མདའ་ཆེན་ཁྲི་བ་༧གདན་ས་ཁྲི་བརྟན་ནོར་རྩེར་ཁྲི་འདོན་གྱི་གནས་ཚུལ།

[ཟླ་ཚེས། 2018-06-27 19:09:22][རྩོམ་པ་པོ། དགེ་བཤེས་བསྟན་པ་དར་རྒྱས][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1530098250562167.jpg

   ཉེ་ལམ་མདོ་སྨད་མཛོ་དགེ་བབ་བཟོ་མདའ་ཆེན་དགོན་འདུས་སྤྱི་དང་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་འགའི་ནང་བརྟེན་གཞི་བྱས་པའི་མདའ་ཆེན་ཨུད་འབར་གླིང་ཞེས་པའི་ཆོས་ཚོགས་ཁག་གི་སློབ་མ་རྣམས་ཀྱིས་༧་གདན་ས་ཁྲི་བརྟན་ནོར་བུ་རྩེའི་བླ་བྲང་ལ་ཡིག་ངག་གཉིས་ཐོག་ནས་༧མདའ་ཆེན་ཁྲི་བ་སྐལ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག བསྟན་འགྲོའི་དོན་དུ་མདའ་ཆེན་ཨུད་འབར་གླིང་གི་ཆོས་ཚོགས་ཁག་གི་བསྟན་པའི་བདག་པོར་ཁྲི་འདོན་ཡོང་རྒྱུའི་སྙན་ཞུ་བྱས་པ་ལྟར།

1530098247859990.jpg

   ༧གདན་ས་ཁྲི་བརྟན་ནོར་བུ་རྩེའི་བླ་བྲང་ནས་མདའ་ཆེན་ཁྲི་བ་སྐལ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག་ཁྲི་འདོན་ཞུ་རྒྱུའི་བཀའ་སློབ་སྤྱི་བོར་ཕེབས་པ་བཞིན། སྤྱི་ལོ། ༢༠༡༨་༦་༢༣་གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉིན་མོ་ཁྲི་འདོན་གྱི་རྟེན་འབྲེལ་མཛད་སྒོ་རྒྱས་པ་ཞིགའཚོགས་རྒྱུ་བྱུང་།

1530098249364737.jpg

   མདའ་ཆེན་ཁྲི་བ་རིན་པོ་ཆེ་མཆོག་དང་ངེད་གཉིས་ཁྲི་འདོན་གྱི་མཛད་སྒོའི་སྔ་ཉིན་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས་སྐབས། ༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གི་ཐུགས་དགྱེས་ཚོར་ཆེན་པོས་མ་འོངས་པར་བསྟན་འགྲོའི་དོན་ཇི་ལྟར་བྱེད་དགོས་མིན་དང་། ༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གིས་སྤྱིར་བོན་བསྟན་སྤྱིའི་དོན་དུ་སྐུ་ངལ་ཅི་ཞིག་བསྐྱངས་ཡོད་མེད་སོགས་ཀྱི་བཀའ་སློབ་ཟབ་རྒྱས་གསུངས་པ་མ་ཟད། མ་འོངས་པར་མདའ་ཆེན་དགོན་དུ་བཤད་གྲྭ་ཞིག་གསར་འཛུག་ཐུབ་ན་ཕན་ཐོག་ཆེན་པོ་ཡོད་ཚུལ་གསུངས་སོང་ དེ་བཞིན་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གིས་མདའ་ཆེན་དགོན་གྱི་དབུ་བླ་མཆོག་སྤྲུལ་ཤེས་རབ་བློ་གསལ་རིན་པོ་ཆེ་མཆོག་གི་སྐོར་བཀའ་འདྲི་ཞིབ་ཕྲ་གནང་རྗེས། སྤྱིར་བོན་གྱི་དགོན་སྡེ་ཁག་གི་ནང་གི་བླ་མ་དགེ་བཤེས་རྣམས་ཐུགས་མཐུན་དགོས་ཚུལ་དང་དགོས་སུ་མདའ་ཆེན་གྱི་དབུ་བླ་སྤྲུལ་བའི་སྐུ་མཆོག་ཤེས་རབ་བློ་གསལ་རིན་པོ་ཆེ་མཆོག་དང་ཁྱེད་རྣམས་པ་ཐུགས་མཐུན་གྱི་སྒོ་ནས་ཕྱར་བ་གྲུ་འདེགས་བྱེད་དགོས་ཚུལ་སོགས་ཀྱི་བཀའ་སློབ་ཟབ་རྒྱས་གསུངས་སོང་། མདའ་ཆེན་དགོན་དུ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་ཀྱི་ཡོད་པས་གནས་ཚུལ་རྣམས་རེ་རེ་བཞིན་རིན་པོ་ཆེ་མཆོག་ལ་སྙན་གསེང་ཞུས་རྗེས། རིན་པོ་ཆེ་མཆོག་གིས་མདའ་ཆེན་དགོན་གྱི་དབུ་བླ་མཆོག་སྤྲུལ་ཤེས་རབ་བློ་གསལ་རིན་པོ་ཆེ་མཆོག་དང་མདའ་ཆེན་དགོན་གྱི་ཁྲི་བ་རྣམ་པ་གཉིས་ལ་ཐུགས་རྗེ་ཆེ་ཞེས་སོགས་གསུངས།

1530098249327902.jpg

     དེ་བཞིན་བཀའ་སློབ་ཆེས་གལ་ཆེ་བ་ཞིག་ལ་མ་འོངས་པར་སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྟེན་གཙོའི་པའི་སངས་རྒྱས་ཀྱི་བསྟན་པ་དང་འབྲེལ་བའི་ཅི་ཞིག་རྟེན་བཞེངས་བྱས་ན་སྔ་མའི་ལུགས་སྲོལ་ཡིན་ཞེས་པའམ་ཡང་ན་ཡུལ་ལུང་ག་གེ་མོ་ཞིག་གི་ལུགས་སྲོལ་ཡིན་ཞེས་པ་ཙམ་གྱིས་ཡིད་ཚིམ་པར་མ་བྱས་པར་བདེ་བར་གཤེགས་པའི་བཀའ་དཔང་པོར་བཞག་སྟེ། བདེར་བར་གཤེགས་པའི་བཀའ་ཡི་ནང་གང་གསུང་པ་དེར་གཞི་ལ་འཇོག་དགོས་ཚུལ་དང་། བོན་པོ་ལ་དཔེ་ཆ་གསེར་ཞུན་འདྲ་བ་མང་པོ་ཡོད་ཀྱང་དཔེ་ཆར་ཆ་འཇོག་མི་བྱེད་པར་སྔ་མའི་ལུགས་སྲོལ་རེད་ཅེས་པ་དེ་ཚོ་སྐྱོན་ཆ་ཆེན་པོ་རེད་འདུག་ཅེས་གསུངས་སོང་། ངས་དཔེ་ཆར་ཆ་འཇོག་བྱས་ཏེ་རྟེན་བཞེངས་བྱས་ན་གསར་བཟོ་བྱེད་ཀྱི་འདུག་ཅེས་སོགས་སྐྱོན་བརྗོད་བྱེད་མཁན་ཀྱང་འདུག

1530098249809427.jpg

   ག་རེ་ཡིན་རུང་མ་འོངས་པར་དཔེ་ཆ་རང་ལ་ཆ་འཇོག་བྱེད་ཐུབ་ན་ཚད་ལྡན་ཡོང་རྒྱུ་ཡིན་པ་སོགས་ཀྱི་བཀའ་སློབ་ལམ་སྟོན་ཟབ་ཅིང་རྒྱས་པ་གནང་བ་མ་ཟད་མ་འོངས་པར་ཡང་ནས་ཡང་དུ་དགོན་པ་འདིར་ཕེབས་རོགས་གནང་ཞེས་གསུངས་སོང་།

1530098249111443.jpg

   དགོན་པ་འདི་ཕྱིའི་ཆ་རྐྱེན་གྱི་ཆ་ནས་དགོན་པ་འདི་རྗེས་ལུས་ལྟ་བུ་ཞིག་གྱུར་ཡོད་ཀྱང་ནང་གི་ཐོས་བསམ་སློབ་གཉེར་གྱི་ཆ་ནས་རྗེས་ལུས་གྱུར་མེད་ཅེས་བཀའ་སློབ་སྙིང་ལ་ཟུག་པ་མང་པོ་ཞིག་གི་མཇུག་བསྡུ་བྱས།  རིན་པོ་ཆེ་མཆོག་གིས་སྐུ་ངལ་ཅི་ཞིག་བསྐྱོན་ཚུལ་སོགས་ཀྱི་བཀའ་སློབ་དེ་དག་སེམས་ལ་དྲན་ན་སྲོག་ལྡན་སྐྱེ་བོ་སུ་ཞིག་ཡིན་རུང་མིག་ནས་མཆི་མ་མི་འཐོར་མི་སྲིད་ཅེས་བརྗོད་ཆོག

1530098247930088.jpg

   ཁྲི་འདོན་མཛད་སྒོ་དངོས་གཞིའི་ཉིན་མདའ་ཆེན་ཁྲི་བ་སྐལ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག་དང་ངེད་གཉིས་༧་སྐྱབས་རྗེ་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་ལ་མཇལ་ཁ་ཞུ་བར་ཕྱིན་པ་ཡིན། སྐབས་དེ་དུས་རིན་པོ་ཆེ་མཆོག་གིས་ཞལ་གྱི་དཀྱིལ་འཁོར་ལ་འཛུམ་མདང་རྒྱས་ཏེ་ཁྲི་འདོན་བྱེད་རྒྱུ་བྱུང་བ་སྐལ་པ་བཟང་པོ་ཡིན་ཚུལ་དང་། ཁྲི་འདོན་བྱེད་མཁན་བླ་མ་རང་གིས་ཐུགས་བསྐྱེད་སྨོན་ལམ་གང་ཟབ་གནང་རྒྱུ་དང་གྲྭ་ཚང་གིས་ཀྱང་ཐུགས་བསྐྱེད་སྨོན་ལམ་གང་ཟབ་གནང་གི་རེད་ཅེས་སོགས་བཀའ་ལམ་སྟོན་ཟབ་རྒྱས་གནང་སོང་།  ༧སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་གིས་ཆེས་གལ་ཆེ་བའི་བཀའ་སློབ་ཞིག་ལ། སང་ཉིན་ཁྲི་འདོན་སྐབས་སྔ་དྲོ་ཕྱག་ཚོད་བཅུ་བའི་ཐོག་གྲྭ་ཚང་མཆོད་དཔོན་གྱིས་སྣེ་དྲང་སྟེ་གཙུག་ལག་ཁང་དུ་ཕེབས་རྗེས། ཁྱེད་ཁྲི་ཐོག་ལ་བཞེང་སྟེ་ཅུང་ཙམ་སྒུར་སྒུར་བྱས་ནས་ཕྱག་གཉིས་མདུན་ཁྲིའི་སྟེང་ལ་ཐུག་ཙམ་བྱས་ཏེ། ཁམས་གསུམ་དབང་དུ་བསྡུད། སྟོང་གསུམ་ཟིལ་གྱིས་གནོན། བསྟན་དང་འགྲོ་ལ་ཕན་ཐོག་པར་ཤོག་ཅེས་སྨོན་ཕུར་ཚུགས་སུ་འདེབས་རོགས་གནང་། དེ་ལྟར་བྱེད་དགོས་པ་དེ་ནི་ཁྲི་འདོན་སྐབས་སུ་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གིས་ཞལ་གདམ་ཡིན་ཞེས་གསུངས་སོང་།

1530098248834988.jpg

   དེ་ནས་ཕྱག་ཚོད་བཅུ་བ་ཟིན་ལ་ཉེ་བའི་སྐབས་སུ་གྲྭ་ཚང་མཆོད་དཔོན་གྱིས་སྤོས་འདྲེན་གྱིས་སྣ་དྲང་སྟེ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གཙུག་ཁང་དུ་གདན་ཞུ་བྱས། ཁྲི་འདོན་དངོས་གཞིའི་མཛད་སྒོའི་སྐབས་སུ་གྲྭ་ཚང་གི་གཉེར་བ་གཙོའི་པའི་བཙའ་སྐྱོང་ལྷན་ཚོགས་ཀྱི་ལས་བྱེད་རྣམས་དང་། བླ་མ་དགེ་བཤེས་རྣམས་གཙོའི་པའི་གྲྭ་མང་རྣམས་དང་། མདའ་ཆེན་ཁྲི་བ་རིན་པོ་ཆེའི་དད་ལྡན་སློབ་རྣམས་ཀྱིས་སྐུ་ཚབ་གཉིས་གཙོའི་པའི་སྐུ་མགྲོན་བརྒྱ་ཕྲག་ལྷག་ཡོད་པ་དེ་དག་ཚང་མའི་དབུས་སུ་བཞུགས་ཁྲིར་བཞེངས་རྗེས། གྲྭ་མང་རྣམས་ཀྱིས་འདོན་པ་དབྱིངས་སུ་གྱེར་ཏེ་མདའ་ཆེན་དགོན་པའི་སྐུ་ཚབ་ཀྱིས་མན་འདལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་དང་། དེ་རྗེས་རྒྱ་རིགས་སློབ་མའི་སྐུ་ཚབ་རྣམས་གཉིས་ཀྱིས་རྒྱ་རིགས་སློབ་མ་ཡོངས་ཀྱི་སྐུ་ཚབ་བྱས་ཏེ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས།

1530098247109731.jpg

   དེ་རྗེས་གྲྭ་མང་རྣམས་མང་ཇ་འཚོགས་ཏེ་མདའ་ཆེན་ཁྲི་བ་རིན་པོ་ཆེ་མཆོག་ནས་གྲྭ་བ་རེ་རེར་སྐུ་འབྱེད་བལ་སྒོར་ཆིག་སྟོང་རེ་ཕུལ་ཏེ་མཆོད་འབུལ་རྒྱ་ཆེན་བྱས། མང་ཇ་གྲོལ་རྗེས་མདའ་ཆེན་ཁྲི་བ་རིན་པོ་ཆེ་གྲྭ་ཚང་གི་སྤོས་འདྲེན་ཀྱིས་སྣེ་དྲང་སྟེ་དཔེ་མཛོད་ཁང་རྙིང་པའི་ནང་གདན་ཞུའི་ཐོག་མི་མང་དང་གྲྭ་མང་ཀུན་གྱིས་མཇལ་ཁ་ཞུས་ཏེ་ཁྲི་འདོན་མཛད་སྒོ་རྒྱས་པ་ཞིག་འཚོགས་པའི་གནས་ཚུལ་མདོར་བསྡུས་ཤིག་གི་ཚུལ་དུ།

མདའ་ཆེན་ཁྲི་བ་རིན་པོ་ཆེ་མཆོག་གི་མཆེད་གྲོགས་ཀྱི་མིང་འཛིན་པ་དགེ་བཤེས་བསྟན་པ་དར་རྒྱས་ཀྱིས་༢༠༡༨༦་༢༦་ཉིན་བྲིས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།