ་འགྱུར་མེད་རྣམ་གཉིས་གནང་བར་བརྟེན། ཉིན་དེའི་གུང་དྲོ་ཆུ་ཚོད་གསུམ་པའི་ཐོག་ཏུ་གྲྭ་ས་གཡུང་དྲུང་གླིང་གི་མཁན་རིན་པོ་ཆེས་གཙོས་པའི་བླ་སྤྲུལ་མཁན་པོ་དང་མཁན་མོ།  སློབ་དཔོན་དང་དགེ་རྒན་རྣམ་པའི་དབུ་བཞུགས་འོག  ཐུག་ཆེན་དམ་བཅའ་ཆེན་མོ་འཚོགས་ཤིང་།  ཕྱི་དྲོ་ཆུ་ཚོད་དྲུག་པའི་ཐོག་གཤེན་གྱི་བཙུན་མའི་བགྲོ་གླེང་ཆེན་མོ་དངོས་སུ་འགོ་བཙུགས་ཏེ།   འདུལ་བ་དང་ཐེག་འགྲེལ།  ཚད་མ་སོགས་ཀྱི་སྐོར་ནས་བགྲོ་གླེང་གནང་ཞིང་དྲི་བ་དྲིས་ལན་གནང་ཞིང་།  མཇུག་ཏུ་རྩེ་དྲུག་སློབ་དཔོན་ལུང་རྟོགས་བསྟན་པའི་རྒྱལ་མཚན་མཆོག་གི་བོན་གྱི་བཙུན་མའི་གནས་བབ་དང་མ་འོངས་པར་བསྟན་པ་འཛིན་སྐྱོང་བྱེད་སྟངས་ཀྱི་ཐད་ནས་བཀའ་སློབ་རིན་ཆེན་གསེར་ཞུན་ལྟ་བུར་གསུངས།

 IMG_1017.JPG

    སྤྱི་ཚེས་བཅུ་གཅིག་ཉིན་ཞོགས་ཀ་ཆུ་ཚོད་བརྒྱད་པ་ནས་ལྔ་པའི་བར་ཚོགས་མགོན་དུ་ཕེབས་པའི་བླ་སྤྲུལ་བཤེས་གཉེན་རྣམས་དབུ་བཞུགས་འོག་ཧོར་ཁྱུང་སྟོད་སྨད་བར་གསུམ་ནས་ཕེབས་པའི་དད་ལྡན་ཕོ་མོ་ཁྲི་ཕྲག་ལས་བརྒལ་བ་ལ་དབང་སྐུར་དང་སྨན་འགྱེད་གནང་ཞིང་། དགེ་སྡིག་བླང་དོར། ལས་འབྲས་སྲུང་བརྩི། ཞི་བདེ་མཐུན་སྒྲིལ། ཤེས་རིག་ཡར་བརྩོན་དགོས་སྐོར་སོགས་བླ་སྤྲུལ་རྣམ་པས་བཀའ་སློབ་རིམ་པས་གསུངས་ཏེ་མགོ་ཐོག་ལ་བུམ་པ་དང་། སེམས་ཐོག་ལ་བསླབ་བྱའི་གདམས་ངག་ཞིབ་ཅིང་སྨར་བ་བསྩལ་གནང་བའོ།།   

 

     སྤྱི་ཚེས་བཅུ་གཉིས་ཉིན་གྱི་ཞོགས་པར་སྐྱབས་རྗེ་གྲྭ་ས་གཡུང་དྲུང་གླིང་གི་མཁན་རིན་པོ་ཆེས་དབུས་པའི་བླ་སྤྲུལ་བཅུ་ཕྲག་གཉིས་ཙམ་གྱིས་ཁྲོ་བོ་ཉི་ཟེར་ཞགས་པའི་བྱང་བཞུ་རྒྱས་པར་མཛད་ཅིང་།   དེར་འདུས་སེར་མོ་བ་གཙོས་དད་ལྡན་རྣམས་ལ་བྱང་དབང་རྒྱས་པ་སྐུར་བའི་བཀའ་དྲིན་བསྐྱངས་པའོ།། 

   ཕྱི་དྲོའི་ཆུ་ཚོད་གཉིས་པའི་ཐོག་འདི་གའི་བཙུན་མ་རྣམས་ཀྱིས་གཤེན་གྱི་གར་འཆམ་སྟེ་གཤེན་རབ་དགུ་འཆམ་དང་།  རྣམ་བརྒྱད།  གཏོར་རྒྱག་སོགས་ཚུལ་དང་མཐུན་པར་འཆམ་མཛད།

 

     སྤྱི་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོར་ལྡོང་རྫོང་གཤེན་བཙུན་སྨིན་གླིང་གི་ཚོགས་ཁང་དབུས་སུ་འདུས་པ་རྒྱ་མཚོ་སྟབས་ཅིག་ཏུ་རྒྱས་འཚོགས་ངང་། ཚོགས་འདོན་རྣམས་གསུང་གྲུབ་རྗེས་ལྡོང་རྫོང་གཤེན་བཙུན་སྨིན་གླིང་གི་ཚོགས་གྲལ་དུ་འཁོད་པའི་བླ་སྤྲུལ་ཕོ་མོ་འདུས་སྡེ་ཡོངས་ལ་སྒྲུབ་བའི་གཏང་རག་གི་ཚུལ་དུ་དངུལ་འགྱེད་དང་ཚན་པ། སྒྲུབ་བའི་དྲན་རྟེན་གྱི་ལག་རྟགས་ཁག་རིམ་གྱིས་ཕུལ་ཞིང་། འདུས་མང་ནས་བཀྲ་ཤིས་ཀྱི་ཆོ་ག་དང་སྨོན་ལམ་རྣམ་གསུམ་གསུངས་ཏེ་སྒྲུབ་བའི་མཇུག་ལེགས་པར་གྲུབ་བོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།