ཞང་བོད་ཤེས་རིག་གཞུང་བརྒྱའི་བགྲོ་གླེང་ཆེན་མོའི་གསལ་བསྒྲགས།
[ཟླ་ཚེས། 2018-06-27 18:41:07][རྩོམ་པ་པོ། འགན་འཛིན་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
གཞུང་ལུགས་ཀུན་ལ་མཁྱེན་རྒྱ་ཆེ་བའི་རྒྱ་ཆེའི་རྩོམ་པ་པོ་རྣམས་ལ་ཆེད་ཞུ། སྤྱི་ལོ་༢༠༡༨ལོའི་སྤྱི་ཟླ་༩བའི་ནང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱས་འཛོམས་ཚོགས་ཆེན་ཐེངས་གཉིས་པ་དངོས་སུ་ཚོགས་སྐབས་། ༼ ཞང་བོད་ཤེས་རིག་གཞུང་བརྒྱའི་བགྲོ་གླེང་༽ཆེན་མོའང་འཚོགས་རྒྱུ་ཡིན་པས། དེས་ན་ངེད་ཞང་བོད་ཤེས་རིག་གཞུང་བརྒྱའི་བགྲོ་གླེང་ཆེན་མོའི་བཀོད་སྒྲིག་ཚན་ཆུང་ནས་མཉམ་འབྲེལ་ལྷན་ཚོགས་ཀྱི་བཀའ་དགོངས་ལྟར་བོན་ཁམས་སྤྱི་ལ་ཁ་ཕྱོགས་ནས་དཔྱད་རྩོམ་བསྡུ་འཆར་ཡོད་ལ། ད་ལོའི་བགྲོ་གླེང་ཆེན་མོའི་ཁ་ཕྱོགས་སྔར་བཞིན་ཞང་བོད་ཀྱི་རིག་གཞུང་ཡིན་པ་གཞིར་བཞག་ལ། ཁྱད་པར་དུ་རྒྱལ་བའི་བཀའ་རིན་པོ་ཆེའི་སྒྲིག་ཞུའི་སྐོར་དང་འབྲེལ་བའི་བཀའ་པོད་སོ་སོའི་ནང་དོན་གནད་བསྡུས་དང་འབྲེལ་བའི་ཞིབ་འཇུག་འབུར་ཐོན། དེ་ལ་ནང་གསེས་རྩོམ་མཁན་རང་ཉིད་ཀྱི་མོས་པ་ལྟར་ཞང་བོད་རྒྱལ་རབས་ལོ་རྒྱུས་ཀྱི་སྐོར་དང་། གཞུང་དོན་གསེད་བཀྲོལ་ཀྱི་ཐད། དགོན་སྡེ་དང་མི་སྣ་ཞིབ་འཇུག་དང་ངོ་སྤྲོད། དཔེ་གཞུང་དཔྱད་བསྡུར་སོགས་ཕྱོགས་ཡོངས་ནས་ལྗགས་རྩོམ་གནང་རྒྱུའི་རེ་བ་ཞུ་བཞིན་ཡོད། ཐེངས་འདིར་བསྡུ་བའི་དཔྱད་རྩོམ་ནི་ངེས་པར་དུ་སྔར་དུས་དེབ་སོགས་སུ་བཀོད་མ་མྱོང་བའི་གསར་རྩོམ་ཡིན་དགོས་ལ། རང་ཉིད་ཀྱི་ཐུན་མིན་གྱི་ལྟ་བ་དང་རིག་གཞུང་གི་རིན་ཐང་ལྡན་དགོས། ཡིག་གྲངས་ལྔ་སྟོང་ནས་ཁྲི་གཅིག་བར་དུ་ཚོད་འཛིན་བྱེད་དགོས་ཤིང་། ཡིག་གཟུགས་ངེས་པར་དུ་ཧི་མ་ལ་ཡ་ཡིན་དགོས། དཔྱད་རྩོམ་འབྲི་སྟངས་ནི་རྒྱལ་སྤྱིའི་ཚད་ལྡན་རྩོམ་ཡིག་ལྟར། དབུ་ན་ནང་དོན་མདོར་བསྡུས་དང་བརྡ་ཆད་གཙོ་བོ་ཡོད་པ། བར་ན་མཆན་ཨང་གསལ་བོར་བཏབ་པ། མཇུག་གི་ཟུར་མཆན་དུ་ལུང་གང་དྲངས་པའི་དཔྱད་གཞིའི་དཔེ་ཁུངས་ཀྱི་དེབ་མིང་དང་རྩོམ་པ་པོའི་མཚན། དཔེ་སྐྲུན་ཁང་གང་ཡིན་པ། པར་སྐྲུན་དུས་ཚོད། ཤོག་ངོས་དང་ཐིག་འཕྲེང་སོགས་གསལ་བོ་འདེབས་དགོས། དཔྱད་རྩོམ་དང་ལྷན་དུ་རྩོམ་པ་པོའི་ངོ་སྤྲོད་མདོར་བསྡུས་ཡིག་གྲངས་ལྔ་བཅུ་ལས་མི་མང་བ་ཞིག་དང་། མཚན། ཞལ་པར་ཨང་གྲངས། སྡོད་གནས། དགོན་སྡེའམ་ལས་ཁུངས་གང་ཡིན། གོ་གནས། ཡིག་སྒྲོམ་ཨང་གྲངས་སོགས་གསལ་བོར་བྲིས་ནས་བསྐུར་དགོས།
སྤྱི་ཟླ་༨པའི་ཚེས་༣༡་ཉིན་དཔྱད་རྩོམ་བསྡུ་མཚམས་འཇོག་རྒྱུ་ཡིན་པས་ངེས་པར་དུ་དུས་ལྟར་གློག་རྡུལ་ཡིག་སྒམ།335043231@qq.com དུ་བསྐུར་དགོས།
འབྲེལ་ཡུལ།
དབྲ་ཁྱུང་ཚང་། ༡༣༣༢༢༥༥༧༧༩༩
མཁན་པོ་ཚེ་རིང་ནོར་བུ ༡༣༤༠༨༠༣༠༨༨༨
མཁར་ནག་སྐལ་བཟང་རྒྱ་མཚོ།༡༣༩༩༧༤༤༢༢༣༩
གཡུང་དྲུང་བཟང་མོ།
ང་ཚོས་སྤྱི་ཟླ་༩བའི་ཚེས་གཅིག་ནས་འདིར་འབྱོར་བའི་དཔྱད་རྩོམ་ལ་གདམ་གསེས་བྱས་ནས་བགྲོ་གླེང་གི་དུས་ཚོད་བཀོད་སྒྲིག་བྱ་རྒྱུ་ཡིན་པས། གལ་སྲིད་དུས་འགྱང་ཚེས་བསྡུ་རྒྱུ་མིན་པས་དེ་ལུགས་དགོངས་འཇགས་འཚལ།
ཞེས་ཞང་བོད་ཤེས་རིག་གཞུང་བརྒྱའི་བགྲོ་གླེང་ཆེན་མོའི་བཀོད་སྒྲིག་ཚན་ཆུང་ནས།
༢༠༡༨ལོའི་སྤྱི་ཟླ་༦པའི་ཚེས་༢༢་ལ་སྤེལ།