རྟེན་འབྲེལ་གྱི་ཞུ་འཕྲིན།

[ཟླ་ཚེས། 2018-02-23 10:53:42][རྩོམ་པ་པོ། སྨན་སྤྲུལ་དགེ་བཤེས་བློ་གྲོས་ཉི་མ་དབང་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

01.jpg

   ༄༅། ཞྭ་དཀར་བསྟན་པའི་གཙུག་རྒྱན་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་བཀའ་དྲིན་སུམ་ལྡན་གྱི་རྩ་བའི་བླ་མ་རིན་པོ་ཆེ་མཆོག       གླིང་འདི་ནས་ཞིང་གཞན་གྱི་གདུལ་བྱའི་ཆེད་དུ་གཟུགས་སྐུའི་བཀོད་པ་བོན་དབྱིངས་སུ་བསྡུས་པས།   རིས་སུ་མ་ཆད་པའི་བསྟན་འགྲོ་སྤྱི་དང་།   སྒོས་ཞྭ་དཀར་བོན་གྱི་བསྟན་པའི་ཀ་ཆེན་འགྱིལ་ཞིང་འགྲོ་བའི་བདེ་སྐྱིད་ཀྱི་སྣང་བ་ནུབས་པའི་སྐྱོ་སྡུག་སོང་དུས་ཤིག་མེད་ནའང་།    གཞིས་བྱེས་བོན་འབངས་ཡོངས་ཀྱིས་རྒྱལ་བ་སྨན་རི་ཚང་གི་ལམ་ལུགས་ལྟར།  སླར་ཡང་རྒྱལ་བ་སྨན་རི་བའི་ཁྲི་རབས་སོ་བཞི་པ་མགྱོགས་མྱུར་ཁྲི་ལ་འཁོད་ཐབས་གསོལ་བ་ཡང་ཡང་བཏབ་པ་ཇི་བཞིན།    སྐྱབས་རྗེ་༧ སྨན་རིའི་ཡོངས་འཛིན་རིན་པོ་ཆེ་མཆོག་ལ་བཀའ་སློབ་ལམ་སྟོན་ཞུས་ཤིང་།   སྐྱབས་རྗེ་༧ སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་དང་།     མཁན་པོ་བསྟན་པ་གཡུང་དྲུང་རིན་པོ་ཆེ་རྣམ་གཉིས་གཙོས།    འབྲེལ་ཡོད་བླ་སྤྲུལ་དགེ་བཤེས་ཐུན་མོང་གིས་སྔ་སྲོལ་བཞིན།     ཡི་དམ་ལྷ་ཡི་བསྙེན་སྒྲུབ་དང་བོན་སྐྱོང་སྲུང་མའི་བདེན་སྐུལ་གཟབ་ནན་ཞུས་པའི་འབྲས་རྟགས་སུ།    སྨན་རིའི་དགེ་བའི་བཤེས་གཉེན་ཆེན་པོ་ཟླ་བ་དར་རྒྱས་མཆོག་ཉིད།    རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་བཞི་པར་རྟགས་ལུང་བབ་པ་བཞིན།     རིན་པོ་ཆེ་མཆོག་ཉིད་ལ་རྒྱལ་བ་སྨན་རི་བའི་ཁྲི་རབས་སོ་བཞི་པའི་མཚན་གྱི་ཅོད་པན་བཏགས་ཤིང་གོང་མའི་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ་ལེགས་པར་གྲུབ་པའི་གཏམ་སྙན་རྣ་བར་སོན་པ་ཙམ་གྱིས།      སྐྱོ་གདུང་གིས་གནོན་པའི་ཚོར་སྣང་གནས་སྐབས་བག་ལ་ཞ་བའི་ངང་ནས།    དགའ་གུས་ཀྱི་ཐལ་མོ་སྙིང་ཁར་སྦྱར་ཏེ་བཀའ་དྲིན་བླ་ན་མེད་པར་ཆེ་ཞུ་རྒྱུ་དང་།        བདག་ཅག་བོན་འབངས་ཡོངས་ཀྱི་བསོད་ནམས་ཀྱི་བགོ་སྐལ་དུ་ཐོབ་པའི་རྒྱལ་བ་སྨན་རི་བའི༧་ཁྲི་འཛིན་སོ་བཞི་པ་མཆོག་ཉིད་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་མཛད་ཕྲིན་ཉི་མ་གཞོན་ནུའི་གཟི་འོད་འཛམ་གླིང་ཡོངས་ལ་ཁྱབ་པའི་སྨོན་འདུན་ཤུགས་དྲག་བཅས།

གུས་སྐྱབས་འོག་པ་སྨན་སྤྲུལ་དགེ་བཤེས་བློ་གྲོས་ཉི་མ་དབང་རྒྱལ་གྱིས་2018ལོའི་སྤྱི་ཟླ་2པའི་ཚེས23ཉིན་ཕུལ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།