ཁྱུང་ཡུལ་བེ་དགོན་དུ་སྒྲུབ་གྲྭ་གསར་ཚུགས་སོགས་ཀྱི་གནས་ཚུལ།

[ཟླ་ཚེས། 2018-02-13 21:55:48][རྩོམ་པ་པོ། བསྟན་པ་སྨོན་ལམ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༄༅།།ཁྱུང་ཡུལ་ལྷོ་ཕྱོགས་སུ་གནས་པའི་བེ་སྒོ་དགོན་གྱི་ཐེངས་དང་པོའི་ཤར་རྫའི་སྒྲུབ་གྲྭ་དངོས་སུ་དབུ་ཚུགས་པའི་སྐོར་དང་སྨོན་རྒྱལ་དཔྱད་བུ་སྨན་རྩིས་ཁང་གིས་རིས་མེད་ཀྱི་སྨན་སྦྱིན་གནང་བའི་སྐོར་གྱི་གནས་བསྡུས།

1518530243410308.jpeg

   ཁྱུང་པོ་སྟེང་ཆེན་ཁུལ་གྱི་ལྷོ་ཕྱོགས་སུ་གནས་པའི་གཡུང་དྲུང་བོན་གྱི་དགོན་སྡེ་ཁྱུང་ཡུལ་སྨད་དགོན་དྲུག་གི་ཡ་གྱལ་དུ་གཏོགས་པའི་གཏམ་སྨད་བེ་དགོན་བསམ་གཏན་གླིང་འདི་ཉིད་ཕྱག་འདེབས་པའི་ལོ་རབས་གསལ་པོར་བཤད་མ་ཐུབ་ཀྱང་། གཏེར་སྟོན་བདེ་ཆེན་གླིང་པའི་དུས་སུ་དགོན་པ་འདི་ཉིད་གནས་སྤོས་མཛད་པའི་ལོ་རྒྱུས་གནའ་ཤུལ་དེང་དུས་དངོས་སུ་མཇལ་རྒྱུ་ཡོད། དུས་རབས་ཉི་ཤུ་པའི་ནང་སེམས་དཔའ་ཉེར་ལྔའི་གྲལ་འཛིན་ཁྱུང་པོ་རབ་འབྱམས་པ་༧སྨོན་རྒྱལ་གདུང་འཛིན་ནམ་མཁའ་གྲགས་པའི་སྐུ་དུས་སུ་ལས་སྨོན་གྱི་ཟབ་ས་ནས་དད་དམ་འབྲེལ་ཟབ་ཤིན་ཏུ་ཆགས་པའི་གཏམ་སྨད་སྡེ་དགོན་ཡུལ་མིའི་གསོལ་སྨོན་གང་བཏབ་པ་ཇི་བཞིན་སྨོན་རྒྱལ་བླ་རབས་རིམ་བྱུང་གི་གཟིགས་རྒྱུའི་གསོལ་བ་རྩེ་གཅིག་ཏུ་བཏབ་བཞིན་གཟིགས་ཡིག་བཀའ་སློབ་སྤྱི་བོར་བསྩལ་བའི་དགོན་དེ་ཉིད་སྨོན་རྒྱལ་རིན་པོ་སེམས་དཔའ་ནམ་མཁའ་གྲགས་པའི་གདུལ་བྱའི་བསྟི་གནས་སུ་གྱུར་ཏེ།

1518530243722546.jpeg

   དགོན་པ་དེ་ཉིད་ལ་ཕྱི་ནང་གང་ཐད་ནས་ལྷ་མིའི་སྨོན་པ་འཆོར་སའི་གཤེན་སྡེ་ཞིག་ཏུ་གྱུར་ཡོད། སྨོན་རྒྱལ་སེམས་དཔའ་ནམ་མཁའ་གྲགས་པའི་སྐུ་དུས་སུ་རྒྱབ་རི་ལྷ་ཟེ་བྲག་གི་མགུལ་དུ་སྟེང་ལ་སྨོན་རྒྱལ་བླ་བྲང་གི་གཟིམས་ཆུང་དང་ལྷ་ཁང་ནང་རྟེན་གཙོ་བོ་གཤེན་རབ་རྣམ་པར་རྒྱལ་བ་སོགས་ཟང་གསེར་གྱི་མཆོད་བརྟེན་བརྒྱ་རྩ་བརྒྱད། གཡས་ཕྱོགས་སུ་འདུ་ཁང་ངམ་གཙུག་ལགས་ཁང་ཆེ་བ་སེར་ཁྱིམ་པའི་མཆོད་ཁང་ནང་རྟེན་སྐུ་གསུང་ཐུགས་རྟེན་དང་བཅས་པ།  གཡོན་དུ་འདུ་ཁང་ཆུང་བ་ཀ་དྲུག་མ་རབ་བྱུང་པའི་མཆོད་ཁང་སྐུ་གསུང་ཐུགས་རྟེན་དང་བཅས་པ། བར་དུ་སྒྲུབ་ཁང་ངམ་སྲུང་མ་ཁང་དུ་བཀའ་སྐྱོང་སྡེ་དྲུག་མའི་རྟེན་མཁར་ཡོད་ཅིང་། སྒྲུབ་ཁང་བླ་བྲང་གི་གཙོ་བོ་གཤེན་དམར་སྤྱི་འདུལ་གི་སྒྲུབ་ཁང་གཅིག་དང་། དགོན་པའི་ཡི་དམ་དབལ་གསས་གཙོ་བོར་བྱེད་ནས་སྒྲུབ་ཁང་བཅས་གཉིས་སུ་ཆད་མེད་ཡོད་པའི་བཤད་སྲོལ་འདུག འོག་ཏུ་འཆམ་ར་དང་། མཐའ་སྐོར་དུ་སྨོན་རྒྱལ་ནམ་མཁའ་གྲགས་པའི་སློབ་མའི་ཐུ་བོ་བེ་རུ་རྒྱལ་བ་ཞེས་མཁས་གྲུབ་གཉིས་ལྡན་གྱི་རྟོགས་ལྡན་དང་དམ་པ་ཁོང་ནི་དགོན་འདི་དབུ་མཛད་ཆེན་མོ་དང་དགོན་པའི་མདུན་གྱི་གཡས་ཕྱོགས་སུ་དམ་པ་ཁོང་གི་གྲྭ་ཤག་དང་། ར་ལུ་དཔལ་བཟང་ཞེས་དགོན་པའི་དབུ་ཆེན་དང་དགེ་རྒན་མཛད་པ་ཁོང་གི་གྲྭ་ཤག མཁར་སར་འཁོར་ལོ་ཞེས་ཁྱུང་བྲིས་ལ་མཁས་པའི་ཁོང་གི་གྲྭ་ཤག  གྲོང་སྟོད་གཡུང་དྲུང་ཕུན་ཚོགས་ཞེས་སྐབས་དེར་ཁྱུང་ཡུལ་སྟོད་སྨད་ཀུན་ཏུ་གྲགས་པ་ཆེ་བའི་གསར་རྙིང་གང་གི་བཅའ་ཚོགས་འདོན་རྟ་ལ་མཁས་པའི་དབུ་མཛད་ཆེན་མོ་བ་ཁོང་གི་གྲྭ་ཤག འབྲུ་རིགས་ཚེ་དབང་རྒྱལ་མཚན་ཞེས་དགོན་པའི་དབུ་མཛད་ཁོང་གི་གྲྭ་ཤག མདོར་ན། རྫ་རྟོགས། བྲེལ་ལུ། རྫོང་བུ། ཝ་ཆུང་། ར་ཆུང་། ར་ཆེན། གསས་འཕེན། ཀློང་ཉ། ཀློང་ཆུང་།རྒྱ་བོ།བེ་སྐྱོང་།སྤྱི་སོ།གྲྭ་ས་ཚང་བཅས་བེ་དགོན་གྲྭ་དྲུག་བཅུ་མ་ཞེས་པའི་རབ་བྱུང་གི་སྡེའི་མཐའ་ནས་གྲྭ་ཤག་མང་པོ་ཡོད་པའི་གནའ་ཤུལ་དང་ཤོད་རྒྱུན་ཡོད།

1518530243137839.jpeg

   སྐབས་དེར་བོན་གཤེན་འམ་སེར་ཁྱིམ་པ་ཡང་མང་པོ་ཡོད་པ་དག་གི་དགོན་པའི་སྒྲིག་ཞུགས་དང་དབུ་དགེ་མཆོད་གསུམ་ལ་རེས་མོས་དང་སྤྱི་སོ་ཞེས་དགོན་པའི་སྤྱི་ཡི་བཅའ་སྒྲིག་འགན་ཁུར་བ་ཚང་རབ་བྱུང་པ་དང་སེར་ཁྱིམ་ཀུན་ནས་རེས་མོས་བྱེད་སྲོལ་ཡོད་པར་ཐོས། སྐབས་དེར་ཁྱུང་ཡུལ་ལྷོ་ཕྱོགས་སུ་བོན་གྱི་དགོན་གནས་ཆེ་ཤོས་སུ་བརྩི་སྲོལ་ཡོད་པར་གྲགས།   རིག་གསར་སྐབས་ཉམས་རྒུད་ཚད་མེད་སོང་ཡང་།

1518530243108250.jpeg

   དེའི་རྗེས་སུ་ཏང་གི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་ཆོས་དད་རང་མོས་ཀྱི་སྲིད་བཟང་ལ་བརྟེན་སྨོན་གཤེན་ནམ་མཁའ་གྲགས་པ་དང་ཀུན་གྲོལ་ཧུྃ་ཆེན་སྲས་མོ་དཔལ་ལུ་གཉིས་ཀྱི་སྲས་ཆུང་བ་ཀུན་གྲོལ་སྐྱེ་ཕྲེང་བདུན་པ་སྨོན་གཤེན་ནམ་མཁའ་དབང་ལྡན་རིན་པོ་ཆེས་གཟིགས་སྐྱོང་གནང་ནས་བེ་དགོན་བསམ་གཏན་གླིང་གི་ཁྲི་འཛིན་མཛད་ནས་ནས། སྔར་གནས་ཀྱི་དགོན་པའི་འོག་ཏུ་གཙུག་ལག་ཁང་དང་བླ་བྲང་སྲུང་མ་ཁང་འཁོར་ཁང་མཐའ་སྐོར་དུ་གྲྭ་ཤག་བཅས་ཚང་གསར་བཞེངས་མཛད།

1518530243919029.jpeg

   རིན་པོ་ཆེ་ཁོང་གིས་དབུ་མཛིན་ནས་དགོན་པའི་བཅའ་བསྒྲིགས་དང་དགོན་པའི་དུའ་མཆོད་ལྷག་པར་དུ་གཤེན་གྱི་གར་འཆམས་ཆེན་མོ་སྲོལ་རྒྱུན་ལྟར་གྲྭ་རྒྱས་པོ་རྒྱུན་སྐྱོང་བ་དང་། ནང་དུ་སྟོན་པ་ལོངས་སྤྱོད་རྫོགས་སྐུ། ཡུམ་ཆེན་ཤེས་རབ་བྱམས་མ། གཤེན་རབ་རྣམ་པར་རྒྱལ་བ་བཅས་ནང་རྟེན་དུ་བཞེངས།  མ་ཚད་སྔོན་མའི་སྲོལ་རྒྱུན་བཞིན་རབ་བྱུང་གི་སྡེ་ལ་ཆེད་དུ་དམིགས་ནས་འཁོར་ཡུག་དང་ཆ་རྐྱེན་ལ་དམིགས་ནས་ལྗོངས་རིམ་པའི་རིག་དངོས་ཤུལ་བཞག་ཁང་སྨོན་རྒྱལ་བླ་བྲང་ཐེག་ཆེན་ནོར་འཁྱིལ་གླིང་དུ་ཀུན་མཁྱེན་ཤར་རྫ་པའི་སྲོལ་ལྟར་སྒྲུབ་གྲྭ་ཆེད་དུ་བཙུགས་ནས་ཐོག་མར་བློ་སྦྱོང་ཉམས་ལེན་གྱི་སྐོར་ནས་རབ་བྱུང་པ་གསོ་སྐྱོང་གནང་ནས་སྒྲུབ་ཐེངས་གསུམ་ཙམ་སྐྱོང་།

1518530243741738.jpeg

    དེ་རྗེས་སུ་སྒྲུབ་མཐར་སོན་རྗེས་ཐོས་པ་གསོག་འཇོག་གི་ཆེད་དུ་རྗེ་སྨན་རི་བའི་གསུང་འབུམ་བཞིན་མཚན་ཉིད་ཀྱི་སྡེ་གསར་དུ་དབུ་འཛུགས་ནས་དགོན་པའི་རབ་བྱུང་པ་རྣམས་སློབ་གནས་ཀྱི་གསོ་སྐྱོང་གནང་བར་མཛད་མོས་སུ་མཆིས། 

1518530243841443.jpeg

   འདི་ལོ་སྤྱི་ལོ་༢༠༡༧བོད་མེ་བྱ་ལོའི་ལོ་མཇུག་ཏུ་སྨོན་གཤེན་ནམ་མཁའ་དབང་ལྡན་རིན་པོ་ཆེའི་དགོངས་བཞེད་ཇི་བཞིན་སྒྲུབ་ཐེངས་བཞི་པ་བེ་དགོན་བསམ་གཏན་གླིང་དུ་འཛུགས་དགོས་པའི་བཀའ་ལྟར་གཟའ་སྐར་འཕྲོད་སྦྱོར་ལེགས་པའི་ཉིན་དེར་སྨོན་རྒྱལ་ནམ་མཁའ་དབང་ལྡན་རིན་པོ་ཆེ་སྐུ་དངོས་ཀྱི་སྒྲུབ་སྒོ་བསྡམས་ནས་སྐལ་པ་བཟང་པོའི་ངང་ནས་བེ་དགོན་བསམ་གཏན་གླིང་གི་ཐེངས་དང་པོའི་སྒྲུབ་གྲྭ་བ་བླ་མ་གྲྭ་པ་ཞལ་གྲངས་བཅུ་དངོས་སུ་དབུ་འཛུགས་ཡོད་པ་དང་བསྟུན།

1518530243951303.jpeg

   འདི་ལོ་རང་ཅག་༧སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༧སྨན་རི་མཁན་ཆེན་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་ཞིང་ཁམས་དུ་གཤེགས་པའི་མཆོད་འབུལ་ཆེད་དང་འབྲེལ་ཐོགས་ཀྱི་ཤི་གསོན་ཡོངས་ཀྱི་དགེ་རྩ་རུ་དམིགས་ནས་ཀུན་རིགས་ལས་བཞི་རྒྱུན་ལྔ་ཆ་བཅུ་གཉིས་ཙམ་བེ་དགོན་བསམ་གཏན་གླིང་དུ་མཆོད་སྤྲིན་རྒྱས་འབུལ་བྱས་པ་་དང་འཚོགས་མགོན་དུ་སྨོན་སྲས་རང་གྲོལ་ཉི་མ་རྒྱལ་མཚན་རིན་པོ་ཆེ་དབུས་པའི་བླ་གྲྭ་བོན་ཤེན་ལྔ་བཅུ་ལྷག་གིས་མཆོད་ཚོགས་རྒྱ་ཆེན་བསྐྲུན་པའོ། །

1518530243105974.jpeg

   མཇུག་ཏུ།  སྨོན་རྒྱལ་ནམ་མཁའ་དབང་ལྡན་རིན་པོ་ཆེའི་དབུ་འཛིན་མཛད་པའི་སྟེང་ཆེན་སྨོན་རྒྱལ་དཔྱད་བུ་ཁང་ནས་ཆེད་མཁས་ཀྱི་དཔྱད་བུ་སྨན་རྩིས་ཁང་གི་གདན་ཞུས་ལྷ་རྗེ་དང་རྫོང་གི་རྫོང་དཔོན་གཞོན་པ་བསོད་ནམ་ཉི་མ་ཆེད་དུ་ཕེབས་ནས་རང་རྫོང་ཁོངས་སུ་རིས་མེད་དགོན་སྡེའི་མཚམས་པ་གྲྭ་བཙུན་རྣམས་དང་རྒན་གསོ་ཁང་བཅས་སུ་སྨན་རྩིས་ཁང་ནས་ཆེད་དུ་རིན་མེད་ཀྱི་གཟུགས་པོ་བརྟག་དཔྱད་དང་བོད་སྨན་གྱི་སྦྱིན་པ་གཏོང་བའི་ལས་ཀ་གཉེར་བའི་མཚམས་སྦྱོར་མདོར་བསྡུས་ཙམ་དུ།

1518530243703010.jpeg

སྨོན་རྒྱལ་བཤད་གྲྭའི་ཚོགས་གཙོའི་མིང་ཙམ་ཁུར་བ་བསྟན་པ་སྨོན་ལམ་གྱིས་བྲིས།༢༠༡༨།༢།༡༠ཉིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།