རྒྱལ་སྤྱིའི་ཞང་ཞུང་རིག་གནས་དཔྱད་གླེང་ཚོགས་འདུ་ལྷ་སར་འཚོགས་པ།

[ཟླ་ཚེས། 2018-06-21 19:40:32][རྩོམ་པ་པོ། ཀུན་དགའ་ཡེ་ཤེས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

སྐབས་དང་པོའི་ཀྲུང་གོའི་བོད་ལྗོངས་ལྷ་ས་དང་མངའ་རིས་ས་ཁུལ་གྱི་རྒྱལ་སྤྱིའི་ཞང་ཞུང་རིག་གནས་དཔྱད་གླེང་ཚོགས་འདུ་ལྷ་སར་འཚོགས་པ།

IMG_0481.JPG

གནས་ཚུལ་འབྲི་མཁན་དང་པར་རིས་མཁོ་འདོན་མཁན་ཀུན་དགའ་ཡེ་ཤེས།

བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་གཞོན་པ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་ཐོགས་འབུམ་རམས་པ།

      ཀྲུང་གོའི་མི་རིགས་རིག་པའི་ཞིབ་འཇུག་མཐུན་ཚོགས་ལས་མི་རིགས་དུས་སྟོན་ཞིབ་འཇུག་ཨུ་ཡོན་ལྷན་ཚོགས་དང་།  ལྷ་ས་གྲོང་ཁྱེར་ཏང་ཨུ་དང་མི་དམངས་སྲིད་གཞུང་། མངའ་རིས་ས་ཁུལ་ཏང་ཨུ་དང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པའི་སྐབས་དང་པོའི་ཀྲུང་གོའི་ལྷ་ས་དང་མངའ་རིས་ས་ཁུལ་གྱི་རྒྱལ་སྤྱིའི་ཞང་ཞུང་རིག་གནས་དཔྱད་གླེང་འཚོགས་འདུ་དེ༢༠༡༨ལོའི་ཟླ༦ཚེས༡༥ནས་༡༨བར་ལྷ་སར་གཟབ་རྒྱས་ངང་འཚོགས། འཚོགས་འདུར་ཀྲུང་གོའི་མི་རིགས་རིག་པའི་ཞིབ་འཇུག་མཐུན་ཚོགས་ཀྱི་དབུ་འདྲེན་དང་ལྷ་ས་གྲོང་ཁྱེར་དང་མངའ་རིས་ས་ཁུལ་གྱི་འབྲེལ་ཡོད་དབུ་འདྲེན་རྣམས་ཕེབས་ཡོད་ཅིང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་དང་། པེ་ཅིན་སློབ་གྲྭ་ཆེན་མོ། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་། བོད་ལྷོངས་སྤྱི་ཚོགས་ཚན་རིག་གླིང་། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས། སི་ཁྲོན་སློབ་གྲྭ་ཆེན་མོ། བོད་ལྗོངས་སློབ་གྲྭ་ཆེན་མོ་དང་བོད་ལྗོངས་སྨན་རྩིས་སློབ་གྲྭ་ཆེན་མོ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་དང་། མཚོ་སྔོན་སློབ་གྲྭ་ཆེན་མོ། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོ། ལན་ཀྲུའུ་སློབ་གྲྭ་ཆེན་མོ་སོགས་པེ་ཅིན་དང་ཡོན་ནན་ཞིང་ཆེན། སི་ཁྲོན་ཞིང་ཆེན། མཚོ་སྔོན་ཞིང་ཆེན། ཀན་སུའུ་ཞིང་ཆེན། བོད་རང་སྐྱོང་ལྗོངས་སོགས་ནས་ཕེབས་པའི་རྒྱལ་ནང་གི་བོད་ཀྱི་ཤེས་རིག་ཉམས་ཞིབ་པ་མི་དགུ་བཅུ་གོ་གསུམ་ཞུགས་ཡོད་ལ། ཨ་རིའི་རྒྱལ་ཁབ་དང་། དབྱི་ཏ་ལི་རྒྱལ་ཁབ། དབྱིན་ཇིའི་རྒྱལ་ཁབ། ཧྥ་རན་སི་རྒྱལ་ཁབ། རྗེའེ་ཁུ་སྤྱི་མཐུན་རྒྱལ་ཁབ། ཁྰ་ན་ཊ་རྒྱལ་ཁབ། ཨོའོ་ཏྲ་ལེ་རྒྱལ་ཁབ་སོགས་ཀྱི་ཞིབ་འཇུག་ལས་ཁུངས་དང་། སློབ་གྲྭ་ཆེན་མོ། འབྲེལ་ཡོད་ཚན་ཁག་མི་འདྲ་བའི་བོད་ཀྱི་ཤེས་རིག་ཉམས་ཞིབ་པ་བཅུ་གྲངས་ཙམ་འཚོགས་འདུར་ཕེབས་པ་མ་ཟད།  ཕྱོགས་སོ་སོ་ནས་ཟུར་ཞུགས་བགྲོ་གླེང་དུ་ཕེབས་མཁན་ཡང་མི་གྲངས་བདུན་ཅུ་བཅས་ཁྱོན་མི༡༧༠ལྷག་འཚོགས་འདུར་ཞུགས་པ་མ་ཟད། སྐད་གསུམ་ལོ་ཙྰ་བ་ཚད་ལྡན་མི་བཅུ་གཉིས་གདན་འདྲེན་བྱས་ཏེ་ཉིན་གསུམ་གྱི་རིང་ལ་འཚོགས་འདུའི་རིག་གཞུང་སྙན་ཞུ་ནས་མཁས་པ་སོ་སོའི་ཕན་ཚུན་དྲི་བ་དྲིས་ལན་དང་བཅས་པ་བོད་སྐད་ནས་རྒྱ་སྐད། དབྱིན་སྐད་བཅས་སྐད་རིགས་གསུམ་ལ་དུས་མཉམ་སྐད་བསྒྱུར་བྱས།  དེ་དང་བསྟུན་ནས་ལྷ་སར་ཡོད་པའི་ཞང་ཞུང་གནའ་ཆས་ཆེད་གཉེར་ཁང་སོགས་ཀྱིས་ཞང་ཞུང་གི་རིག་གནས་དང་འབྲེལ་བའི་གནའ་ཆས་སྣ་ཚོགས་དང་། ཡིག་རྙིང་། གཏོའི་ཆོ་གའི་སྐོར། གཟི་སྣ་ཚོགས་པའི་བཤམས་སྟོན་གཟབ་རྒྱས་སུ་སྤེལ།

IMG_0451.JPG

               དགེ་རྒན་ཆེན་མོ་ཚེ་རིང་ཐར་གྱིས་གསུང་བཤད་གནང་བཞིན་པ།

      ཚེས16ཉིན་གྱི་ཞོགས་པའི་ཆུ་ཚོད9:30  ནས་འཚོགས་འདུ་དངོས་སུ་ཚུགས་ཤིང་། འཚོགས་ཐོག་ཏུ་ཀྲུང་གོའི་མིའི་རིགས་རིག་པའི་མཐུན་ཚོགས་ཀྱི་དབུ་འདྲེན་དང་། ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་དབུ་འཛིན་གྱིས་ཉེ་བའི་ལོ་ཤས་རིང་ལྷ་སར་ཞང་ཞུང་རིག་གནས་ཀྱི་དཔྱད་གླེང་འཚོགས་འདུ་ཐེངས་གཉིས་སྤེལ་ཟིན་པ་དེས་རྒྱལ་ཁབ་ཕྱི་ནང་ཀུན་དུ་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་གྲུབ་ཆར་ཆགས་པའི་ཞང་ཞུང་རིག་གནས་ལ་དོ་སྣང་བྱེད་མཁན་མང་དུ་བྱུང་བ་དང་། དེས་བོད་ཀྱི་གདོད་མའི་རིག་གནས་ཁྲོད་ད་ལྟའི་བར་རིན་ཐང་ཆེ་བའི་རིག་གནས་ཀྱི་རྣམ་པ་ཡོད་ཚུལ་གསལ་བརྗོད་བྱས་པ་མ་ཟད། ཞང་ཞུང་རིག་གནས་ལ་ཞིབ་འཇུག་བྱེད་དགོས་པའི་གལ་ཆེན་རང་བཞིན་དང་། དེ་རྒྱུན་སྤེལ་དང་འཕེལ་རྒྱས་བྱེད་ཐུབ་ན་མ་འོངས་པའི་འཛམ་གླིང་ཤེས་རིག་གི་འཕེལ་ཕྱོགས་ཁྲོད་ཁྱད་དུ་འཕགས་པའི་དགེ་མཚན་ཡོད་ཚུལ་དང་། འབྲེལ་ཡོད་ཆེད་མཁས་པ་རྣམས་ཀྱིས་མཁས་བརྒྱ་འགྲན་གླེང་དང་། མེ་ཏོག་མཉམ་བཞད་ཀྱི་སྲོལ་རྒྱུན་བཟང་བོ་རྒྱུན་བསྐྱངས་ཏེ་རིག་གཞུང་དཔྱད་གླེང་བྱེད་འོས་པའི་འབོད་སྐུལ་བྱས། དེའི་འཕྲོར་བོད་ལྗོངས་སྤྱི་ཚོགས་ཚན་རིག་གླིང་གི་དེ་སྔའི་ཞིབ་འཇུག་པ་དོན་འགྲུབ་ལྷ་རྒྱལ་གྱིས་འཚོགས་འདུའི་རྩ་འཛུགས་ཚོགས་པའི་མངགས་བཅོལ་དང་ལེན་བྱས་ཏེ་ཞང་ཞུང་རིག་གནས་ཞིབ་འཇུག་གི་འདས་མ་ད་གསུམ་སྐོར་ཀུན་ལ་སྙན་ཞུ་ཕུལ། ཁོང་གིས་ལོ་ངོ་བཅུ་གྲངས་ལྷག་གི་རིང་གི་རྒྱལ་སྤྱིའི་ཞང་ཞུང་རིག་གནས་ཀྱི་ཞིབ་འཇུག་གནས་ཚུལ་རྣམས་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་ཤིང་། ལོ་རྒྱུས་ཡིག་ཚགས་སུ་བཀོད་པའི་ཞང་ཞུང་སྒོ་ཕུགས་བར་གསུམ་དང་། ཞང་ཞུང་ཆེ་ཆུང་སོགས་ཀྱི་ཞིབ་འཇུག་གནས་བབ་ངོ་སྤྲོད་བྱས་རྗེས། ད་ལྟའི་དུས་སུ་ཞང་ཞུང་ཕུགས་པ་དང་བར་མའི་ས་ཁོངས་སུ་ཞང་ཞུང་གི་གནའ་ཆས་དང་། ཤུལ་ལུས་རིག་གནས་ཀྱི་རྣམ་པར་ཆགས་པའི་ཡུལ་སྲོལ་སོགས་ཤིན་ཏུ་རྒྱ་ཆེན་དར་ཡོད་པ་དང་། ཞང་ཞུང་སྒོ་པའི་ཁོངས་སུ་གཏོགས་པའི་ཁྱུང་ཡུལ་སོགས་ནས་ཆེས་གདོད་མའི་གནའ་ཆས་མང་པོ་ད་དུང་ངོས་ཟིན་མེད་པ་སོགས་ལ་ཞིབ་འཇུག་མཁན་རྣམས་ཀྱི་དོ་སྣང་བྱེད་འོས་ཚུལ་སོགས་ཀུན་ལ་དྲན་སྐུལ་དང་། རིག་གཞུང་གི་རྣམ་པ་བརྒྱུད་ནས་གནའ་བཟང་དེང་འདྲེན་དང་། སྔར་ཡོད་ངོས་འཛིན་བྱེད་དགོས་པའི་འབོད་སྐུལ་བྱས།

IMG_0450.JPG

དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་ཀྱིས་གསུང་བཤད་གནང་བཞིན་པ།

           རིག་གཞུང་བགྲོ་གླེང་དངོས་སུ་ཚུགས་རྗེས་འཚོགས་འདུའི་སྔ་ཆ་དང་ཕྱི་ཆ་གཉིས་ལ་འཚོགས་ཆེན་རིག་གཞུང་བགྲོ་གླེང་བྱེད་རྒྱུ་དང་། བར་རིམ་དུ་ཚན་ཁག་བགོས་ནས་རིག་གཞུང་བགྲོ་གླེང་བྱེད་རྒྱུ་བཀོད་སྒྲིག་བྱས་ཤིང་།

IMG_0467.JPG

          འཚོགས་ཆེན་སྔ་རྗེས་གཉིས་སུ་རྒྱལ་ཁབ་ཕྱི་ནང་གཉིས་ནས་ཕེབས་པའི་ཆེད་མཁས་པ་མི་བདུན་གྱིས་རིག་གཞུང་སྙན་ཞུ་ཕུལ་བ་དང་། དེ་ཕྱིན་གྱི་དུས་ཚོད་ནང་རིག་གཞུང་དཔྱད་གླེང་ཚན་ཁག་དྲུག་ཏུ་བགོས་ཏེ་བགྲོ་གླེང་བྱས། ཚན་ཁག་དྲུག་ནི་སྐད་དང་ཡི་གེའི་བགྲོ་གླེང་ཚན་ཆུང་དང་། གནའ་དཔྱད་དང་སྒྱུ་རྩལ་ཚན་ཆུང་། ལོ་རྒྱུས་དང་ཡིག་ཚངས་ཚན་ཆུང་། ཆོས་ལུགས་དང་རིག་གནས་ཚན་ཆུང་། བོད་སྨན་དང་གནམ་རིག་སྐར་རྩིས་ཚན་ཆུང་། རྒྱུད་གཅིག་ལམ་གཅིག་དང་སྤྱི་ཚོགས་དཔལ་འབྱོར་ཚན་ཆུང་བཅས་ཡིན།

IMG_0454.JPG

        འཚོགས་ཆེན་ཐོག་ཏུ་ཐོགས་མར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཚེ་རིང་ཐར་གྱིསལོ་རྒྱུས་ཡིག་ཚགས་ཁྲོད་ཀྱི་ཞང་ཞུངཞེས་པའི་བརྗོད་ཉིང་གཞིར་བཟུང་ནས་ཏུན་ཧོང་ཡིག་རྙིང་ནས་བོད་ཀྱི་ཆོས་འབྱུང་དང་བསྟན་འབྱུང་། གནས་ཡིག རྒྱ་ཡིག་གི་ལོ་རྒྱུས་ཡིག་ཆ་སོགས་སུ་ཞང་ཞུང་གི་གནས་ཚུལ་ཇི་ལྟར་བཀོད་ཡོད་པའི་སྐོར་ངོ་སྤྲོད་ཞིབ་ཕྲར་གནང་ཞིང་། ལོ་རྒྱུས་སྟེང་གི་ཞང་ཞུང་ཞེས་པ་ནི་རྒྱལ་ཕྲན་སིལ་མའི་དུས་རིམ་ནས་སྲིད་འབྱོར་རིག་གསུམ་རྒྱས་ཡོད་པའི་རྒྱལ་ཕྲན་ཞིག་ཡིན་ཚུལ་དང་། དེའི་སྲིད་ཀྱི་སྟོབས་ཤེད་དང་འགྲོགས་ནས་ཁྱིམ་མཚེས་ཀྱི་རྒྱལ་ཁབ་མང་པོ་ཞིག་ལ་ཤུགས་རྐྱེན་ཐེབས་ཡོད་ཚུལ། ཞང་ཞུང་གི་མི་རྒྱུད་ནི་གདོད་མ་ནས་བོད་མཐོ་སྒང་འདིར་གནས་པའི་གདོང་དམར་བོད་པ་རྣམས་ཀྱི་ཡབ་མེས་ཡིན་ཚུལ་དང་། ཞང་ཞུང་གི་རིག་གནས་དང་བོན་པོའི་གདོད་མའི་ཆོས་ལུགས་ནི་བོད་མཐོ་སྒང་གི་ཤེས་རིག་གི་མགོ་ཁུངས་དང་། ཐོག་མའི་མཆེད་ཡུལ་ཡིན་ཚུལ་སོགས་་ཞིབ་ཕྲར་དབྱེ་ཞིབ་བྱས། དེའི་འཕྲོར་དབྱིན་ཇིའི་ཁམ་ཟམ་སློབ་གྲྭ་ཆེན་མོའི་ཡ་གླིང་ཞིབ་འཇུག་ལྟེ་གནས་ཀྱི་བོད་ཀྱི་ཤེས་རིག་ཞིབ་འཇུག་པ་ཧེར་ཏི་རྒལ་རྡི་ཡིསཞང་ཞུང་གི་མངའ་ཁོངས་ལས་འདས་པའི་ལོ་རྒྱུས་རིག་གནས་རྟོགས་ཞིབཞེས་པའི་སྙན་ཞུ་ཕུལ་ཞིང་། ཁོང་གིས་ཞང་ཞུང་དང་འདབས་འབྲེལ་དུ་ཡོད་པའི་ཡ་གླིང་དཀྱིལ་མའི་རྒྱལ་ཁབ་དང་མི་རིགས་མང་པོ་ཞིག་གི་རིག་གནས་སྣང་ཚུལ་ལ་དབྱེ་ཞིབ་བྱས་པ་བརྒྱུད་ནས་ས་ཁུལ་དེ་དག་དང་ཞང་ཞུང་བར་ལ་འབྲེལ་བ་བྱུང་ཚུལ་གསལ་བཤད་བྱས། དེ་ནས་སི་ཁྲོན་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དང་། སློབ་གྲྭ་དེའི་ལོ་རྒྱུས་རིག་གནས་སློབ་གླིང་གི་དེ་སྔའི་གླིང་གཙོ་ལིས་ཡུང་ཞན་གྱིསམཚོ་སྔོན་ལྷོ་རྒྱུད་ཀྱི་བྲག་བརྐོས་རི་མོའི་ས་གནས་ཁྱད་ཆོསཞེས་པའི་བརྗོད་གཞི་གཞིར་བཟུང་སྟེ་བོད་མཐོ་སྒང་གི་ས་ཆ་སོ་སོར་བྲག་བརྐོས་རི་མོ་སྣ་ཚོགས་ཡོད་ཚུལ་དང་། དེ་དག་གི་མཆེད་ཁུངས་ནས་རྒྱལ་ནང་དང་། ས་ཁུལ་གཞན་གྱི་བྲག་བརྐོས་རི་མོའི་བར་གྱི་འབྲེལ་བ། བྲག་བརྐོས་རི་མོའི་རིགས་དེ་དག་ཀྲུང་གོ་རྒྱལ་ཁབ་སྤྱིའི་རིག་གཞུང་པའི་སྡེ་ནས་ཇི་ལྟར་དབྱེ་བསྡུ་བྱས་ཚུལ་སོགས་སྙན་ཞུ་ཕུལ། དེའི་འཕྲོར་བོད་ལྗོངས་གསོ་རིག་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོའི་མིང་སྐྱིད་མཚོ་མོ་ཡིསའཛམ་གླིང་གཞི་གཅིག་ཏུ་འགྱུར་བའི་གོ་རིམ་ཁྲོད་ཀྱི་བོད་ཀྱི་གསོ་རིག་གི་གོ་སྐབས་དང་འགྲན་རྩོདཞེས་པའི་བརྗོད་གཞིའི་སྟེང་ནས་བོད་ཀྱི་གསོ་བ་རིག་པའི་མཆེད་ཁུངས་རྒྱུན་རིང་བ་དང་གཞུང་ལུགས་ཆ་ཚང་བོར་ཆགས་པ་ནས། ཕྱོགས་སོ་སོར་འཕེལ་རྒྱས་བྱུང་སྟེ་གོ་སྐབས་དང་འགྲན་རྩོད་མཉམ་དུ་བྱུང་བ་དང་། དེས་མ་འོངས་པའི་བོད་ཀྱི་གསོ་རིག་འཕེལ་རྒྱས་འབྱུང་བ་ལ་སྐུལ་འདེད་བྱེད་པའི་ཞོར་ནས་ཕོགས་ཐུག་གི་ཆ་ཡང་མང་པོ་ཡོད་ཚུལ་སོགས་རིག་གཞུང་ལྟ་བའི་སྟེང་ནས་གླེང་བརྗོད་སྤེལ།

IMG_0449.JPG 

           ཚེས༡༦ཉིན་གྱི་ཕྱི་དྲོ་ནས་ཚན་ཁག་བགོས་ཏེ་རིག་གཞུང་བགྲོ་གླེང་བྱས་ཤིང་། དེ་ལས་རྒྱུད་གཅིག་ལམ་གཅིག་དང་སྤྱི་ཚོགས་དཔལ་འབྱོར་ཚན་ཆུང་དེ་དེ་སྔའི་བོད་ལྗོངས་སྤྱི་ཚོགས་ཚན་རིག་གླིང་གི་ཞིབ་འཇུག་པ་དོན་འགྲུབ་ལྷ་རྒྱལ་གྱིས་གཙོ་སྐྱོང་གནང་བ་དང་། ཞིབ་འཇུག་ཆེད་མཁས་པ་མི་དྲུག་གིས་རང་རང་གི་ཞིབ་འཇུག་གྲུབ་འབྲས་ལྟར་རིག་གཞུང་སྙན་ཞུ་ཕུལ་བ་རེད། ཁོང་རྣམ་པས་ཞང་ཞུང་རིག་གནས་དང་ཉེ་རྒྱུད་ས་ཁུལ་ཁག་གི་འབྲེལ་བ་ནས་བོད་ཤོག་དང་ཞང་ཞུང་བར་གྱི་འབྲེལ་བ། ཇིས་ཨེར་ཅེའེ་སེ་རྒྱལ་ཁབ་དང་ཞང་ཞུང་གི་དུས་རབས༥ནས་༧བར་གྱི་ཚོང་ལམ་སྟེང་གི་འགྲོ་འོངས་སྐོར། དར་གོས་བརྒྱུད་ལམ་གྱི་ལྟེ་བར་འབྲེལ་བྱེད་ཀྱི་ཞང་ཞུང་གི་གནས་བདག་དད་མོས་སྐོར། རྒྱུད་གཅིག་ལམ་གཅིག་དང་ཞང་ཞུང་གི་རིག་གནས་བར་གྱི་འབྲེལ་བའི་སྐོར། ཞང་ཞུང་རིག་གནས་དང་རྒྱུད་གཅིག་ལམ་གཅིག་གི་སྒྱུ་རྩལ་སོགས་ལ་དབྱེ་ཞིབ་བྱས། དེ་ལས་དབྱིན་ཇིའི་ཁམ་ཟམ་སློབ་གྲྭ་ཆེན་མོའི་སོག་པོ་དང་ཡ་གླིང་གི་སྐམ་སའི་ནང་རྒྱུད་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཆེན་མོ་པུ་རོའུ་སེ་ཨེ་ལོད་ཌྲི་ཡིས་བོད་ཤོག་བཟོ་རྩལ་གྱི་འཕེལ་རྒྱས་གནས་ཚུལ་དང་འབྲེལ་ནས་དེའི་སྲོལ་རྒྱུན་ནི་གདོད་མའི་ཞང་ཞུང་དང་འབྲེལ་ཡོད་ཚུལ་ལ་དབྱེ་ཞིབ་བྱས་ཤིང་། དེ་ཡང་ཕྱོགས་སོ་སོར་དར་བ་དང་བསྟུན་ནས་ཞང་ཞུང་གི་རིག་གནས་རྒྱ་ཁྱབ་ཏུ་དར་བ་ལ་ཤུགས་རྐྱེན་ཐེབས་ཚུལ་སོགས་དབྱེ་ཞིབ་བྱས། ཁྰ་ན་ཊ་རྒྱལ་ཁབ་ཀྱི་ཁིན་ཁོའོ་ཏིས་ཡྰ་སློབ་གྲྭ་ཆེན་མོའི་ལོ་རྒྱུས་སྡེ་ཁག་གི་དགེ་རྒན་ཆེན་མོ་མྰར་ཏེ་སི་ལྗར་ཏེན་གྱིས་ ཇིས་ཨེར་ཅེའེ་སེ་རྒྱལ་ཁབ་དང་ཞང་ཞུང་གི་བར་ལ་དུས་རབས༥ནས་༧སྐབས་སུ་འབྲེལ་བ་མང་དུ་བྱུང་ཡོད་ཚུལ་དང་། དར་ཟབ་ཀྱི་ཚོང་འབྲེལ་བརྒྱུད་ནས་འགྲོ་འོངས་བྱས་ཡོད་པའི་སྐོར་ལ་དབྱེ་ཞིབ་བྱས། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་ཀྱིས་རྒྱུད་གཅིག་ལམ་གཅིག་ཞེས་པའི་ངོས་འཛིན་དང་། དེའི་ཁྱབ་ཁོངས་སུ་གཏོགས་པའི་ས་ཁུལ་ཁག་གི་རིག་གནས་ནས་གདོད་མའི་ཞང་ཞུང་ཡུལ་ནས་དར་བའི་སྨན་དང་རྩིས་ཀྱི་འབྲེལ་བ་སོགས་ལ་དབྱེ་ཞིབ་བྱས་ཤིང་། དེ་ཡིས་ད་ལྟའི་ས་ཁུལ་ཁག་གི་གདོད་མའི་ཤེས་རིག་ལ་རྨང་གཞི་བཙུགས་ཤིང་། ཤུགས་རྐྱེན་ཆེན་པོ་བཟོས་ཡོད་པའི་སྐོར་ལ་དབྱེ་ཞིབ་བྱས།  དེ་བཞིན་ཉི་ཧོང་གི་རྒྱ་མི་ཁྲང་ཅྰ་ཧང་གིས་ཞང་ཞུང་གི་སྒྱུ་རྩལ་ནས་རྒྱུད་གཅིག་ལམ་གཅིག་གི་ཁྱབ་ཁོངས་སུ་གཏོགས་པའི་སྒྱུ་རྩལ་ལ་དབྱེ་བསྡུར་བྱས་ཏེ་ཞང་ཞུང་གི་གདོད་མའི་སྒྱུ་རྩལ་གྱི་ཁྱད་ཆོས་ལ་གླེང་བརྗོད་སྤེལ།

IMG_0455.JPG

               སྐད་དང་ཡི་གེའི་བགྲོ་གླེང་ཚན་ཆུང་དེ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཚེ་རིང་ཐར་ལགས་ཀྱིས་གཙོ་སྐྱོང་བྱས། ཚན་ཆུང་དེ་ནས་ཞིབ་འཇུག་ཆེད་མཁས་པ་མི་དྲུག་གིས་རིག་གཞུང་སྙན་ཞུ་ཕུལ་བ་དང་། ཁོང་ཚོས་ཞང་ཞུང་གི་སྐད་ཡིག་དང་། ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་ཞང་ཞུང་གི་བརྡ་སྐད་སྣ་ཚོགས། ཞང་བོད་ཡིག་བསྒྱུར་གྱི་སྐོར། བོན་གྱི་བརྡ་སྤྲོད་རིག་པའི་བསྟན་བཅོས་སྐོར། ཁྱུང་དང་ཞུང་ཞེས་པའི་མིང་བརྡའི་གོ་དོན་སྐོར། གངས་ཏི་སེ་ཞེས་པའི་མིང་དང་དོན་སོགས་ལ་དབྱེ་ཞིབ་བྱས། དེ་ལས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་རྡོ་རྗེ་དོན་འགྲུབ་ཀྱིས་ཏུན་ཧོང་ཡིག་རྙིང་གཞིར་བཟུང་ནས་གདོད་མའི་སྐབས་སུ་ཞང་ཞུང་གི་སྐད་དང་ཡི་གེ་གྲུབ་ཚུལ་ལ་དབྱེ་ཞིབ་བྱས་ཤིང་། དེས་དུས་ཕྱིས་ཀྱི་བོད་ཀྱི་ཡིག་སྐད་དང་སྔ་རབས་ཀྱི་བརྡ་རྙིང་བ་རྣམས་གྲུབ་པར་རྨང་གཞི་ཆགས་ཚུལ་སོགས་ལ་དབྱེ་ཞིབ་ནན་ཏན་བྱས། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བསོད་ནམས་དོན་འགྲུབ་ཀྱིས་བོན་གྱི་བརྡ་སྤྲོད་པའི་གཞུང་ལུགས་རྨང་གཞིར་བཟུང་སྟེ་ཞང་ཞུང་གི་མིང་བརྡའི་རིག་ལམ་འཕེལ་ཚུལ་དང་། དེས་སྔ་རབས་ཀྱི་བོད་སྐད་ཀྱི་བརྡ་སྤྲོད་གཞུང་ལུགས་ནས་རྣམ་པ་བྱེ་བྲག་པར་ཇི་ལྟར་ཆགས་ཚུལ་ལ་དབྱེ་ཞིབ་ནན་ཏན་བྱས།

IMG_0457.JPGIMG_0456.JPG

              གནའ་དཔྱད་དང་སྒྱུ་རྩལ་ཚན་ཆུང་དེ་སི་ཁྲོན་སློབ་གྲྭ་ཆེན་མོའི་ལོ་རྒྱུས་སློབ་གླིང་གི་དགེ་རྒན་ཆེན་མོ་ལིས་ཡོང་ཞན་དང་། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་མི་རིགས་དང་སྤྱི་ཚོགས་རིག་པའི་ཞིབ་འཇུག་གླིང་གི་དགེ་རྒན་ཆེན་མོ་ཐོགས་མེད་གཉིས་ཀྱིས་སྔ་ཕྱིར་གཙོ་སྐྱོང་གནང་བ་དང་། ཆེད་མཁས་ཞིབ་འཇུག་པ་བཅུ་གཉིས་ཀྱིས་རིག་གཞུང་སྙན་ཞུ་ཕུལ། ཁོང་ཚོས་བོད་ཀྱི་གདོད་མའི་ཆོ་གའི་ཁྲོད་ཀྱི་བྱ་དང་ཤ་བའི་མཚོན་དོན་དང་། བོད་མཐོ་སྒང་གི་བྲག་བརྐོས་རི་མོ་ནས་ཞང་ཞུང་གི་རིག་གནས། རི་ཐོགས་ས་ཆའི་བྲག་བརྐོས་རི་མོའི་ཁྲོད་ཀྱི་ཞང་ཞུང་རིག་གནས། བལ་ཡུལ་རྒྱལ་ཁབ་ཀྱི་མངའ་སྡེའི་གློ་མོན་སྟོད་ཀྱི་ཞང་ཞུང་རིག་གནས་རྟོགས་ཞིབ། དུས་རབས༨ནས་༡༡བར་གྱི་བོད་ནུབ་རྒྱུད་ཀྱི་བྲག་བརྐོས་ཡི་གེའི་བསྡུ་སྒྲིག་དང་ཞིབ་འཇུག་སྐོར། ནག་ཆུ་ཤན་རྩ་རྫོང་ཁོངས་སུ་ཡོད་པའི་བྲག་རིས་སྐོར། བོད་ནུབ་བརྒྱུད་ཀྱི་དུས་རབས་བདུན་པའི་ཡར་སྔོན་གྱི་དུར་འཇུག་གོམས་སྲོལ་སྐོར། ཞང་ཞུང་མེ་རི་དབལ་ཆེན་གེ་ཁོད་ཀྱི་དར་ཡུལ་གེ་ཁོད་གཉན་ལུང་གི་སྐོར། ཞང་ཞུང་གི་ཤོན་གྱི་སྐོར། འདམ་ཤོད་ནག་མའི་གནའ་ཤུལ་སྐོར། སྔ་རབས་ཞང་ཞུང་གི་བྱ་རུ་དང་ཁྱུང་རུའི་སྐོར་སོགས་ལ་བགྲོ་གླེང་བྱས། དེ་ལས་ཧྥ་རན་སིའི་པྰ་ལིས་ཡ་གླིང་ཤར་རྒྱུད་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཨེ་མེས་ཧེའེ་ལིར་གྱིས་གདོད་མའི་ཆོ་གའི་ཁྲོད་ཀྱི་བྱ་དང་ཤ་བའི་མཚོན་དོན་བརྗོད་གཞིར་བཟུང་ནས་བོད་མཐོ་སྒང་གི་གདོད་མའི་གནའ་ཆས་དང་། བྲག་རིས་སོགས་ལས་བྱ་དང་ཤ་བའི་རི་མོ་སོ་སོར་ཕྲལ་ཏེ་བསྡུར་བ་བྱས་ཤིང་། དེ་ལས་ཞང་ཞུང་གི་སྔ་རབས་སྒྱུ་རྩལ་དང་། དུས་ཕྱིས་ཀྱི་ཡུལ་སྲོལ་སོགས་ལ་འབྲེལ་བ་ཡོད་ཚུལ་དབྱེ་ཞིབ་བྱས། ཨ་རིའི་ཅ་ལིས་ཧྥོས་ལི་ཡྰ་སློབ་གྲྭ་ཆེན་མོའི་གནའ་དཔྱད་རིག་པའི་དགེ་རྒན་ཆེན་མོ་མྰར་ཁི་ཡིས་བལ་ཡུལ་རྒྱལ་ཁབ་ཀྱི་མངའ་སྡེར་གཏོགས་པའི་གློ་མོན་སྟོད་ཀྱི་ས་ཆར་གནའ་དཔྱད་བྱས་པའི་གནས་ཚུལ་རེ་རེ་ནས་ངོ་སྤྲོད་བྱས་ཤིང་། དེ་དག་ནི་གདོད་མའི་ཞང་ཞུང་གི་རིག་གནས་དང་འབྲེལ་བ་ཟབ་མོ་ཡོད་ཚུལ་དབྱེ་ཞིབ་བྱས། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གི་གནའ་དཔྱད་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཐུང་ཐོའོ་ཡིས་བོད་ནུབ་བརྒྱུད་ཀྱི་དུས་རབས་བདུན་པའི་ཡར་སྔོན་གྱི་དུར་འཇུག་གོམས་སྲོལ་ལ་དབྱེ་ཞིབ་བྱས་ནས་བོད་མཐོ་སྒང་གི་གདོད་མའི་ཡུལ་སྲོལ་སྐོར་ཞིག་ནི་ཞང་ཞུང་གི་ཤེས་རིག་ལས་བྱུང་བ་ཡིན་ཚུལ་འགྲེལ་བརྗོད་བྱས།  དེ་བཞིན་མངའ་རིས་བོད་སྨན་ཁང་གི་ཞིབ་འཇུག་པ་བསྟན་ཆོས་དབང་གསལ་གྱིས་ཞང་ཞུང་མེ་རིའི་དར་ཡུལ་དང་ད་ལྟའི་ས་གནས་ངོས་འཛིན་སོགས་ལ་དབྱེ་ཞིབ་བྱས།

IMG_0459.JPG

འཚོགས་འདུའི་ཡུལ་དངོས།

 ལོ་རྒྱུས་དང་ཡིག་ཚངས་ཚན་ཆུང་དེ་དབྱིན་ཇིའི་ཁམ་ཟམ་སློབ་གྲྭ་ཆེན་མོའི་ཡ་གླིང་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཆེན་མོ་ཧེར་ཏི་རྒལ་རྡི་དང་། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་གཉིས་ཀྱིས་སྔ་ཕྱིར་གཙོ་སྐྱོང་གནང་བ་དང་། ཞིབ་འཇུག་པ་མི་བཅུ་བཞི་ཡིས་སྔ་ཕྱིར་ལྡོང་རིགས་ཀྱི་སྲོལ་རྒྱུན་དང་ཞང་ཞུང་རིག་གནས་བར་གྱི་འབྲེལ་བ། ཞང་ཞུང་རིག་གནས་དང་སྔ་རབས་གཏོ་ཡིག་གི་འབྲེལ་བ། སྲུང་གི་ཆོ་ག་དང་བོད་མིའི་དམངས་སྲོལ། བོན་ལུགས་ཡིག་ཆའི་ཁྲོད་ཀྱི་ཀླུ་དང་འབྲེལ་བའི་གོམས་སྲོལ། འཇར་མན་སྦོ་ལེན་དཔེ་མཛོད་ཁང་དུ་ཉར་བའི་མདོ་གཟེར་མིག་བྲིས་མའི་སྐོར། ཁྱུང་རབས་ཀྱི་ཡིག་ཆ་བསྡུ་སྒྲིག་སྐོར། ཞང་ཞུང་རྒྱལ་པོའི་བློན་ཆེན་རུས་ཁྱུང་གི་སྐོར། འཛམ་གླིང་འོལ་མོ་ལུང་རིང་གི་བཤད་པ་ཡོན་ཏན་ཆེ་བ་དུང་ལོ་འཇོམས་པ་ཞེས་པའི་ཡིག་རྙིང་སྐོར། ཀན་སུའུ་འབྲུག་ཆུའི་བོན་གྱི་དཔེ་རྙིང་དང་ཞང་ཞུང་གི་རིག་གནས་ཀྱི་འབྲེལ་བའི་སྐོར། བན་བོན་གཉིས་ཀྱི་འཛམ་གླིང་སྤྱི་བསང་གི་སྐོར། བོད་ཀྱི་གནའ་བོའི་མིག་མངས་དང་ཞང་ཞུང་གི་རིག་གནས་སྐོར། ཞང་ཞུང་ཁྱུང་ལུང་དངུལ་མཁར་སྐོར། བཙན་པོའི་སྐབས་ཀྱི་སྐུ་གཤེན་སྐོར། ཞུ་སྒོམ་འཕྲུལ་ཞིག་གི་སྐོར་སོགས་ལ་དབྱེ་ཞིབ་བྱས། དེ་ལས་དབྱི་ཊ་ལེ་རྒྱལ་ཁབ་ཀྱི་ལྰ་པོ་ལེ་སིའི་ཤར་ཕྱོགས་གཙུག་ལག་སློབ་གྲྭ་ཆེན་མོའི་ཞིབ་འཇུག་པ་སྦ་ལིན་ཏིས་ནྰ་ཡིས་བོན་གྱི་ཆོ་གའི་ཡིག་ཚངས་ལ་དབྱེ་ཞིབ་བྱས་པ་བརྒྱུད་ནས་ཆེས་སྔ་མོའི་དུས་སུ་བོད་ཡུལ་དུ་དར་བའི་ཡུལ་སྲོལ་མང་པོ་ཞིག་ཞང་ཞུང་རིག་གནས་ལས་མཆེད་པ་ཡིན་ཚུལ་གླེང་བ་དང་། ལན་ཀྲུའུ་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ངག་དབང་རྒྱ་མཚོ་ལགས་ཀྱིས་སྲུང་གི་ཆོ་ག་དང་བོད་མིའི་དམངས་སྲོལ་ཞེས་པའི་བརྗོད་གཞི་ལ་བརྟེན་ནས་བོད་ཀྱི་གདོད་མའི་བསམ་བློའི་ཁྲོད་དུ་གནས་པའི་སྲུང་གི་ཆོ་ག་སྣ་ཚོགས་པའི་དར་ཡུལ་དང་དེའི་གོ་དོན་། རིགས་ཅི་ཡོད་དང་དེའི་རིན་ཐང་སོགས་ལ་དབྱེ་ཞིབ་བྱས་ཏེ་དེ་དག་བོད་ཀྱི་དམངས་སྲོལ་དུ་ཆགས་པ་ནས་ད་ལྟའི་བར་འཕེལ་རྒྱས་བྱུང་བའི་སྐོར་དབྱེ་ཞིབ་བྱས། བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་གཞོན་པ་དང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་ཐོགས་འབུམ་རམས་པ་ཀུན་དགའ་ཡེ་ཤེས་ཀྱིས་ཁྱུང་པོའི་རྒྱལ་རབས་ཀྱི་མཆེད་ཁུངས་བརྗོད་པའི་ཡིག་རྙིང་མི་འདྲ་བ་ཁག་བསྡུར་བ་བྱས་ཏེ། བོད་མཐོ་སྒང་གི་གདོད་མའི་རིགས་རུས་ཁྱུང་གི་རྒྱལ་རྒྱུད་དང་མི་རྒྱུད་རྣམས་བོད་ཀྱི་ནུབ་མཐའ་ནས་ཤར་མཐའ་བར་དུ་དར་ཚུལ་ལ་དབྱེ་ཞིབ་བྱས་པ་མ་ཟད། དེས་བོད་ཀྱི་སྲིད་འབྱོར་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་ཤུགས་རྐྱེན་ཆེན་པོ་བཟོས་ཚུལ་དང་། དེ་དག་གི་མི་རབས་ཕྱི་མ་རྣམས་ད་ལྟའི་དུས་སུ་གང་དུ་ཡོད་མེད་སོགས་ལ་དབྱེ་ཞིབ་བྱས། དེ་བཞིན་གུར་གྱམ་དགོན་པའི་ཚུལ་ཁྲིམས་ཕུན་ཚོགས་ཀྱིས་ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི་རྡོ་རྗེའི་གསུང་འབུམ་གཞིར་བཟུང་སྟེ་ཁྱུང་ལུང་དངུལ་མཁར་གང་དུ་ཡོད་པ་དང་། དེ་ལྟར་ཡིན་པའི་རྒྱུ་མཚན་དང་བཅས་པ་ཞིབ་ཕྲར་དབྱེ་ཞིབ་བྱས།

IMG_0461.JPG
IMG_0462.JPG

ཆོས་ལུགས་དང་རིག་གནས་ཚན་ཆུང་ལ་དབྱི་ཊ་ལེ་རྒྱལ་ཁབ་ཀྱི་ལྰ་པོ་ལེ་སིའི་ཤར་ཕྱོགས་གཙུག་ལག་སློབ་གྲྭ་ཆེན་མོའི་ཞིབ་འཇུག་པ་རྗ་ཁོ་མེའེ་ལྰ་ཡིས་གཙོ་སྐྱོང་གནང་བ་དང་། ཞིབ་འཇུག་པ་མི་བརྒྱད་ཀྱིས་མངའ་རིས་ས་ཆའི་གདོད་མའི་གཉེན་སྲོལ་ནས་གདོད་མའི་བོན་ཆོས་དང་། བན་བོན་བར་གྱི་རྩོད་གླེང་། བོན་གྱི་ལོ་རྒྱུས་ཡིག་ཆ་བསྒྲགས་པ་རིན་ཆེན་གླིང་གྲགས་སྐོར་གྱི་ཞིབ་འཇུག  གངས་ཏི་སེའི་དད་མོས་ཀྱི་སྐོར། རི་བོ་ཧི་མ་ལ་ཡའི་ལྷོ་རྒྱུད་ཀྱི་བལ་བོའི་ཞང་ཞུང་རིག་གནས་སྐོར། ཞང་ཞུང་ཇུ་ཐིག་གི་སྐོར་སོགས་ལ་བགྲོ་གླེང་བྱས། དེ་ལས་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ་གྱིས་ཞང་ཞུང་འཕྲུལ་གྱི་ཇུ་ཐིག་གི་ཡི་གེའི་རང་བཞིན་ལ་དཔྱད་པ་ཞེས་པའི་བརྗོད་གཞིའི་སྟེང་ནས་བོད་ཀྱི་ལོ་རྒྱུས་སྟེང་ཐོག་མའི་དུས་སུ་ཐག་པ་ལ་རྟགས་བརྒྱབ་ནས་དོན་མཚོན་པའི་འདྲ་གཟུགས་ཀྱི་རྣམ་པ་ལྡན་པའི་ཇུ་ཐིག་གི་ཡི་གེ་བྱུང་མྱོང་ཡོད་པ་དང་། དེའི་རྨང་གཞིའི་སྟེང་ནས་ཞང་ཞུང་གི་ཡི་གེ་དར་བ་དང་།  དེ་ནས་སློབ་དཔོན་ཐོན་མའི་མཛད་པའི་ད་ལྟའི་བོད་ཡིག་གི་རྨང་གཞི་འཕེལ་རྒྱས་བྱུང་བ་ཡིན་ཚུལ་ལ་དབྱེ་ཞིབ་ཟབ་མོ་བྱས། དེ་བཞིན་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཡུལ་ལྷ་ཐར་གྱིས་ཧི་མ་ལ་ཡའི་ལྷོ་རྒྱུད་གློ་དོལ་ཕྱོགས་ཀྱི་བོན་གྱི་ཤེས་རིག་སྐོར་ལ་ཡང་དབྱེ་ཞིབ་དང་ངོ་སྤྲོད་བྱས། ཡོན་ནན་ཞིང་ཆེན་ལིས་ཅང་གི་འཇང་རིགས་གཏོ་བའི་ཆོས་ལུགས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ལིས་ཏེའེ་ཅིང་གིས་འཇང་རིགས་གཏོ་བའི་རིག་གནས་ཁྲོད་ཀྱི་སྟོན་པ་གཤེན་རབ་སྐོར་ཇི་ལྟར་ངོས་འཛིན་སྟངས་སོགས་ལ་དབྱེ་ཞིབ་དང་ངོ་སྤྲོད་བྱས།

IMG_0463.JPG
IMG_0464.JPG

བོད་སྨན་དང་གནམ་རིག་སྐར་རྩིས་ཚན་ཆུང་དེར་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བསོད་ནམས་དོན་འགྲུབ་ཀྱིས་གཙོ་སྐྱོང་བྱས་ཤིང་། ཚོགས་ཐོག་ཏུ་ཞིབ་འཇུག་ཆེད་མཁས་པ་མི་བརྒྱད་ཀྱིས་རིག་གཞུང་ལྟ་བ་སྙན་ཞུ་བྱས་ཏེ་ཞང་ཞུང་གི་གསོ་རིག་དར་ཚུལ་དང་། ཞང་ཞུང་གི་དུས་སྐབས་སུ་གསོ་རིག་གི་ལག་ལེན་སྐོར། ཞང་ཞུང་ལུགས་ཀྱི་གསོ་རིག་སྐོར། ཕྱྭ་གཤེན་ཐེག་པའི་ཁྲོད་ཀྱི་མོ་རྩིས་སྐོར། ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི་རྡོ་རྗེའི་སྨན་གཞུང་སྐོར། ཞང་ཞུང་གི་ཛྭ་ཡི་སྐོར། སྲིན་མོ་གན་རྐྱལ་གྱི་ས་བཀྲ་དང་ཞང་ཞུང་གི་སྐོར།  ཞང་ཞུང་རྒྱལ་པོ་ལིག་ལི་རྐྱའི་སྲིད་འཛིན་སྐོར་སོགས་ལ་དབྱེ་ཞིབ་བྱས། དེ་ལས་བོད་ལྗོངས་ཞིང་འབྲོག་ཞིབ་འཇུག་གླིང་གི་ཞིབ་འཇུག་པ་བན་ཤུལ་དཔལ་མཁར་རྒྱལ་གྱིས་སྲིན་མོ་གན་རྐྱལ་དུ་ཉལ་ཡོད་པའི་ས་བཀྲ་ལ་དབྱེ་ཞིབ་བྱས་ཏེ་དེའི་ནང་དུ་ཞང་ཞུང་གི་མངའ་ཁོངས་དང་ཞང་བོད་གཉིས་ཀྱི་མཐའ་མཚམས་སྦྲེལ་ཡུལ་སོགས་གསལ་བོར་ཡོད་ཚུལ་བཅས་ལ་ཞིབ་འཇུག་གི་དབྱེ་ཞིབ་ཕྲ་ཞིང་ཞིབ་པ་བྱས་པས་འཚོགས་འདུར་འདུས་པའི་ཞིབ་འཇུག་པ་རྣམས་ཀྱིས་དྲི་བ་དྲིས་ལན་དང་འཚོགས་འདུ་གྲོལ་རྗེས་བགྲོ་གླེང་ཡང་ཡང་བྱས།

IMG_0468.JPG

ཚེས༡༨ཉིན་གྱི་ཕྱི་དྲོར་འཚོགས་ཆེན་བགྲོ་གླེང་རྩ་འཛུགས་བྱས་ཤིང་། ལན་ཀྲུའུ་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ངག་དབང་རྒྱ་མཚོས་འཚོགས་འདུ་གཙོ་སྐྱོང་གི་འགན་ཁུར། འཚོགས་ཐོག་ཏུ་ཐོག་མར་པེ་ཅིན་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་གཞོན་པ་གསར་བརྗེ་ལགས་ཀྱིས་ཞང་ཞུང་ཞིབ་འཇུག་ལ་ཕྱིར་བལྟ་དང་རྒྱང་བལྟ་བྱེད་པ་ཞེས་པའི་བརྗོད་གཞི་གཞིར་བཟུང་ནས་འདས་སོང་གི་ཡིག་ཆ་སྣ་ཚོགས་པའི་ཁྲོད་དུ་ཞང་ཞུང་དང་ཞང་ཞུང་གི་རིག་གནས་ཀྱི་རྣམ་པ་ཅི་ལྟ་བུ་ཞིག་གླེང་བརྗོད་བྱས་ཡོད་ཚུལ་དང་། དེ་དག་ད་ལྟའི་ཤེས་རིག་ཞིབ་འཇུག་ནས་མ་འོངས་པའི་ཤེས་རིག་ཞིབ་འཇུག་གི་འཕེལ་ཕྱོགས་ཅི་ཡིན་སོགས་ལ་རེ་རེ་ནས་དབྱེ་ཞིབ་བྱས། དེའི་འཕྲོར་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གི་ཞིབ་འཇུག་པ་དམུ་ཧྲི་ཧྭ་ཡིས་ཀུང་ཧྥང་དང་ཁྱུང་པོ། ཁྱུང་བཅས་དང་ཞང་ཞུང་ཤེས་རིག་དབར་གྱི་འབྲེལ་བར་བརྟག་པ་ཞེས་པའི་སྙན་ཞུ་ཕུལ་བ་དང་། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཐོགས་མེད་ཀྱིས་སྟོད་མངའ་རིས་དང་སྨད་ཁྲིན་ཏུའུ་ཡི་བར་གྱི་ས་འོག་ནས་རྙེད་པའི་གསེར་འབག་གི་མཚོན་དོན་ལ་དཔྱད་པ་ཞེས་པའི་བརྗོད་གཞི་ལས་གདོད་མའི་གནའ་ཆས་གསེར་ཞལ་བཟོ་སྲོལ་སོགས་ནི་གདོད་མའི་ཞང་ཞུང་གི་རིག་གནས་དང་འབྲེལ་བ་ཡོད་ཚུལ་ལ་དབྱེ་ཞིབ་བྱས་པས། རིག་གཞུང་ཉམས་ཞིབ་མཁན་ཀུན་གྱིས་དགའ་བསུ་ཚད་མེད་ཐོབ།


དེ་ལྟར་རིག་གཞུང་ལྟ་བ་བརྗེ་རེས་དང་ལྟ་ཚུལ་མི་འདྲ་བ་ལ་དྲི་བ་དྲིས་ལན་གྱི་རྣམ་པའི་སྒོ་ནས་བགྲོ་གླེང་ཟབ་མོ་བྱས་རྗེས། ཚེས་༡༨ཉིན་གྱི་ཕྱི་དྲོའི་ཆུ་ཚོད༥ནས་ཐེངས་འདིའི་རྒྱལ་སྤྱིའི་རིག་གཞུང་ཚོགས་འདུ་རྒྱལ་ཁའི་ངང་མཇུག་རྫོགས་རྒྱུའི་བྱ་རིམ་སྤེལ་ཞིང་།

འཚོགས་ཐོག་ཏུ་ཞིབ་འཇུག་པའི་སྐུ་ཚབ་ཐོགས་མེད་དང་། མར་ཁི་གཉིས་ཀྱིས་རིག་གཞུང་ལྟ་བ་བརྗེ་རེས་བྱས་པའི་གནས་ཚུལ་ལ་ཕྱོགས་བསྡོམས་བྱས་ཤིང་། འབྲེལ་ཡོད་ལས་བྱེད་པ་ཡོངས་ལ་བཀའ་དྲིན་ཞུས། དེའི་འཕྲོར་དགེ་རྒན་ཆེན་མོ་ཚེ་རིང་ཐར་ཀྱིས་འཚོགས་འདུར་ཕྱོགས་ཡོངས་ནས་མཇུག་བསྡོམས་བྱས་ཤིང་།


གནས་མཆོག་ལྷ་ས་ནས་འདི་ལྟ་བུའི་རིག་གཞུང་ལྟ་བ་བརྗེ་རེས་བྱེད་པའི་འཚོགས་འདུ་རྒྱ་ཆེན་པོ་ཞིག་འཚོགས་ཐུབ་པ་ནི་ཏང་དང་རྒྱལ་ཁབ་ཀྱི་རིག་གནས་འཛུགས་སྐྲུན་སྐོར་གྱི་སྲིད་ཇུས་བཟང་པོའི་བཀའ་དྲིན་ཡིན་པ་མ་ཟད། ལྷ་ས་གྲོང་ཁྱེར་ཏང་ཨུ་དང་མི་དམངས་སྲིད་གཞུང་། མངའ་རིས་ས་ཁུལ་ཏང་ཨུ་དང་མི་དམངས་སྲིད་གཞུང་གིས་ཡང་དག་པའི་རིག་གནས་འཛུགས་སྐྲུན་གྱི་སྣེ་ཁྲིད་བྱས་པའི་བཀའ་དྲིན་ཡིན་པ་དང་། ཕྱོགས་སོ་སོ་ནས་ཕེབས་པའི་དཔྱོད་ལྡན་ཞིབ་འཇུག་པ་རྣམས་ཀྱིས་བོད་ཀྱི་ཤེས་རིག་གི་ཁྱབ་ཁོངས་འདིར་དོ་སྣང་ཚད་མེད་བྱས་པའི་བཀའ་དྲིན་དང་། སྐད་གསུམ་སྨྲ་བའི་ལོ་ཙྰ་བའི་དཔུང་སྡེ་དང་འཚོགས་འདུའི་སྔ་བར་ཕྱི་གསུམ་དུ་བཀོད་སྒྲིག་གི་ལས་ཀ་བྱེད་མཁན་མི་སྣ་ཡོངས་ཀྱིས་ཟླ་བ་དུ་མའི་རིང་ལ་འབད་པ་བྱས་པའི་འབྲས་བུར་གྲུབ་པ་ཡིན་པས། ཁྱེད་རྣམས་པའི་བཀའ་དྲིན་ནི་ང་ཚོས་ནམ་ཡང་བརྗེད་མི་སྲིད་ལ། ལོ་རྒྱུས་ཀྱིས་བརྗེད་མི་སྲིད་པ་དང་།  འཚོགས་ཐོག་ཏུ་ཕེབས་པའི་འབྲེལ་ཡོད་དབུ་འདྲེན་དང་མཁས་དབང་རྣམས་ཀྱིས་རང་རང་གི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་རིག་གཞུང་ལྟ་བ་རྣམས་འཛེམས་མེད་དུ་འཚོགས་ཐོག་ནས་བགྲོ་གླེང་བྱས་པ་དེས་བོད་ཀྱི་རིག་གནས་གླེང་སྟེགས་སྟེང་ལོ་རྒྱུས་གསར་བ་ཞིག་བསྐྲུན་པ་ཡིན་ལ། དེས་མ་འོངས་པའི་བོད་ཀྱི་རིག་གནས་ཉམས་ཞིབ་པ་རྣམས་ལ་ཁ་ཕྱོགས་གསར་བ་ཞིག་ཀྱང་བསྟན་ཡོད་སྙམ་པས། མ་འོངས་པར་ཁྱེད་རྣམས་ཀྱིས་མུ་མཐུད་ནས་རིག་གཞུང་ལྟ་བ་བརྗེ་རེས་བྱེད་པའི་རེ་བ་ཡོད་ཞེས་གསུངས།

IMG_0458.JPGIMG_0460.JPG

མཐར་ཚོགས་འདུའི་ལས་རིམ་ཚང་མ་ལེགས་འགྲུབ་བྱུང་ནས་མཇུག་བསྡུས་རྗེས་མངའ་རིས་ས་ཁུལ་ཏང་ཨུ་དང་མི་དམངས་སྲིད་གཞུང་གིས་གདན་འདྲེན་ལྟར་ཕྱི་རྒྱལ་ནས་ཕེབས་པའི་ཞིབ་འཇུག་པ་རྣམས་དང་རྒྱལ་ནང་ནས་ཕེབས་པའི་དགེ་རྒན་ཆེན་མོ་བ་རྣམས་མངའ་རིས་ས་ཁུལ་གྱི་ས་གནས་སོ་སོར་རིག་གཞུང་རྟོག་ཞིབ་ཏུ་ཉིན་གསུམ་ལ་ཕེབས་ཏེ། མངའ་རིས་ས་ཁུལ་པུ་ཧྲེང་རྗོང་དང་། རྩ་མདའ་རྗོང་། སྒར་རྫོང་སོགས་སུ་ཡོད་པའི་རིག་གནས་ཤུལ་བཞག་གི་གནའ་ཤུལ་དང་གནའ་ཆས་སོགས་ལ་རྒྱུས་ལེན་དང་རྟོགས་ཞིབ་ཟབ་མོ་བྱས་སོ།།

IMG_0469.JPG
ཚོགས་འདུའི་ལོ་ཙཱ་བའི་དཔུང་སྡེ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།